Wednesday, November 30, 2011

མཚམས་ལ་བསྡད་པའི་ཉིན་དགུ་པ།

གསེར་མདོག་གིས་སྤྲད་པའི་སྟོན་གྱི་ལྗོན་ཤིང་
ཞོགས་པ་སྔར་བཞིན་ཆུ་ཚོད་བདུན་དང་ཕྱེད་ཀྱི་སྐབས་སུ་ལངས་ནས་སོ་དང་གདོང་པ་འཁྲུ་བ་སོགས་འཆར་ཅན་གྱི་ལས་ཀ་ཚར་ནས་ལྷ་ཁང་དུ་ཡོན་ཆབ་སོགས་ཕུལ། འོག་ཁང་ཐབ་ཚང་ནང་ནས་པདྨ་དང་བདེ་ཆེན་གཉིས་ནས་ཞོགས་ཟས་ཟ་ཆོག་ཆོག་བཟོས་འདུག་པས་སྟབས་བདེ་ཞིག་ཟོས་ནས་སྔར་བཞིན་སྔ་ཐུན་ལ་ཞུགས། དེ་རིང་གི་ཐུན་དེ་ཉིན་ཐ་མ་ཡིན་སྟབས་གཟབ་གཟབ་འདྲ་བྱེད་ཁུལ་བྱས། བསྐྱེད་རིམ་གྱི་ཟབ་ཁྲིད་རྣམས་སུ། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟེན་པ་སོགས་མང་པོ་ཞིག་གསུངས་ཀྱང་གསུངས་པ་ལྟར་དུ་ཇི་བཞིན་མ་ཤེས་ཀྱང་བསྐྱེད་རིམ་རང་རྒྱུད་པར་མ་གོལ་བར་གཉིས་སྣང་བདེན་མེད་སྤྲོས་བྲལ་གྱི་ངོ་བོར་འཇོག་གང་ཤེས་བྱས། ཉིན་གུང་ཟ་མ་སྟབས་བདེ་ཞིག་ཟོས་ནས་ཕྱི་ཐུན་ལ་སྔར་བཞིན་ཞུགས། དེ་རིང་གི་ཉིན་མོ་འདི་ངོས་ཀྱི་ལྷོད་དལ་ལྐོག་སུད་ཀྱི་མཚམས་ཉིན་ཐ་མ་དེ་ཡིན་སྟབས་ཕྱི་ཐུན་ཞོག་ཁར་རྡོ་རྗེ་ཕུར་པའི་དབང་ལེན་དང་གསོལ་སྐང་མདོར་བསྡུས་བཅས་ཀྱིས་ལྷོད་མཚམས་དེ་རེ་ཞིག་གྲོལ་བ་དང་མཉམ་དུ་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཀི་ལི་ཧྥོ་ཉ་ནས་ཡིན་པའི་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧེར་ཌི་དང་། དངུལ་གཉེར་སི་ཊི་ཧྥི་ནཻའི་གཉིས་རེད་འདུག ཁོང་གཉིས་ནས་དེ་རིང་ང་ཚོ་འཇམ་དབྱངས་ཆོས་འཁོར་གླིང་གི་ཚོགས་མི་རྣམས་འཚོགས་འདུ་བྱས་པ་ཡིན་ཁྱེད་རང་ག་དུས་ཀི་ལི་ཧྥོ་ཉ་ལ་འབྱོར་གྱི་ཡོད། ང་ཚོའི་ལག་དད་པས་ཁ་བཏགས་བཟུང་ནས་གནམ་ཐང་དུ་བསུ་བ་ལ་ཡོང་གི་ཡིན་ཞེས་ཕྱེད་ཞལ་ཤོབ་དང་སྦྲག་ནས་གསུངས་བྱུང་། ངོས་ནས་དེ་རིང་གཟའ་ལྷག་པར་རྩིས་པའི་གཟའ་སྤེན་པ་ཉིན་གུང་ཆུ་ཚོད་བཅུ་གཉིས་ལ་འབྱོར་གྱི་རེད་ཅེས་ཞུས་པས་ཁོང་ཚོ་དགའ་ཐག་ཆོད་སོང་། པདྨ་དང་བདེ་ཆེན་གཉིས་ལས་ཀར་གྲོལ་ཞིང་ནང་དུ་འབྱོར་ནས་དགོང་ཟས་སུ་རྒྱ་ཐུག་ཞིག་བཟོས་བྱུང་བས་སྐད་ཆ་འདྲ་མིན་བཤད་བཞིན་མཉམ་དུ་ཟོས་ནས་པདྨས་ངོས་ཀྱི་དྲྭ་རྒྱ་བསྒྱུར་བཅོས་གཏོང་སྟངས་སྐོར་བསླབ་བྱུང་། པདྨ་དང་བདེ་ཆེན་གཉིས་ནི་ལོ་ན་གཞོན་ཅིང་ཕོ་མཛངས་མོ་མཛེས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཚད་ལྡན་ཡོད་བོད་པའི་ཡ་རབས་བཟང་སྤྱོད་མ་ཉམས་པ་མ་ཟད་ཆོས་ལ་དད་འདུན་ཆེན་པོ་ཡོད་མཁན་ནང་མི་ཡག་པོ་ཞིག་ཡིན། ལྷག་པར་དུ་པདྨ་ཆོས་འཕེལ་ནི་དྲྭ་རྒྱའི་བཟོ་རྩལ་ལ་ཧ་ཅང་མཁས་པ་ཞིག་རེད་འདུག ལོ་གསུམ་གྱི་སྔོན་ནས་ད་ལྟ་ངོས་ཀྱི་དྲྭ་རྒྱ་དེ་ཁོང་ནས་བཟོས་པ་ཞིག་རེད། ཁོང་གཉིས་ནི་ངོས་ཀྱི་བློ་ཐུབ་པའི་ཆོས་གྲོགས་ཡིན་ལ་དམ་ཚིག་དང་ལྡན་པའི་དགེ་ཕྲུག་ཞིག་ཀྱང་ཡིན། དེ་ནས་ཉིན་ཐོའི་ཟིན་བྲིས་ཚར་བར་བྱས་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར། 

མཚམས་ལ་བསྡད་པའི་ཉིན་བརྒྱད་པ།

སྨན་འདམ་ལས་གྲུབ་པའི་སངས་རྒྱས་འོད་དཔག་མེད།
ཞོགས་པ་འཆར་ཅན་ལྟར་ཆུ་ཚོད་བདུན་པའི་སྐབས་སུ་ཡར་ལངས་ནས་སོ་དང་གདོང་པ་སོགས་འཁྲུ་བ་ནི་མི་ཚེ་འདི་ཡི་ཆ་ཤས་ཀྱི་ལས་ཀ་ཞིག་རེད། གཙང་ཁང་ནང་དུ་སོང་ནས་ཡན་ལག་བདུན་པ་སྐྱོར་བཞིན་མཆོད་པ་གཤམས། འོག་ཤོད་ཐབ་ཚང་ནང་དུ་སོང་ནས་པདྨ་དང་བདེ་ཆེན་གཉིས་ཀྱི་ལྷན་དུ་ཞོགས་ཟས་ལ་མཉམ་དུ་རོལ། བདེ་ཆེན་དང་པདྨ་གཉིས་ལས་ཀར་སོང་ཤུལ་ངོས་ལ་བསམ་བློ་འདི་འདྲ་ཞིག་འཁོར་སོང་། ཨ་རིར་མི་རྣམས་ཀྱིས་སོ་སོའི་ལྟོ་གོས་ཙམ་གྱི་དོན་དུ་མི་ཚེར་དཀའ་ལས་རྒྱག་སྟངས་འདི་འདྲ་བ་ཞིག་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདིར་དཀའ་ལས་རྒྱབ་པ་ཡིན་ན་གཞི་ནས་གུ་རུ་པདྨས་ཁ་ཕོ་ཆེན་པོའི་སྒོ་ནས། ང་ཡི་ཆོས་འདི་ཉིན་སྒོམ་ན་ཉིན་སངས་རྒྱ། ནུབ་སྒོམ་ན་ནུབ་སངས་རྒྱ། སྐལ་ལྡན་ལས་འཕྲོ་ཅན་རྣམས་སྒོམ་ཡང་མི་དགོས་པར་གྲོལ་བ་དྲུག་ལྡན་གྱི་སྒོ་ནས་སངས་རྒྱས་ཞེས་གསུངས་པའི་སངས་རྒྱས་ཀྱི་གོ་འཕངས་ཞེས་པ་དེ་ཡང་རྟ་ལམ་ཙམ་ཐག་རིང་ཞིག་ལ་འགྲོ་མི་དགོས་པར་ཧ་ཅང་ཐག་ཉེ་ས་ཞིག་ཏུ་ཡོད་པར་སྙམ།  དེ་ནས་སྔ་ཐུན་ལ། ཚར་ནས་བཞག་རྒྱུ་མེད་ཅིང་། སྒྲུབས་ནས་འགྲུབ་དུས་མེད་པའི་ཁ་འདོན་ནག་ལྷེབ་ལྷེབ་དེ་ཁ་ཕྱེས་ནས་རིམ་བཞིན་མཆོག་གླིང་གཏེར་གསར་ཐུགས་སྒྲུབ་རྣམ་གཉིས་ལས་བྱང་བསྡུས་པ་དང་། སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས། རྒྱུད་པདྨའི་སྙིང་པོ་སོགས་ནག་འགྲོས་སུ་བཏོན་ནས་ཆུ་ཚོད་གཅིག་ཙམ་ནང་ཚར་བར་བྱས། ཐུན་གྱི་དངོས་གཞི་གསང་ཐིག་ཕུར་པར་རང་ཤེས་གང་ནུས་བསྐྱེད་རྫོགས་ལ་ཞུགས་ཁུལ་བྱས་ནས་ཐུན་བཟུང་། ཐུན་མཚམས་ཀྱི་སྐབས་འབྲི་གུང་བ་བརྩོན་འགྲུས་ཀུན་དགའི་མདུན་ནས་གཡར་པོ་ཞུས་པའི་༧ གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་ལམ་རིམ་གྱི་ཁྲིད་ཡིག་འཇམ་དཔལ་ཞལ་ལུང་ལ་དཔེ་མཇལ་ཞུས་པས། ༼གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ༽ཞེས་པ་དེའི་ནང་གི་འཆི་བ་མི་རྟག་པའི་སྐོར་ལས། ༼དང་པོ་བླུན་རྨོངས་ལ་ལ་འཆི་བ་འོང་མི་འོང་གི་རྟོག་དཔྱོད་ཙམ་ཡང་མི་བྱེད་ལ། ཕལ་ཆེར་ནི་ནམ་ཞིག་འཆི་བ་འོང་སྙམ་པ་ཡོད་ཀྱང་མ་རྒས་ཀྱི་བར་དང་ལོ་ཟླ་ཞག་གྲངས་རེ་རེ་བཞིན་ནས་མི་འཆི་སྙམ་པའི་དབང་གིས་འཆི་ནད་ཀྱིས་ཐེབས་པའམ་ལོ་བརྒྱ་ཕྲག་ལོན་ཀྱང་རེ་ཞིག་གསོན་དུ་རེ་བའི་བསམ་པ་མངོན་གྱུར་དེས་དཔེར་ན་ཕྱོགས་གཞན་དུ་མི་འགྲོ་བར་བསྡོད་པའི་བློ་ཡོད་ན་འགྲོ་གྲབས་ཡེ་མི་བྱེད་པར་མཁར་རྩིག་པ་དང་སོ་ནམ་སོགས་ཀྱི་གཤོམ་ར་བྱེད་པ་བཞིན་ཚེ་འདིའི་འདུན་མ་འབའ་ཞིག་གི་དབང་དུ་འགྲོ་ལ། བསམ་པ་དེ་ལས་ལོག་སྟེ་སང་ཙམ་ཡང་མི་འཆི་བའི་ངེས་པ་མེད། ཟླ་བ་རྟིང་མའི་བརྒྱགས་གྲབས་བྱས་ཀྱང་དེ་ཡི་དུས་སུ་རང་ཉིད་ལུས་རྟེན་དང་དབྱིབས་མི་འདྲ་བ་རྭ་ཅོ་ཟིང་ངེ་བ་ཞིག་ཏུ་མི་སྐྱེ་བའི་ངེས་པ་ཅི་ཡོད་སྙམ་པའི་བློ་དུང་ངེ་བ་ཞིག་ཡོད་ཚེ།ཞེས་སོགས་གསུང་པའི་ཚིག་འདི་རྣམས་ཀྱིས་དངོས་ཡོད་རྟིང་བསྐུལ་བྱས་པའི་མི་རྟག་པའི་ལེགས་བཤད་གྱི་གཏམ་ཞིག་ཏུ་མཐོང་ནས་སེམས་ལ་ཧ་ཅང་ཕན་པོ་བྱུང་། ཁྲིད་ཡིག་དང་ལེགས་བཤད་སོགས་ལ་དཔེ་མཇལ་བྱེད་པའི་སྐབས་སུ་དབུ་ནས་ཞབས་སུ་བསྡུས་པའི་དོན་མཇལ་ཐེངས་གཅིག་གིས་ཁོང་དུ་ཆུད་མ་ཐུབ་ཀྱང་། བརྗོད་བྱའི་དོན་གལ་གནད་ཆེ་ཤོས་དེ་རྣམས་ཟུར་དུ་བླངས་ནས་དཔྱད་སྒོམ་རེ་བྱས་ན་ལུང་རྟོགས་ཀྱི་བསྟན་པའི་ཆ་ཤས་སུ་འགྲོ་བ་ནི་སྨོས་མ་དགོས་པ་རེད། ཉིན་གུང་ཟ་མ་སྟབས་བདེ་ཞིག་ཟོས་ནས་ཕྱི་ཐུན་ལ་ཞུགས་པས་འདིས་ཉིན་མོར་གནམ་གཤིས་ཧ་ཅང་ཡག་པོ་ཡོད་སྟབས་ཕྱི་ཡི་ཉི་མའི་ཟེར་དེ་ཉིད་སྒེའུ་ཁུང་བརྒྱུད་ནང་གི་མཆོད་ཁྲིའི་སྒང་དུ་ཕོག་ནས་མཆོད་པ་དང་སྐུ་འདྲ་སོགས་གཙང་སེང་ངེ། འོད་ཙེར་རེ་མིག་ལམ་དུ་མཐོང་བས་སེམས་ལའང་དགའ་བ་མི་འདྲ་བ་ཞིག་འདུག པདྨ་དང་བདེ་ཆེན་གཉིས་ལས་ཀར་སླེབས་ནས་ pizza ཞིག་ཉོས་འདུག་པས་མཉམ་ཟ་བྱས་ནས་ཞོར་དུ་ཨ་རིའི་སློབ་གྲྭའི་སྐོར་གློག་བརྙན། waiting for a superman ཞེས་པ་དེར་མཉམ་དུ་བལྟས་རྗེས་སུ་ཉོས་ནས་ལོ་བདུན་སོང་བའི་དཀའ་དྲིན་ཅན་གྱི་རྩིས་འཁོར་རྙིང་པ་གོག་ཏོ་དེ་ཁ་ཕྱེས་ནས་ཟིན་བྲིས་རྒྱབ་ནས་ཉལ་སར་སོང་ཞིང་འཛམ་གླིང་གི་སྒེའུ་ཁུང་ནས་ལྟ་ཙམ་བྱས་ནས་གཉིད་དུ་ཡུར། 

Monday, November 28, 2011

མཚམས་ལ་བསྡད་པའི་ཉིན་བདུན་པ།

རྒྱ་མཚོའི་འགྲམ་ནས་རྒྱབ་པའི་པར་ཞིག
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་སོ་དང་གདོང་པ་སོགས་བཀྲུས་ནས་ཡོན་ཆབ་ཕུལ་ཞིང་འོག་ཁང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། སྔ་ཐུན་ལ་ཞུགས་ནས་ཅུང་མ་འགོར་བར་ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་ངོས་ཀྱི་གྲོགས་པོ་མགོན་པོ་ལགས་རེད། བསྙེན་མཚམས་སྐབས་ཡིན་སྟབས་ཁ་པར་ལེན་ཐུབ་མ་སོང་། དེ་ནས་སྐར་ཆ་ཁ་ཤས་མཚམས་སུ་ཡང་སྐྱར་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཀ་ལི་ཧྥོ་ཉི་ཡ་རུ་བོད་རིགས་ཚོགས་པའི་རྒྱུན་ལས་བུ་མོ་བསོད་ནམས་ལགས་རེད་དེ་ཡི་ཁ་པར་ཡང་ལེན་ཐུབ་མ་སོང་བས་རྗེས་ནས་མོ་རང་གི་ལན་ཞིག་བཞག་ཡོད་པ་དེ་ནི་ཉིས་སྟོང་བཅུ་གཉིས་ལོར་ཟླ་བ་དང་པོར་ཀི་ལི་ཧྥོ་ཉའི་བོད་པ་རྣམས་ལ་ཆོས་བཤད་དགོས་ཞེས་པ་དེ་རེད་འདུག ཉིན་གུང་ཟ་མ་སྟབས་བདེ་ཞིག་ཟོས་ནས་ཕྱི་ཐུན་རུ་ཞུགས། དགོང་ཟས་སུ་བདེ་ཆེན་ལགས་ཀྱི་ཨ་མས་བཞག་པའི་ངོས་ཀྱི་ཟ་མ་དགའ་ཤོས་རྗེ་བཙུན་མི་ལའི་ཞལ་ལག་ཟྭ་སྐམ་པོ་ཞིག་ཡོད་པ་དེ་བཙོས་ནས་ཕིང་དང་ཤ་བཅས་མཉམ་བསྲེས་ཀྱིས་དགོང་ཟས་ཞིག་བཟོས། པདྨ་ནས་རྩམ་པ་རྫིས་སོང་བས་ཟྭ་ཐུག་དེ་དང་མཉམ་དུ་སྦག་ནས་ཟོས། བདེ་ཆེན་དང་པདྨ་གཉིས་ཟ་མ་དེར་ཧ་ཅང་དགའ་བོ་བྱས་སོང་། ཁོ་རང་གཉིས་ནས་ངོས་ལ་ཁྱོད་རང་ལག་བཅུད་ཆེ་བའི་མ་བྱན་རེད་འདུག་ཅེས་ཞལ་ཤོབ་དང་སྦྲག་ནས་གསུངས་སོང། དེ་ནས་ཟིན་བྲིས་གཏང་ཚར་ནས་ཉལ་སར་སོང་ནས་གཉིད་དུ་ཡུར་། 

Sunday, November 27, 2011

མཚམས་ལ་བསྡད་པའི་ཉིན་དྲུག་པ།

ཀི་ལི་ཧྥོ་ཉ་ཏ་ས་ཧ་ར་རུ་རྒྱབ་པའི་པར་ཞིག
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ཡར་ལང་ནས་སྔར་བཞིན་སོ་དང་གདོང་པ་སོགས་གཙང་མ་བྱས་ཞིང་གཙང་ཁང་ནང་དུ་སོང་ནས་མཆོད་སྤྲིན་འདོན་བཞིན་མཆོད་པ་གཤམས་ནས་འོག་ཤོད་དུ་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། དེ་ནས་སྔ་ཐུན་ལ་མཆོག་གླིང་གསང་ཐིག་ཕུར་པའི་སྔ་ཐུན་ལ་ཞུགས་ཤིང་རང་འཁོས་གང་ཡོད་བསྐྱེད་རྫོགས་ལ་རིག་པ་རྩེ་གཅིག་ཏུ་སྒྲིམ་ནས་མོས་བློ་བྱས་ནས་ཡོད་པའི་སྐབས་སུ་ཟུར་དེར་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཀི་ལི་ཧྥོ་ཉ་ནས་ངོས་ཀྱི་སློབ་མ་མི་རིགས་ཉི་ཧོང་ནས་ཡིན་པའི་ཆོས་ཚོགས་ཀྱི་མཆོད་དཔོན་ཨ་མ་སུ་སིང་རེད་འདུག བསྙེན་པ་ཟླ་བཞིན་པའི་སྐབས་ཡིན་སྟབས་ཁ་པར་ལེན་ཐུབ་མ་སོང་། ཉིན་གུང་ཟ་མ་རུ་སྔར་ཉིན་ཟོས་འཕྲོ་འབྲས་དང་ཚེ་རྡ་ལི་ཡོད་པ་དེ་ཚ་བོ་བྱས་ནས་ཟོས། ཕྱི་ཐུན་ལ་ཞུགས། དགོང་མོ་པདྨ་དང་བདེ་ཆེན་གཉིས་ནང་ལ་སླེབས་ནས་པདྨས་ཀྲིང་མོག་དང་ཚོད་མ་བཟོས་སོང་བས་དགོང་ཟས་ལ་རོལ་ནས་ཉིན་ཐོའི་ཟིན་བྲིས་ཚར་ནས་ཉལ་སར་སོང་ཞིང་འཛམ་གླིང་གི་སྒེའུ་ཁུང་ནས་རྒྱང་ལྟ་ཁྱུག་ཙམ་བྱས་གཉིད་དུ་ཡུར། 

མཚམས་ལ་བསྡད་པའི་ཉིན་ལྔ་པ།

དགོང་ཟས་སྐབས་སུ་བདེ་ཆེན་ཉེ་འབྲེལ་རྣམས་དང་ལྷན།


ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལང་ནས་འཆར་ཅན་ལྟར་སོ་དང་གདོང་པ་སོགས་ཁྲུས་ནས་མཆོད་པའི་སྤྲིན་གཟུངས་འདོན་བཞིན་ཡོན་ཆབ་སོགས་ཕུལ་ནས་མཆོད་པ་གཤམས། དེ་ནས་འོག་ཤོད་དུ་བབས་ནས་ཞོགས་ཟས་སྟབས་བདེར་ཞིག་ཟོས། དེ་རིང་གི་ཞོགས་ཐུན་སྐབས་སུ་ཟླ་བ་གཅིག་སྔོན་ཉི་ཡོག་ཏུ་ཡོད་པའི་གཏེར་བཏོན་འབར་བའི་རྡོ་རྗེའི་ཆོས་ཚོགས། ཀུན་བཟང་དཔལ་ཆེན་གླིང་ལ་བདེ་ཆེན་ཞིང་སྒྲབ་འཚོགས་པའི་སྐབས་སུ་གཏེར་ཆེན་འབར་བའི་རྡོ་རྗེ་སྐུ་གོང་མ་ནས་གཏེར་ནས་བཏོན་གནང་བའི་ཕུར་པའི་སྒྲུབ་ཐབས་སྟབས་བདེ་ཞིག་ཡོད་པ་དེ་བླ་མ་བཀྲ་སྟོབས་ལགས་ནས་ལུང་དང་བཅས་གནང་བྱུང་བའི་ཆོ་ག་དེ་ཉིད་ཀྱི་ཐོག་ནས་སྔ་ཐུན་ལ་ཞུགས། གཏེར་བཏོན་འབར་བའི་རྡོ་རྗེ་སྐུ་གོང་མ་ནི་ཁམས་ནང་ཆེན་སོགས་སུ་འཁྲུངས་པའི་གཏེར་བཏོན་ཚད་ལྡན་ཞིག་ཡིན་པ་དང་། ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དང་ཐུགས་འདྲིས་ཆེན་པོ་ཡིན་པ་ཞིག་རེད་འདུག ད་ལྟའི་ཡང་སྲིད་གཏེར་བཏོན་ཁོང་ནི་ཁམས་ནང་ཆེན་ནས་ཡིན་པ་དང་། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པས་ངོས་འཛིན་གནང་བ་ཞིག་རེད། དེང་སང་ཨ་རི་བཞུགས་ཡོད། ཉིན་གུང་ཞལ་ལག་པདྨ་ནས་རྒྱ་གར་གྱི་ཟ་མ་སྟབས་བདེ་ཞིག་བཟོས་སོང་བས་མཉམ་དུ་ཟོས་ནས་ཆོས་གྲོགས་པདྨ་དང་བདེ་ཆེན་གཉིས་དང་ལྷན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ནས་བཟོས་གནང་བའི་མི་ལ་རས་པའི་གློག་བརྙན་སྐད་གྲགས་ཅན་དེར་ལྟད་མོ་མཉམ་དུ་བལྟས་པས་གློག་བརྙན་གྱི་སྤུས་ཚད་དང་བཟོ་རྩལ་འཁྲབ་སྟོན་བྱེད་སའི་ས་ཆ་སོགས་ཧ་ཅང་ཡག་པོ་འདུག འཁྲབ་མཁན་ཐོས་པ་དགའ་དང་། གཡུང་སྟོན་ཁྲོ་རྒྱལ་ཡབ་ཡུམ་སོགས་ཚང་མ་ཨོ་རྒྱན་སྟོབས་རྒྱལ་ནང་མི་ཡིན་སྟབས་མཐོང་བའི་སྐབས་སུ་སེམས་ལ་ཚོར་བ་ཁྱད་མཚར་བོ་འདུག གང་ཡིན་ཟེར་ན་ངོས་ནས་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ངོ་ཤེས་པ་དང་མ་ཟད་འབྲེལ་འདྲིས་ཧ་ཅང་ཆེན་པོ་ཡོད་མཁན་ཡིན་པའི་སྟབས་ཀྱིས་རེད་འདུག དེ་ནས་རིམ་བཞིན་འབྲུག་པའི་གློག་བརྙན་༼ཆོས་དང་འཇིག་རྟེན་༽ ཞེས་པ་དེ་ཉིད་ལྟད་མོ་ལ་ཞུགས་ནས་ངོས་ཀྱི་ཕུར་པའི་ཕྱི་ཐུན་དེ་ཉིད་ཀྱང་གློག་བརྙན་དེ་རྣམས་ལ་བལྟས་ནས་དུས་ཚོད་རྫོགས་སོང་། དགོང་མོར་བདེ་ཆེན་ལགས་ཀྱི་སྤུན་མཆེད་བདེ་སྐྱིད་མིང་སྲིང་གཉིས་དང་བཅས་ཁོང་ཚོ་ཚང་མ་དགོང་ཟས་ལ་བཟོ་བ་ལ་བྲེལ། དགོང་ཟས་སུ་ངོས་ཀྱི་ཟ་མ་དགའ་ཤོས་མོག་མོག་ཞིམ་པོ་ཞིག་བཟོས་སོང་བས་དགོང་ཟས་སྐབས་སུ་་ང་ཡི་ཁ་དང་ཁོ་ཡི་སྣ་ཞེས་དོན་མེད་སྐུ་རེའི་སྐད་ཆ་དང་མང་པོ་ཞིག་བཤད་པ་མ་ཟད་ང་མ་གཏོགས་དེར་ཡོད་ཚང་མ་རྒྱ་གར་ལ་སྐྱེ་ཚར་བྱུང་བ་ཤ་སྟག་ཡིན་སྟབས་རྒྱ་གར་བོད་གཞུང་སློབ་གྲྭའི་སྐོར་སྐད་ཆ་མང་པོ་བཤད་སོང་བས་ངོས་ལ་དེ་ཡི་སྐོར་ཉམས་མྱོང་དང་རྒྱུས་མེད་ཙང་ཚིག་མཚམས་སུ་དགད་མོ་ཤོར་བའི་རོག་དན་ཙམ་ལས་གཞན་ཐབས་ཤེས་གང་ཡང་མི་འདུག དེ་ནས་དགོང་མོ་ཆུ་ཚོད་བཅུ་པ་ཙམ་ནས་རང་གི་ཁང་མིག་ཏུ་སོང་ནས་ཉིན་ཐོའི་ཟིན་བྲིས་ཚར་ནས་ཉལ་སར་སོང་

Friday, November 25, 2011

མཚམས་ལ་བསྡད་པའི་ཉིན་བཞི་པ།

མཛེས་སྡུག་ལྡན་པའི་སྟོན་གྱི་ཤིང་སྡོང་།
ཞོགས་པ་འཆར་ཅན་ལྟར་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་སོ་དང་གདོང་པ་སོགས་ཁྲུས་ནས་ཞོགས་ཐུན་ལ་ཞུགས་རྗེས་འོག་ཤོད་དུ་སོང་ནས་ཁར་སྔོན་སྐྱིད་རུང་བ་པད་རྒྱལ་ནས་གནང་བའི་རྩམ་པ་དེ་ཟོས། ལུས་རྩེད་འགྱིག་གཞོང་ནང་གློག་གིས་རྐང་འགྲོས་སྐར་མ་སུམ་ཅུ་ཙམ་བྱས་ནས་ཁྲུས་ཁང་ནང་དུ་སོང་ཞིང་གཟུགས་པོ་འཁྲུས་ཚར་རྗེས་སྔ་ཐུན་ལ་ཞུགས། དེ་རིང་གི་ཉིན་མོ་འདི་ནི་ལོ་གཅིག་ནང་ཨ་རིར་ཅ་དངོས་རིན་གོང་ཧ་ཅང་ཁེ་བོ་བྱེད་ནས་གཙོང་བའི་དུས་ཆེན་ཡིན་སྟབས་བདེ་ཆེན་དང་པདྨ་གཉིས་ཞོགས་པ་ཆུ་ཚོད་ལྔ་པ་ནས་ཚོང་ཁང་ལ་འགྲོ་ཚར་ནས་མེད། ཉིན་གུང་ཟ་མ་སྟབས་བདེ་ཞིག་བཟོས་ཡོད་པ་དེ་ཚ་བོ་བྱས་ནས་ཟོས། ཕྱི་ཐུན་ལ་ཞུགས། ཕྱི་ཐུན་འདི་ཡི་ཉིན་མོར་སེམས་ལ་དངས་གསལ་གྱི་རང་བཞིན་སྔ་ན་མེད་པ་ཞིག་འདུག་པ་དེ་ནི་ནམ་རྒྱུན་ཕུར་པའི་རྫོགས་རིམ་སྐབས། ༼རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་གཞོན་ནུའི་ངང་དུ་རྫོགས་ཤིང་། ངོ་བོ་སྟོང་ལ་རང་བཞིན་གསལ་བའི་སྣང་ཆ་རྣམས་དངོས་མེད་སྒྱུ་མ་ལྟ་བུ་རྟོགས་བྲལ་ཤར་གྲོལ་དུས་མཉམ་འོད་གསལ་གྱི་ངང་དུ་མཉམ་པར་བཞག་༽ཅེས་པའི་དོན་ལ་འཇོག་ཁུར་བྱས་ནས་ཐུན་ལ་ཞུགས། དགོང་མོ་ཆུ་ཚོད་བདུན་པའི་སྐབས་སུ་པདྨ་དང་བདེ་ཆེན་གཉིས་འབྱོར་ཅ་དངོས་མང་པོ་ཞིག་ཉོས་འདུག་པ་དེ་ནི་ཟླ་བ་རྗེས་མར་རྒྱ་གར་རྡོ་རྗེ་གདན་དུས་འཁོར་དབང་ཆེན་ལ་འགྲོ་བའི་སྐབས་སུ་སྤུན་མཆེད་རྣམས་ལ་རྔན་པ་ཡིན་གསུངས་ངོས་ལའང་ལག་འཛིན་རྩིས་འཁོར་ལས་སྒྲ་ཕྱི་རུ་གཏང་བྱེད་སྒྲ་འཛིན་འཁོར་སྒམ་ཆུང་ཆུང་ཞིག་ཉོས་ནས་སྤྲད་བྱུང་བས་ཧ་ཅང་དགའ་བོ་བྱུང་། གང་ཡིན་ཞེ་ན་ངོས་ཀྱི་ལག་འཛིན་རྩིས་འཁོར་འདི་ཉིས་སྟོང་བརྒྱད་ལོར་ཀི་ལོ་ཧྥོ་ཉ་རུ་ཉོས་ནས་ད་བར་ཐེངས་མ་ཁ་ཤས་ཞིག་ཏུ་སྐྱོན་ཆག་བྱུང་ནས་སྒྲ་སྐད་ཡག་པོ་ཞིག་མེད། རྩིས་འཕྲུལ་ལག་ཁྱེར་འདི་ནི་ངོས་ཀྱི་གསང་གྲོགས་ཡག་ཤོས་ཞིག་ཀྱང་ཡིན། དགོང་ཟས་སུ་སྟབས་བདེའི་འབྲས་དང་ཚེ་བཅས་ཟོས་ནས་ཡོའུ་ཏྲུའི་ནང་ནས་དབྱིན་ཇི་མང་པོ་ཞིག་ནས་བོད་ཀྱི་མི་མང་ལང་གླུའི་གཞས་གཏང་འདུག་པར་ཁྱུག་ཙམ་ཞིག་པདྨ་དང་བདེ་ཆེན་གཉིས་ལྷན་དུ་བལྟས་ནས་ཉིན་ཐོའི་ཟིན་བྲིས་འབྲི་བར་འགོ་བཙུགས། 

Thursday, November 24, 2011

མཚམས་ལ་བསྡད་པའི་ཉིན་གསུམ་པ།

རྒྱ་མཚོ་བྱིན་རླབས་བྱེད་བཞིནཔ།
ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་སྐབས་སུ་ལང་ནས་སོ་དང་གདོང་པ་ཁྲུས་ཞིང་མཆོད་ཁང་དུ་སོང་ནས་ཁ་འདོན་དང་ཞོར་དུ་མཆོད་པ་གཤམས་ནས་སྔ་ཐུན་བཟུང་། དེ་ནས་པདྨ་དང་བདེ་ཆེན་ལྷན་ཞོག་ཟས་ལ་མཉམ་དུ་རོལ་བཞིན་ཉིན་མོ་འདི་ཡི་ལོ་རྒྱུས་བགྲོ་གླེང་འགོ་ཚུགས། དེ་རིང་གི་ཉིན་མོ་འདི་ནི་ཨ་རིའི་དུས་ཆེན་དམིགས་བསལ་ཁྱད་པར་ཅན་thanksgiving ཞེས་པ་དེ་རེད། དུས་ཆེན་འདི་ནི་ལུང་པ་འདིར་མི་རིགས་གཞན་པའི་སྐྱབས་བཅོལ་བ་རྣམས་ཀྱིས་ཨ་རི་བ་རྣམས་ལ་ཐུགས་རྗེའི་ལེགས་འབུལ་གྱི་ཁ་ཟས་དང་བརྔན་པ་སོགས་སྤྲད་པའི་ཉིན་མོ་ཞིག་ཡིན། ཉིན་མོ་འདིར་turkey བོད་སྐད་དུ་བྱ་གག་ཞེས་པའི་ཉམ་ཆུང་གི་བྱ་རིགས་ས་ཡ་མང་པོ་ཞིག་བསད་ནས་ཕན་ཚུན་གྲོགས་པོ་གྲོགས་མོ་རྣམས་ལ་བརྔན་པ་སྟེར་སྲོལ་ཡོད་པའི་ཆེས་སྐྱི་གཡའ་བའི་དུས་ཆེན་ཞིག་ཡིན། བལ་ཡུལ་ནས་ལོ་ལྟར་བལ་པོ་རྣམས་ཀྱི་ལོ་གསར་སྐབས་སུ་བ་གླང་མང་པོ་ཞིག་སྲོག་བཅོད་ཀྱི་ཡོད་པས་ལུགས་སྲོལ་ཐ་ཆད་ཀྱི་དུས་སྟོན་འདི་རྣམས་ནི་ང་ཚོ་འགྲོ་བ་མི་རིགས་རྣམས་ཀྱི་སྤྱོད་སྟངས་མ་རབ་ཐ་ཤལ་ཞིག་ཏུ་བཏོན་ཀྱི་ཡོད། 
ཆུ་ཚོད་དགུ་པའི་སྐབས་སུ་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་ཨ་རིའི་རླུང་འཕྲིན་ཁང་ནས་༼ཆོས་རིགས་ཀྱི་ལེའུ་ཚན་༽ འཛིན་སྐྱོང་བ་ཨ་མ་ཀུན་བཟང་དབང་མོ་རེད་འདུག དེ་ནི་ཉིན་མ་གསུམ་གྱི་སྔོན་ནས་ངོས་ལ་དྲི་བ་གཏང་བའི་བདེ་ཆེན་ཞིང་སྒྲུབ་སྐོར་གྱི་འཕྲོ་དེ་རེད། དེ་ནས་ཨ་མའི་ཐུགས་འདོད་ལྟར་སྐར་མ་སུམ་བཅུ་ཙམ་ལ་བདེ་ཆེན་ཞིང་སྒྲུབས་ཀྱི་ཕན་ཡོན་དང་བརྒྱུད་རིམ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་སོགས་བྱས་ནས་ཐུན་ལ་འཇུག ཉིན་གུང་ཟ་མ་སྟབས་བདེ་ཞིག་ལ་རོལ་ནས་ཡང་སྐྱར་ཕྱི་ཐུན་བཟུང་། དགོང་ཟས་ལ་པདྨ་དང་བདེ་ཆེན་གཉིས་ནས་ཤ་དང་ཞོ་གོག་རྡོག་བཙོས་དང་མཉམ་དུ་རྩམ་པ་ཟོས་ནས་ཉིན་ཐོ་འབྲི་བའི་ལས་ལ་ཞུགས། ཅུང་མ་འགོར་བར་ཉལ་སར་སོང་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་ལྟ་ཙམ་བྱས་ནས་གཉིད་དུ་ཡུར།

Wednesday, November 23, 2011

མཚམས་ལ་བསྡད་པའི་ཉིན་གཉིས་པ།

མཐིང་མདོག་གི་མཁའ་ནས་འཕགས་པའི་སྟོན་ཤིང་།
ཞོགས་པ་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཡར་ལངས་ནས་སོ་དང་གདོང་པ་སོགས་ཁྲུས་ཤིང་། མཆོད་པའི་སྤྲིན་གཟུངས་འདོན་བཞིན་མཆོད་པ་བཤམས་ནས་བདེ་ཆེན་པདྨ་གཉིས་དང་ལྷན་དུ་ཞོགས་ཟས་གྲོ་ཆག་ཐུག་པ་ལ་རོལ། བདེ་ཆེན་དང་པདྨ་གཉིས་ལས་ཀར་སོང་། ངོས་ནས་གཟུགས་པོ་སྦྱང་བྱེད་གློག་གཞོང་གི་འགྱིག་ཐག་སྟེང་ནས་རྐང་འགྲོས་སྐར་མ་ཉི་ཤུ་ཙམ་ལ་བྱས་ནས་ཁྲུས་ཁང་ལ་སོང་ནས་གཟུགས་པོ་ཁྲུས་ནས་སྔ་ཐུན་བཟུང་། ཉིན་གུང་ཟ་མ་རུ་ཁར་ནུབ་ཐུག་ལྷག་དེ་དང་མཉམ་དུ་ཁམས་རི་བོ་ཆེ་ནས་ཡིན་པའི་ལྷག་པ་ཚེ་རིང་ནས་སྤྲད་པའི་ཁྲག་རྒྱུ་དེ་ལས་མཐོ་གང་ཙམ་བཅད་ཅིང་ཚ་གློག་ཏུ་བཅུག་ནས་ཚ་བོ་བཟོས་ཤིང་མཉམ་ཟ་བྱས། ཉིན་གུང་རྒྱབ་ལོགས་ཁ་པར་གྱིས་ཏིར་སྒྲ་ཞིག་ཡོད་པ་དེ་ནི་དབྱིན་ལན་དུ་ཡོད་པའི་ངོས་ཀྱི་ཚ་མོ་ཆུང་བ་བདེ་ཆེན་དབྱངས་སྐྱིད་རེད། མོ་རང་ནི་ཉིས་སྟོང་གཅིག་ལོར་རྒྱ་གར་ལ་ཡོང་ནས་བོད་གཞུང་སློབ་གྲྭར་སློབ་སྦྱོང་བྱས་ནས་འདི་ལོར་སི་ལ་ཀུར་སློབ་གྲྭ་རྩེ་ཕུད་ནང་ནས་ཡིག་རྒྱུགས་ཨང་གཉིས་པར་འཕྲོད་ནས་བོད་གཞུང་ནས་དབྱིན་ལན་ལ་སློབ་སྦྱོང་ལ་གཏང་བ་ཞིག་རེད། དགོང་མོར་པདྨ་དང་བདེ་ཆེན་གཉིས་ནས་ཟ་མ་བཟོ་བཞིན་ངོས་གསུམ་ནས་བོད་ཀྱི་གཞས་པ་སྐད་གྲགས་ཅན་ཤེར་བརྟན་སོགས་ཕོ་གསར་མོ་གསར་བཞིས་གཏང་བའི་༼མཐུན་སྒྲིལ་གྱི་རང་སྒྲ༽ཞེས་པའི་གཞས་ལ་ལྟས་མོ་ལྟ་བཞིན་དགོངས་ཟས་ལ་རོལ་ནས་མི་རིང་བར་སོ་སོའི་ཁང་པར་སོང་། ངོས་ནི་འཛམ་གླིང་གི་སྒེའུ་ཁུང་ནང་ནས་ལྟ་ཙམ་བྱས་ནས་ཉལ་སར་སོང་།

Tuesday, November 22, 2011

མཚམས་ལ་བསྡད་པའི་ཉིན་དང་པོ།

བཀའ་དྲིན་སུམ་ལྡན་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ།
ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་རྨི་ལམ་ཞིག་རྨིས་པ་དེ་ནི་ངོས་ཀྱི་རྩ་བའི་བླ་མ་བཀའ་དྲིན་འཁོར་མཐའ་བྲལ་བའི་སྐྱབས་རྗེ་བླ་རྒན་སངས་རྒྱས་བསྟན་འཛིན་ཁོང་རེད། རྨི་ལམ་དུ་ཨ་རི་ལྟ་བུའི་རྒྱལ་ཁབ་རེད་འདུག བླ་རྒན་རིན་པོ་ཆེར་དེང་དུས་གློག་བརྙན་ཁང་ལྟ་བུར་ཁང་པ་མི་གྲངས་ཁྲི་ཙམ་ཞིག་ཤོང་ཚད་ཅན་གྱི་ནང་དུ་གསུང་ཆོས་གྲ་སྒྲིག་བྱེད་བཞིན་འདུག གྲ་སྒྲིག་བྱེད་མཁན་གཙོ་བོ་ཤེས་རབ་གླིང་གི་གྲྭ་ཚང་རྣམས་རེད་འདུག ཁང་པ་དེར་ཕྱོགས་བཞིར་སྒོ་ཆེན་བཞི་ཡོད་འདུག ཁང་པའི་ནང་གི་གར་སྟེགས་ཀྱི་དབུས་སུ་ཁྲི་ཧ་ཅང་མཐོན་པོ་ཞིག་རྒྱབ་འདུག་པ་དེ་ནི་བླ་རྒན་རིན་པོ་ཆེའི་བཞུགས་ཁྲི་རེད། ངོས་ནས་བསམ་པར་བོད་ཀྱི་འབྲོག་པའི་བླ་མ་དབྱིན་སྐད་ཁྱོད་རང་ད་ལྟ་བསད་ཀྱི་ཡིན་ཟེར་ན་ཡང་དོན་ཧ་མི་གོ་བའི་བླ་མ་ཞིག་ཁྲི་ཆེན་པོ་འདི་ཡི་ཐོག་ནས་ག་རེ་གསུངས་ཡོང་ན་ཆོས་ཞུ་བ་མི་ག་ཚད་འཛོམས་ཡོང་ན་བསམ་ནས་སེམས་དངངས་སྐྲག་འདྲ་སྐྱེ་བཞིན་བླ་རྒན་རིན་པོ་ཆེར་ཕེབས་སྒུག་ཞུ་བཞིན་པའི་སྐབས་ཤར་སྒོའི་ནང་ནས་སྔར་སྐུ་གཟུགས་ཆུང་ཞིང་སྐམ་ལ་རེད་པའི་རྣམ་པ་ཅན་དེ་སྐུ་གཟུགས་སྟོབས་ཆེ་བ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་འདྲ་བ་གཡས་གཡོན་ནས་དགེ་འདུན་པ་ཁ་ཤས་ནས་སྐུ་སྐྱོལ་འབུལ་བཞིན་ཕེབས་སོང་། ངོས་ཧ་ཅང་དགའ་དྲག་ནས་རྒྱུགས་ཐེངས་གཅིག་གིས་བླ་མའི་འགྲམ་དུ་སོང་ནས་ཕྱག་ལག་ནས་སྐྱོར་བཞིན་བཞུགས་ཁྲིར་སྐྱེལ་མ་ཞུས་ནས་མར་མི་མང་ལ་ལྟས་དུས་ཚོགས་ཁང་མི་ཁྲི་གཅིག་ཙམ་གྱི་ཤོང་ཚད་ཅན་གྱི་ཁང་པ་དེ་མི་མང་རྣམས་ཀྱིས་ཡོངས་སུ་ཁེངས་འདུག མི་མང་ཤོས་དེ་བོད་རིགས་དང་། ཧི་མ་ལའི་རི་རྒྱུད་ཀྱི་མི་རིགས་ཀྱི་ཆས་འདྲ་བ་ཅན་མང་པོ་འདུག གཡས་ཕྱོགས་སུ་ཤེས་རབ་གླིང་གི་གྲྭ་ཚང་གཙོས་པའི་དགེ་འདུན་པ་བརྒྱ་ལྷག་ཙམ་ཞིག་འདུག གཡོན་ཕྱོགས་སུ་ཆས་གོས་སྔར་མཐོང་མ་མྱོང་བའི་མི་རིགས་དཀར་ནག་འདྲེས་མ་མང་པོ་འདུག ངས་མི་ཞིག་ལ་ཁྱེད་རང་ལུང་པ་གང་ནས་ཡིན་ཞེས་དྲིས་དུས། ཁོང་ནས་ང་ཚོ་གནོད་སྦྱིན་ཡུལ་ནས་ཡིན། ད་རེས་བླ་མ་འདི་ཡི་ཆོས་ཞུ་རུ་ཡོངས་བ་ཡིན་ཅེས་གསུངས་བྱུང་། དེ་འཕྲལ་གཉིད་ལས་སད་འདུག་པས་རྨི་ལམ་དེ་འཕྲོ་ལ་ཞེན་ཆགས་འདྲ་ཞིག་གིས་རྐྱེན་ནས་ཞོག་འདོན་དང་ཞོར་དུ་བཀའ་དྲིན་ཅན་གྱི་རྩ་བའི་བླ་རྒན་ཐུགས་རྗེ་ཅན་དེ་དྲན་ནས་བཟོད་རླག་མེད་པར་མིག་ཆུ་ཤོར་སོང་། དེ་ནི་ངོས་རང་ལ་མཚོན་ན་ལས་ཀ་གལ་ཆེན་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཆེ་གྲས་རིགས་ལ་ག་དུས་ཡིན་ན་ཡང་བླ་རྒན་རིན་པོ་ཆེ་རྨི་ལམ་དུ་མཇལ་བ་འཆར་ཅན་འདྲ་ཞིག་ཡིན། ལྷག་པར་དུ་དེ་རིང་ནས་བཟུང་སྟེ་ཕུར་པའི་བསྙེན་མཚམས་སུ་བདུན་ཕྲག་གཉིས་སུ་དམ་བཅའ་བྱས་པའི་ཉིན་དང་པོར་རྩ་བའི་བླ་མ་རྨི་ལམ་དུ་མཇལ་བ་དེ་ཞལ་བཞུགས་པའི་སྐབས་སུ་དངོས་སུ་ཞལ་མཇལ་བ་ལས་སེམས་ལ་དགའ་སྤྲོ་བ་ཆེ་བ་བྱུང་།
དེ་ནས་ཞོགས་ཇ་ཚར་བ་མཉམ་དུ་ཕུར་པའི་སྔ་ཐུན་བཟུང་ནས་ཕུར་བསྙེན་བསགས་ཞིང་རང་འཁོས་གང་ཤེས་བསྐྱེད་རྫོགས་སོགས་ལ་བརྩོན་ཁུལ་བྱས་འདི་ཉིན་མོ་བདེ་ཆེན་ལས་ཀ་ནས་དགོངས་ཞུ་བྱས་ནས་ཡོད་སྟབས་ངོས་ལ་ཉིན་གུང་ཟ་མ་རུ་ཚལ་དང་འབྲས་ཞིག་བཟོས་སོང་ཉིན་གུང་ཟ་མ་ཚར་ནས་ཡང་སྐྱར་ཕྱི་ཐུན་ལ་ཞུགས་ནས་དགོངས་ཐུན་སྐབས་སུ་གསོལ་ཁ་མདོར་བསྡུས་ཞིག་གཏང་། པདྨ་དང་བདེ་ཆེན་གཉིས་ནས་འཐེན་ཐུག་ཞིམ་པོ་བཀོལ་བྱུང་བས་དེ་ལ་རོལ་བཞིན་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་སྐད་ཆ་མང་དག་ཞིག་བཤད། དེ་ནི་བོད་པ་གང་དུ་འཛོམས་པའི་ས་གནས་དང་། མ་ཟད་དེང་སང་ཨ་རི་བའི་བོད་རིགས་རྣམས་ལ་ཟ་ཁང་དང་། སྤྲོ་སྐྱིད་ཤོ་རྒྱན་གང་གི་སྐབས་སུ་ཡིན་ནའང་ཉི་མ་འཕུལ་བྱས་འཆར་ཅན་གྱི་སྐད་གཅིག་པུ་དེ་ནི་བོད་ཀྱི་སྐོར་ཤ་སྟག་རེད། དེ་ནས་དྲྭ་ངོས་སུ་ཁྱུག་ཙམ་སོང་ནས་ཉལ་སར་སོང་།


Monday, November 21, 2011

ངལ་གསོ་བྱས་ནས་བསྡད་པ།

གསེར་མདོག་གི་ལོ་མས་སྤྲས་པའི་མཛེས་པའི་སྟོན་གྱི་ཤིང་སྡོང་།
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ཁྲུས་ཁང་ནང་དུ་སོང་ནས་གདོང་དང་སོ་སོགས་གཙང་མ་བྱས། པདྨ་ཆོས་འཕེལ་དང་བདེ་ཆེན་གཉིས་ལས་ཀར་མ་སོང་བའི་སྔོན་ནས་ང་ཚོ་ཞོགས་ཇ་མཉམ་དུ་ཟོས། ཁོ་རང་གཉིས་ལས་ཀར་ཐོན་པའི་སྐབས་སུ་ཁ་གཡང་སྨོན་ཚིག་གིས་ཕེབས་སྐྱེལ་ཞུས་ནས་ཐོག་ཁར་ཡོང་ཞིང་མཆོད་ཁང་ཆུང་ལ་དངས་ཤིང་གཙང་བའི་ནང་དུ་ནམ་རྒྱུན་ཆད་མེད་ཀྱི་ཁ་འདོན་ནག་ལྷེབ་ལྷེབ་དེ་ཆུ་ཚོད་གཅིག་ཙམ་ལ་ནང་ཐོན་པར་བྱས། དེ་ནས་ཞོག་ཇ་རུ་ཁ་སང་ཨ་ཕོ་པད་རྒྱལ་ལགས་ནས་སྤྲད་པའི་རྩམ་པ་དེ་ནས་བྱེ་ཐུག་འདྲ་བོ་ཞིག་བྱས་ནས་ཉུང་ཙམ་འཐུང་། དེ་ནས་ཐོག་ཏུ་ཡོངས་ནས་དྲ་རྒྱ་སོགས་འཛམ་གླིང་གི་སྒེའུ་ཁུང་ཚང་མ་ནས་ལྟ་ཙམ་བྱས་མཐར་ཨ་རིའི་རླུང་ཕྲིན་ཁང་ནས་བདུན་ཕྲག་གཅིག་སྔོན་ནས་པདྨ་ཆོས་འཕེལ་ངེད་གཉིས་ལ་འདིར་ཕྱོགས་ལ་བདེ་ཆེན་ཞིང་སྒྲུབས་དང་། ནང་ཆོས་ངོ་སྤྲོད་སོགས་དྲི་བ་དྲིས་ལན་དེ་གཏང་འདུག་པས་ཚར་གཅིག་ཉན། དེ་ནས་ཐབ་ཚང་ནང་དུ་སོང་ནས་ཕ་ཡུལ་ཁམས་རི་བོ་ཆེ་ནས་ཡིན་པའི་ལྷག་པ་ཚེ་རིང་ནས་ཉིན་གཉིས་སྔོན་ནས་སྤྲད་པའི་རྒྱུ་མ་དེ་གྲང་གློག་ལས་བཏོན་ཅིང་དུམ་བུ་ཞིག་བཅད་ནས་ཚ་བོ་བྱས་ནས་ཟོས་ཀྱང་རྒྱུ་མ་དེ་ཁྲག་རྒྱུ་རྐྱང་རྐྱང་ལས་ཤ་རྡོག་གཅིག་མེད་སྟབས་ཞིམ་པོ་དེ་ཙམ་མ་བྱུང་། དེ་ནས་ཁ་པར་གྱིས་ཏིར་སྒྲ་ཡོད་པ་དེ་ལ་བལྟས་དུས་ཀི་ལི་ཧྥོ་ཉ་ནས་ཡིན་པའི་ངོས་ཀྱི་སློབ་མ་ཞིག་རེད་འདུག ཁོ་རང་ནས་གསུངས་པ་ལྟར་དུ་བྱས་ན་ཟླ་བ་འདི་ཡི་ཚེས་པ་ཉེར་དྲུག་ལ་ཆོས་བཤད་རྒྱའི་མཛད་རིམ་གྲ་སྒྲིག་བྱས་ཡོད་ཅེས་གསུངས་སོང་། ངོས་ནས་གནས་སྐབས་སུ་མཛད་འཆར་དེ་ཕྱི་འཐེན་གནང་རོག་ངོས་བདུན་ཕྲག་གཉིས་རིང་པདྨ་དང་བདེ་ཆེན་ནང་དུ་ལྷོད་མཚམས་ལ་བསྡད་རྒྱུའི་འཆར་གཞི་བྱས་ཚར་བ་ཡིན་ཞེས་བརྗོད། དེ་ནས་པདྨ་དང་བདེ་ཆེན་གཉིས་ལས་ཀར་གྲོལ་ནས་ངོས་གསུམ་པོའི་དགོངས་ཟས་སྟབས་བདེར་ཞིག་ལ་མཉམ་དུ་རོལ་ནས་དེ་རིང་གི་ཟིན་བྲིས་འབྲི་བའི་སྟ་གོན་ལ་བྲེལ། ཟིན་བྲིས་ཚར་ནས་ཆུ་ཚོད་བཅུ་པའི་སྐབས་སུ་ནམ་རྒྱུན་ངོས་ཀྱི་དགེ་སྦྱོར་དེར་ཞུགས་ནས་ཉལ། 

བདེ་ཆེན་ཞིང་སྒྲུབ་ཉིན་ཐ་མ་ཚོགས་འཁོར་དང་བཅས་པས་གྲོལ།

བདེ་ཆེན་ཞིང་སྒྲུབ་དང་སྤྱོད་འཇུག་ཆོས་ཞུ་བ་རྣམས་དང་ལྷན།
ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཀའི་སྐབས་སུ་དེང་རི་བ་དད་ལྡན་ཨ་མ་སྐལ་ལྡན་ནང་ལ་སོང་། དེ་ནི་ཨ་མ་དེ་ཡི་བདུན་ཕྲག་གཅིག་སྔོན་ནས་སྟ་གོན་བྱས་པའི་མོ་རང་ནས་དགེ་བསྙེན་གྱི་སྡོམ་པ་ཞུ་རྒྱུ་དང་། ནང་ལ་ཁྲུས་གསོལ་རྗེས་སུ་ཉིན་གུང་ཟ་མ་མཉམ་བཟའ་རྒྱུ་དེ་ཡིན། ཨ་མ་ནི་ངོས་ནས་ཆོས་ནམ་བཤད་ཀྱང་ཆད་མེད་དུ་ཡོང་མཁན་ཞིག་དང་མ་ཟད་ཕར་ལྟས་ཚོད་ལ་ཕྱི་མ་སྨིན་ནང་སྨིན་པའི་ཆོས་པ་ཚད་ལྡན་ཞིག་ཏུ་མཐོང་། ཨ་མར་དགེ་བསྙེན་གྱི་སྡོམ་པ་གནང་བའི་སྐབས་བའི་སུ་ཨ་མས་ཕྱེད་ཀ་གོ་ལ་ཕྱེད་མ་གོ་བའི་དེང་རིའི་ཡུལ་སྐད་དང་བསྲེས་ནས་ངོས་ལ་མོ་རང་ནས་ཉམས་ལེན་བྱས་སྟངས་སོགས་རྟོགས་འབུལ་གྱི་ཚུལ་དུ་ཤབ་ཤུབ་བཤད་བྱུང་བས་ངོས་ཀྱི་ཆོས་གྲོགས་པདྨ་དང་བདེ་ཆེན་གཉིས་ཀྱང་ཟུར་དུ་ཡོད་སྟབས་པདྨ་རང་དབང་མེད་པར་མིག་ནས་མཆི་མ་བཏོན་བཞིན་འདུག བདེ་ཆེན་ནས་དེང་དུས་ཕྱི་རྒྱལ་བའི་ལུགས་སྲོལ་ལྟར་མ་ངུ་ཞེས་པའི་བརྡ་ཡིས་པདྨ་ལ་སེམས་གསོའི་ཚུལ་དུ་རྒྱབ་ལ་བྱུག་བྱུག་བྱེད་ཀྱི་འདུག རྗེས་ནས་ངས་པདྨར་མཚར་རྩེད་དང་སྦྲག་སྐད་ཆ་དྲིས་དུས་ཁོང་ནས་ཨ་མ་སྐལ་ལྡན་གྱི་ཆོས་ཀྱི་སྤྱོད་ལམ་ཁུར་སྟངས་དང་དད་པ་སོགས་ལ་ཡི་རང་སྐྱེ་ནས་མིག་ནས་མཆིལ་མ་ཤོར་སོང་ཞེས་གསུངས་སོང་། རིམ་བཞིན་ཨ་མར་ཡོངས་རྫོགས་དང་། སྣ་འགའ། སྣ་གཅིག་གི་དགེ་བསྙེན་སོགས་ངོ་སྤྲོད་དང་སྦྲག་ནས་དགེ་བསྙེན་གྱི་སྡོམ་པ་བཟུང་བཅུག དེ་ནས་མོ་རང་རེ་བ་ལྟར་དུ་ཐོག་ཁར་ལྷ་ཁང་གི་ཚུལ་དུ་ཁང་པ་ཆུང་ཆུང་ཞིག་ཡོད་པར་དེར་བརྟེན་ལ་ལྷ་ཁྲུས་དང་རིམ་བཞིན་མི་ནོར་ཁང་པ་སོགས་ཁྲུས་དང་རབ་གནས་སོགས་བྱེད་ཁུལ་བྱས། ཉིན་གུང་ཟ་མ་རུ་ཤ་བག་ལེབ་དང་། འབྲས་ལྡ་ལི་སོགས་རྒྱ་བོད་ཀྱི་ཟས་རིགས་འདྲ་མིན་ལ་རོལ་ནས་བོད་ཁང་ལ་སོང་། ཉིན་གུང་རྒྱབ་ལོགས་ཆུ་ཚོད་གཉིས་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབས་ཆོ་ག་ཚར་གཅིག་བཏོན་ནས་ཚོགས་ཀྱི་ཕན་ཡོན་དང་། ཚོགས་དང་ཚོགས་འཁོར་གཉིས་ཀྱི་ཁྱད་པར་མཁས་གྲུབ་ཆེན་པོ་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུང་གི་ཚིག་ཁ་ཤས་ཞིག་ལུང་དུ་དྲངས་ནས་ཆོས་བཤད་མདོར་བསྡུས་ཞིག་གིས་ཚོགས་ལ་འཇུག ཆོ་གའི་བླ་མ་དང་། འདོན་པའི་དབུ་མཛད། ཆོས་བཤད་ཀྱི་མཁན་པོ་སོགས་ཚང་མ་ང་རང་ནས་བྱེད་དགོས་སྟབས་དཀའ་ངལ་ཧ་ཅང་ཆེ་ཡང་བདེ་ཆེན་ཞིང་སྒྲུབ་ཉིན་ཐ་མར་བསམ་ནས་བཟོད་སྲན་བྱས། འདོན་པ་ཚར་བ་དང་མཉམ་དུ་ཆོས་ཞུ་བ་བོད་རིགས་རྣམས་ཀྱི་རེ་འདོད་ལྟར་ཉིན་གྲངས་ཧྲིལ་པོ་བརྒྱད་རིང་ཆོས་བཤད་བགྱིས་པ་ལ་གཏང་རག་གི་མནྡལ་དང་མཇལ་དར་སྐུ་ཡོན་སོགས་ཕུལ་ནས་ཆོས་ཞུ་བ་ལྷན་སྐུ་པར་མཉམ་སྒྲོན་དང་བཅས་འདི་ལོའི་ཆོས་ཀྱི་མཛད་སྒོ་རྣམས་བཀྲ་ཤིས་བདེ་ལེགས་ཀྱིས་རྒྱལ་ཁའི་ངང་ནས་གྲོལ། 
དེ་ནས་པདྨ་ཆོས་འཕེལ་དང་བདེ་ཆེན་དཔལ་མཚོ་ངེད་གསུམ་དད་ལྡན་ཨ་ཅ་ཚེ་བརྟན་སྒྲོལ་དཀར་ནང་དུ་དགོང་ཟས་ལ་སོང་བས་དེར་ཁོ་རང་ཚོའི་ནང་མི་སྤུན་མཆེད་མང་དག་ཞིག་གིས་ལག་ཏུ་དར་བཅས་སྒུག་འདུག མོ་རང་འདོད་པ་ལྟར་ཐོག་ཁར་ལྷ་ཁང་ཆུང་ཆུང་ཞིག་ཡོད་པའི་ནང་དུ་སོང་ནས་སྐུ་གསུང་ཐུགས་རྟེན་རྣམས་ལ་ཁྲུས་གསོལ་དང་། རིམ་བཞིན་མི་ཁང་ནོར་སོགས་ལ་ཁྲུས་དང་རབ་གནས་སོགས་བྱེད་དགོས་པ་ནི་བོད་མིའི་ཁྱིམ་ཚང་ཞིག་ལ་སོང་ནས་བཟུང་ངོས་ཀྱི་ཆར་ཅན་དམིགས་བསལ་གྱི་ཞོར་ལས་ཞིག་ཡིན་པས་དེ་ལ་དཀའ་སྣང་དང་འཚེར་བ་སོགས་གང་ཡང་མེད། དེ་ནས་དགུང་མོ་ཆུ་ཚོད་བཅུ་པ་ཙམ་གྱི་སྐབས་སུ་ཁྱིམ་ནང་ལ་གཞི་ནས་འབྱོར་སོང་བས་ངོས་ནི་ཐང་ཆད་ནས་ཉལ་སར་ལྟ་ཙམ་ལྟ་ཙམ་བྱས་ཀྱང་གྲོགས་པདྨ་དང་བདེ་ཆེན་གཉིས་ལ་དཀའ་ལས་ཁ་བའི་ཉམས་ཙམ་ཡང་མེད་པར་དེ་རིང་སོང་ཟིན་པའི་ཆོས་ཀྱི་ལས་ཀ་དང་། མི་ཡི་སྐད་ཆ་བཤད་སྟངས་སོགས་རྗེས་ཟློས་སོགས་བྱེད་ནས་སྐར་མ་ཁ་ཤས་བསྡད་ནས་མལ་སར་སོང་། 

Saturday, November 19, 2011

བདེ་ཆེན་ཞིང་སྒྲུབ་དང་སྤྱོད་འཇུག་ཆོས་ཁྲིད།



སྔར་ལོའི་བདེ་ཆེན་ཞིང་སྒྲུབ་མཚམས་པ་རྣམས་ཀྱི་པར
ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ལངས་ནས་ཤེས་རབ་སྐལ་ལྡན་དང་མཉམ་དུ་བོད་ཁང་ལ་སོང་། དེ་ནི་བདུན་ཕྲག་རེ་རེའི་ནང་གི་ཆར་ཅན་གཟའ་སྤེན་པ་དང་། ཉི་མའི་བདེ་ཆེན་ཞིང་སྒྲུབ་དེ་ཡིན། བོད་ཁང་དུ་ཆུ་ཚོད་བདུན་པའི་སྐབས་སུ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པའི་ཕན་ཡོན་གྱི་འགྲེལ་བཤད་གྲུབ་མཚམས་གསོ་སྦྱོང་ཞུ་མཁན་སྐྱ་སེར་སུམ་བཅུ་ཙམ་ལ་གསོ་སྦྱོང་གི་སྡོམ་པ་གནང་ཞིང་དེ་ནས་རིམ་གྱིས་ཞོག་ཇའི་རྗེས་ནས་བདེ་ཆེན་ཞིང་སྒྲུབ་ཆོ་ག་དངོས་གཞི་ལ་འཇུག་ནས་ཆོ་ག་དང་འདོན་སྒོམ་དང་སྦྲག་བར་མཚམས་སུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་བྱེད་བཞིན་ཉིན་གུང་ཞལ་ལག་སྔོན་ནས་ཆོ་ག་ཚར་གཅིག་ཚར་བར་བྱས། ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀའི་ཐོག་བདུན་ཕྲག་སྔོན་མའི་ཆོས་ཁྲིད་འཕྲོ་སྤྱོད་འཇུག་ལེའུ་ལྔ་པ་ཤེས་བཞིན་གྱི་ལེའུ་མ་རྫོགས་བར་ཁྲིད་ནས་མཐར་དྲི་བ་དྲིས་ལན་སོགས་མང་པོ་བྱས། ཆོས་ཐུན་གྲུབ་ནས་པདྨ་དང་བདེ་ཆེན་གཉིས་ཀྱི་ནང་དུ་སླེབས། ངོས་ནས་ནམ་རྒྱུན་བདེ་ཆེན་ཞིང་སྒྲུབ་འཚོགས་པའི་སྐབས་སུ་དམར་ཟས་སྤངས་བ་མ་ཟད་དགོང་ཟས་ཀྱང་མི་ཟ་ཡང་བྲོད་གོག་ལྟོགས་པའི་ཚོར་སྣང་གཏན་ནས་མེད།

Friday, November 18, 2011

སྔོན་འགྲོ་འབུམ་བཞིའི་ཆོས་ཁྲིད་བྱས་པ།

ངོས་ཀྱི་བོད་རིགས་དགེ་ཕྲུག་ཏུ་གཏོགས་པའི་དད་ལྡན་གཉའ་ནང་པ་ཤེས་རབ་སྐལ་ལྡན་དང་། རིན་ཆེན་ཚོགས་གཉིས་ཀྱི་འདོད་མོས་ལྟར་སྔོན་འགྲོ་འབུམ་བཞིའི་སྐོར་ཆོས་བཤད་གང་དྲག་བྱས་པས་ཁོང་གཉིས་ཧ་ཅང་དགའ་བོ་བྱུང་སོང་། ཆོས་བཤད་པའི་སྐབས་སུ་ཡུལ་ལ་ཕན་ཐོག་མིན་ལ་མ་ལྟོས་པར་ངོས་རང་ལ་གང་ཤེས་བཤད་སྒོམ་དང་སྦྲག་ནས་ཡོང་དུས་རང་གི་སེམས་ལ་ཧ་ཅང་ཕན་པོ་འདུག དེང་སང་བོད་ཀྱི་ནང་ཆོས་འདི་ཕྱི་རྒྱལ་སོགས་ཡུལ་གྲུ་མང་པོ་ཞིག་ལ་ཉིན་རེ་བཞིན་དུ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་འདིར་ཕྱི་རྒྱལ་བ་མང་པོ་ཞིག་ནས་ཐུན་མོང་ལམ་སྦྱང་གང་ཡང་བྱེད་མ་དགོས་པར་དང་པོ་ཉིད་ནས་གསང་སྔགས་དང་རྫོགས་ཆེན་ཞེས་དགའ་མོས་བྱེད་ས་ཞིག་ཏུ་གྱུར་ཡོད། དོན་ངོ་མའི་ཐོག་ནས་བསམ་བློ་གཏང་ན་༼ཆོས་༽ཞེས་པའི་ཚིག་གཅིག་པོ་འདི་ལ་བསམ་བློ་ཡག་པོ་ཞིག་མ་གཏང་བའི་སྐྱོན་ཆ་ཆེན་པོ་ཞིག་ཏུ་མཐོང་གི་འདུག ཆོས་ཞེས་པའི་དོན་དེ་ཉིད་རང་གི་བློ་མ་རུང་བ་འདི་ཉིད་དགེ་བའི་ཕྱོགས་སུ་འཁྲིད་མཁན་ཞིག་ཡིན་པར་ངོས་འཛིན་བྱས་ནས་གཞི་ནས་ལམ་དེ་ལ་རང་སྟོབས་ཀྱིས་འཇུག་འདོད་ཀྱི་བློ་སྐྱེ་ན་འགྲོ་སྟངས་ཚད་ལྡན་ཞིག་ཏུ་རེད། དེ་མ་ཡིན་པར་དེང་དུས་ཆོས་བཤད་མཁན་གྱི་བླ་མ་རྣམ་པས་ཀྱང་དང་པོ་ཐུན་མོང་སྔོན་འགྲོའི་ལམ་སྦྱང་ཙམ་ཡང་མེད་པའི་མགོ་སེར་དང་མགོ་ནག་སོགས་ཕྱི་རྒྱལ་བ་རྣམས་ལ་དང་པོ་ཉིད་ནས་ཁ་ཕོ་ཆེན་པོའི་གསང་སྔགས་དང་རྫོགས་ཆེན་སོགས་མཐོ་བཤད་གནང་ནས་དབང་བསྐུར་དང་སྦྱིན་བསྲེག་སོགས་ལས་བཞི་གང་རུང་ཞིག་ལ་འཇུག་ནས་དེ་ཉིད་ལ་ཆོས་ཡང་དག་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་སྤྱོད་འཇུག་ལས་གསུངས་པ་ལྟར། "མདོ་དང་སྔགས་ཀྱིས་འདྲིད་མི་བྱ།" ཞེས་པ་ལྟར་གསང་སྔགས་ཀྱི་ཆོས་འདི་ཉིད་ལའང་དགོངས་ལྡེམ་དགོངས་བཞི་ཡི་འགྲོས་ཙམ་ཡང་མ་རྟོགས་པར་ལམ་སང་གང་ཐོད་ཐོད་བྱུང་རྒྱལ་དུ་བསྟན་ན་ཕན་ལས་གནོད་ཆེ་བར་ངེས།
ངོས་ལ་ལོ་རྒྱུས་ཞིག་བཤད་རྒྱུ་ཡོད། ཉིས་སྟོང་བདུན་ལོར་ཐེངས་དང་པོ་ང་ཨ་རི་ལ་ཡོངས་བའི་སྐབས་སུ་མ་ལེ་ཤ་ནས་ཡིན་པའི་མི་ཚང་སྐྱེ་དམན་ཞིག་ནང་གནས་ཚང་བྱས་ནས་ཉིའུ་ཡོག་ལ་བསྡད་པ་ཡིན། སྐྱེ་དམན་དེས་ཉི་མ་གཅིག་ང་ལ་དཀའ་ངལ་ཆེན་པོ་ཞིག་ཡོད། ཁྱེད་རང་ནས་ང་ལ་རོག་པ་བྱེད་རོགས་ཞེས་ཟེར། ངས་ཁྱོད་རང་དཀའ་ངལ་ག་རེ་འདུག་ཞེས་དྲིས་པ་ཡིན། མོ་རང་ནས་ཟེར་ན་ང་གི་གཟའ་ཟླ་དེ་ཕ་ཡུལ་ཧོང་ཀོང་ནས་ཡིན་པའི་རྒྱ་རིགས་ཞིག་ཡིན། ཁོས་ང་གཡུགས་ནས་རྒྱ་ནག་ནས་སླེབས་པའི་བུ་མོ་ལོ་ཆུང་ཞིག་མཉམ་དུ་འགྲོ་སོང་། ང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་ཕྲུག་གུ་གསུམ་ཡོད་ངས་ཉིན་མ་རྟག་པར་ཁོ་རང་དྲན་གྱི་འདུག ང་ལོ་སྔོན་མར་མ་ལེ་ཞ་རུ་ངོས་ཀྱི་ཨ་མ་ལ་ལྟ་སྐོར་ལ་ཕྱིན་པ་ཡིན། སྐབས་དེ་དུས་ང་ཡི་གྲོགས་མོ་ལ་ང་ཡི་དཀའ་ངལ་ཚང་མ་བཤད་པ་ཡིན་མོ་རང་ནས་བོད་ཀྱི་བླ་མ་ཞིག་དང་ངོ་སྤྲོད་བྱས་སོང་། ངས་དེའི་སྐོར་བླ་མ་དེ་ལ་ཆ་ཚང་སྐྱབས་འཇུག་ཞུས་པ་ཡིན། བླ་མས་གསུངས་ན་དེ་ལས་སླ་བོ་རེད་བོད་ཀྱི་གསང་སྔགས་ཀྱི་ཆོས་འདི་ཧ་ཅང་ནུས་པ་ཆེན་པོ་རེད། ཁྱད་པར་དུ་ལྷ་མོ་ཀུ་རུ་ཀུ་ལེ་འདི་ཁྱོད་རང་གང་བསམ་པ་ཙམ་གྱིས་སྐད་ཅིག་ཉིད་ལ་དབང་དུ་བསྡུ་ཐུབ་མཁན་གྱི་ལྷ་རེད་། དེ་རིང་ངས་དབང་ལུང་དང་བྱིན་རླབས་སོགས་བྱེད་ཀྱི་ཡིན་གསུངས་ནས་ལྷ་མོ་རིག་བྱེད་མའི་བསྙེན་པའི་དབང་ལུང་དང་འདི་རྣམས་སྤྲད་སོང་ཟེར་ནས་ལྷ་མོ་རིག་བྱེད་མའི་སྐུ་པར་ཞིག་དང་། བླ་མ་ཁོང་གི་པར་ལྷ་ཀུ་རུ་ཀུ་ལེའི་སྔགས་ལག་པས་བྲིས་པ་ཞིག་བཅས་བསྟེན་སོང་། བླ་མ་དེས་གསུངས་པ་ལྟར་དུ་བྱས་ན་བསྙེན་པ་འདི་ཧ་ཅང་ནས་ཀྱང་རྩ་ཆེན་པོ་རེད་ཁྱོད་རང་བདུན་ཕྲག་གཅིག་ལས་མ་གཏོགས་འདོན་མི་དགོས་ཁྱེད་རང་གི་གཟའ་ཟླ་རང་དབང་མེད་པར་ཁྱེད་རང་སར་ཡོང་གི་རེད། ངས་མོ་རང་ལ་ཁྱོད་རང་བསྙེན་པ་ག་ཚད་བཏོན་པ་ཡིན་ཟེར་དྲིས་དུས། མོ་རང་ནས་གསུངས་ན་དང་པོ་བླ་མས་གསུངས་པ་ལྟར་དུ་ལས་ཀ་ནས་དགོངས་པ་ཞུས་ནས་བདུན་ཕྲག་གཅིག་ལ་མཚམས་ལ་བསྡད་ནས་བཏོན་པ་ཡིན་ཀྱང་། གཟའ་ཟླ་ལ་ཡོང་རྒྱུ་དེ་ཕར་ཞོག་དེ་སྔོན་མཚམས་མཚམས་ལ་ཁ་པར་གཏང་གི་རེད་དེ་ནས་བཟུང་སྟེ་ཁ་པར་ཡང་གོ་རྒྱུ་མི་འདུག་ཟེར། ཡང་སྐྱར་ལས་ཀ་ནས་དགོངས་པ་ཞུས་ནས་བདུན་ཕྲག་གཅིག་ལ་བཏོན་པ་ཡིན་ཀྱང་གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག་ཟེར། དེ་ནས་ལས་ཀ་ལས་དགོངས་པ་རག་ཁག་པོ་འདུག་འགྲོ་ཞོར་འདུག་ཞོར་ཕན་ཚུན་བསྡོམ་ན་ཟླ་བ་གཅིག་ལྷག་བཏོན་པ་ཡིན་ཀྱང་འབྲས་བུ་གང་ཡང་བྱུང་མ་སོང་། ཉིན་མ་གཅིག་ལ་ངས་ལྷ་མོ་རིག་བྱེད་མའི་སྐུ་པར་དེ་ལ་བལྟས་ནས། འདི་ལྟར་ཞུས་པ་ཡིན། ངས་ཁྱེད་རང་ཟླ་བ་གཉིས་ཙམ་བཏོན་པ་ཡིན་ད་ང་ཡི་ཆོ་ག་དེ་ག་བར་འདུག་གསུངས་རོག་དང་ཟེར་ནས་སྐད་ཤུགས་ཆེན་པོའི་ངུས་པ་ཡིན་ཀྱང་འཇམ་ཐིང་ཐིང་རེད། ཉིན་གཅིག་ང་སེམས་མ་དགའ་བ་ཞིག་བྱུང་སོང་བས་ལྷ་མོ་འོད་ཟེར་ཅན་མའི་པར་དང་བླ་མའི་སྐུ་པར་དང་སྔགས་བྲིས་ཡོད་པའི་ཤོག་ལྷེ་དེ་རྣམས་མཉམ་དུ་མེ་ལ་བསྲེགས་པ་ཡིན་ཟེར། ང་ནི་སྐྱེ་དམན་དེས་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་བསྟེན་སྟངས་སོགས་ལ་བསམ་ནས་རང་དབང་མེད་པར་སྙིང་རྗེ་ཚད་མེད་སྐྱེ་བྱུང་།

དེ་དང་དེ་འདྲ་བ་མང་པོ་ཞིག་དེ་སང་བོད་ཀྱི་ནང་ཆོས་འདི་ལ་དོགས་གཞི་ཆེ་རུ་འགྲོ་གི་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་དེ་བླ་མ་རྣམ་པས་ཆོས་དེ་ལམ་འཁྱོགས་པོའི་ཐོག་ལ་གཏང་བ་མ་ཟད་གསང་སྔགས་ཟབ་མོའི་ཆོས་ཀྱི་ལམ་ལ་བསྟེན་ནས་འཇིག་རྟེན་ཆོས་བརྒྱད་སྒྲུབ་བྱེད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་གཏང་བས་ལན་པ་རེད་འདུག་བསམ། ཆོས་ཟེར་བ་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་གཉེན་པོར་འགྲོ་དགོས་རེད་དེང་སང་ཆོས་རྣམས་འཇིག་རྟེན་ཆོས་བརྒྱད་ཀྱི་གསོས་སུ་འགྲོ་གི་ཡོད། གསང་སྔགས་ཀྱི་ལྷ་སྒྲུབས་དགོས་ན་དང་པོ་མ་སྒྲུབས་པའི་སྔོན་ནས་ལྷ་དེ་བསྙེན་དགོས་རེད། ལྷ་མ་བསྙེན་པའི་གོང་ནས་ལས་ལ་བཀོལ་བ་དེ་ཧམ་པ་ཆེ་དྲག་པ་རེད། དཔེར་ན་ཁྱོད་རང་ལུང་པ་ཞིག་གི་སྲིད་འཛིན་ག་གེ་མོ་ཞིག་དང་འབྲེལ་བ་བྱེད་དགོས་ན། དང་པོ་ཁྱེད་རང་ནས་ཁོ་རང་ངོ་ཤེས་དང་གྲོགས་པོ་བྱེད་རྒྱུ་གལ་ཆེན་པོ་རེད། གལ་སྲིད་ཁྱེད་རང་ནས་སྲིད་འཛིན་དེ་ངོ་མ་ཤེས་ན་ཁྱེད་རང་གི་འདོད་པའི་དོན་དེ་འགྲུབ་ཁག་པོ་རེད། ངོས་ནས་ལྷ་ལའང་དུས་རབས་འདི་ཡི་སྲིད་འཛིན་ནང་བཞིན་ངོ་དགའ་ཕྱོགས་ལྷུང་ཅན་ཞིག་ཡོད་རེད་ཟེར་གྱི་མེད་དེ། ལྷ་ལས་ལ་མ་བཀོལ་བའི་སྔོན་ནས་བསྙེན་སྒྲུབ་ལས་བཞིའི་སྒོ་ནས་ལྷ་དེ་སྒྲུབ་དགོས་རེད་ཟེར་གྱི་ཡོད། དེ་རྣམས་ངས་འཕྲོས་དོན་ཚུལ་དུ་ཡིན།
ཁྱེད་རང་གཉིས་དེ་རིང་སྔོན་འགྲོའི་ཉམས་ལེན་ལ་རེ་བ་དང་མོས་པ་བྱེད་པ་དེ་ངོས་རང་ཧ་ཅང་ནས་དགའ་བོ་བྱུང་། དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་བའི་ཉེས་དམིགས་དེ་རྣམས་གང་རུང་ཞིག་ལ་དམིགས་ཤར་ཐུན་རེ་བྱས་ནའང་སེམས་ལ་ཚ་ཟིང་ཟིང་ཞིག་བྱུང་ན་སྒོམ་དེ་ག་རང་རེད། ཆོས་ཀྱང་དེ་ག་རང་རེད། བཀའ་བརྒྱུད་གོང་མའི་བླ་མ་རྣམས་ཀྱིས། ཆོས་དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ་ཅེས་གསུངས་པ་རེད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པས་ཐེག་པ་མས་འཛེགས་ཞེས་གསུངས་པ་དེ། ཞེས་ཁོང་གཉིས་ལ་ང་ཚོའི་བོད་ཀྱི་གཏམ་དཔེ་རུ་ཆོས་བཤད་ཁྲམ་པའི་ཁ་དང་། སྤྱན་རིམ་སྐྱ་ཀའི་མིག་ཞེས་པ་ལྟར་ཆོས་བཤད་ཁུལ་བྱས་ནས་ཉིན་གུང་རྒྱབ་ལོགས་སུ་ཤེས་རབ་སྐལ་ལྡན་ངེད་གཉིས་པོར་ལེན་གྲོང་ཁྱེར་ནང་ལ་ཡོད་པའི་མེ་ཏོག་ལྡུམ་ར་ཞིག་ནང་འཆམ་འཆམ་ལ་སོང་ནས་པར་ཁ་ཤས་བླངས་ནས་ནང་དུ་ལོགས་ཤིང་དགོང་ཟས་སུ་རོལ་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Thursday, November 17, 2011

ལྷ་བབས་དུས་ཆེན་སྐོར།



ཞོགས་པ་ཆུ་ཚོད་དགུ་པའི་སྐབས་སུ་ཨ་རིའི་རླུང་ཕྲིན་ཁང་ནས་ངོས་ལ་ཁ་པར་ཞིག་སླེབས་བྱུང་། དེ་ནི་དེང་སང་པོར་ལེན་བོད་རིགས་རྣམས་ལ་བདེ་ཆེན་ཞིང་སྒྲུབ་དང་སྤྱོད་འཇུག་གི་ཆོས་བཤད་སྐོར་ལ་དྲི་བ་རེད་འདུག ཁོ་རང་ཚོའི་འདོད་པ་ལྟར་ངོས་ཀྱི་ངོ་སྤྲོད་དང་སྦྲག་ལོ་བདུན་གྱི་རིང་བལ་ཡུལ་དང་། རྒྱ་གར་ལྷོ་ཕྱོགས་ཀོ་ལི་སྒར་དོན་ལྡན་གླིང་གཞིས་ཆགས། མ་ཟད་ཨ་རི་ལྔ་སྡེ་ཁ་ཤས་ནང་བོད་རིགས་རྣམས་ལ་བདེ་ཆེན་ཞིང་སྒྲུབ་དང་ནང་ཆོས་ངོ་སྤྲོད་སོགས་བྱས་པའི་སྐོར་སྐར་མ་སུམ་བཅུ་ཙམ་ལ་ཁ་པར་བརྒྱུད་ནས་དྲི་བ་དྲི་ལན་བྱས། ཁོང་ཚོས་བདུན་ཕྲག་འདི་ཡི་གཟའ་ཟླ་བ་ལ་ཨ་རིའི་རླུང་ཕྲིན་ཁང་ནས་འཛམ་གླིང་ལ་རྒྱངས་བསྲིང་བྱེད་ཀྱི་ཡིན་ཞེས་གསུངས་སོང་། 
དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ལྷ་བབས་དུས་ཆེན་སྐབས་ཀྱི་ཚོགས་མཆོད་ཀྱི་ཆེད་དུ་གཉའ་ནང་བ་ཤེས་རབ་སྐལ་ལྡན་ཁྲིད་ནས་ཚོང་ཁང་ལ་སོང་། ནམ་རྒྱུན་ངོས་རང་དགའ་ཤོས་མེ་ཏོག་ཡིན་སྟབས་མཆོད་པ་ལའང་མེ་ཏོག་ཆག་པ་བཞི་དང་ཤིང་ཐོག་དང་ཁམ་ཟས་སོགས་ཨ་སྒོར་བརྒྱད་བཅུ་ལྷག་གིས་ཉོས་ནས་བོད་ཁང་དུ་སོང་། ངོས་ལ་ལྷ་བབས་དུས་ཆེན་ངོ་སྤྲོད་དགོས་ཞེས་བསྐུལ་མ་ལྟར་ངོ་སྤྲོད་ཐུང་ཙམ་བྱས་ནས་བོད་རིགས་ཕལ་ཆེར་ལྔ་བཅུ་ཙམ་དང་ལྷན་དགའ་ལྡན་ལྷ་བརྒྱ་མས་སྣ་དྲངས་ནས་དགེ་ལུགས་བླ་མ་མཆོད་པའི་ཚོགས་བཏོན། ནུབ་བྱང་བོད་རིགས་ཚོགས་པའི་ཆོས་ཀྱི་འགན་འཛིན་བརྩོན་འགྲུས་ཀུན་དགའ་ལགས་ནས་གྲེ་གདངས་རིང་མོའི་རྟ་ལ་སྐྱོན་ནས་གསུངས་བའི་སྐབས་སུ་མང་ཚོགས་ནས་ཀྱང་མཉམ་དུ་སྐད་གདངས་ཀྱིས་ཚོགས་ཁང་དེ་ཉིད་འདོན་པའི་འུར་སྒྲས་ཁེངས་བྱུང་། འཚོགས་པ་གྲོལ་བའི་སྐབས་སུ་མི་ཁ་ཤས་ཞིག་ནས་དངས་བླང་ཐོག་དེར་ཡོད་སྐྱ་སེར་ཡོངས་ལ་འཐེན་ཐུག་དགོང་ཟས་སྤྱིན་བདག་བྱས་བྱུང་བས་ཕོར་པ་དོ་ཙམ་འཐུང་བས་གནམ་གཤིས་གྲང་མོའི་སྐབས་སུ་ཧ་ཅང་ཕན་པོ་བྱུང་། དེ་ནས་ཆུ་ཚོད་དགུ་པ་ཙམ་ལ་ཤེས་རབ་སྐལ་ལྡན་རླངས་འཁོར་དུ་ཞུགས་ནས་ནང་དུ་འབྱོར་བ་དང་མཉམ་དུ་བློ་ཁུག་ནང་གི་ངོས་ཀྱི་ལག་འཛིན་ཁ་པར་དེས་ཏིར་ཏིར་ཞེས་སྒྲ་གྲགས་བྱུང་བས་གློ་བུར་དུ་ཁ་འབྱེད་སྐབས་དེ་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལི་སྒར་གཞིས་ཆགས་བདེ་ཆེན་ཞིང་སྒྲུབས་འཚོགས་ཁང་རྒྱག་མཁན་ལས་ཀའི་འགན་འཛིན་པ་བསྟན་འཛིན་རིན་ཆེན་ཁོང་རེད། ཁོང་ནས་ངོས་ཁ་པར་སླེབས་པ་དང་མཉམ་དུ་སེམས་ཁྲལ་འཕར་མ་ཞིག་ཡོད་པ་ནི་ཚོགས་ཁང་དེ་ཡི་འགྲོ་སོང་སྐོར་རེད། དེ་རིང་ཡང་ཁོང་ནས་གསུང་དོན་ལྟར་ན་སྒེའུ་ཁུང་ཚང་མའི་ལས་ཀ་བུ་ལོན་གཡར་ཡོད་པས་གང་མགྱོགས་དངུལ་གཏོང་ཤོག་གསུང་བྱུང་བས་ངོས་ཀྱང་ཁ་ཤོབ་དང་སྦྲག་ཨ་རི་ལ་དབྱར་ཀ་ཁ་མ་གཏོགས་དགུན་ཁ་དངུལ་ཡོད་མ་རེད གང་ཡིན་ཞེ་ན་དབྱར་ཁ་ཨ་སྒོར་ཚང་མ་ཆར་པ་དང་མཉམ་དུ་བབས་ཀྱི་འདུག དེང་སང་དགུན་ཁ་སླེབས་གྲབ་ཡིན་སྟབས་ཆར་པ་ཆད་ནས་དངུལ་ཡང་ཆད་སོང་ཞེས་རང་རེ་གཉིས་ནམ་རྒྱུན་ཁ་ཤོབ་དེ་སྐར་མ་ཁ་ཤས་བཤད་ནས་ཉལ། 

Tuesday, November 15, 2011

བརྩོན་འགྲུས་ཀུན་དགའི་ནང་ལ་དགོངས་ཟས་ལ་སོང་བ།

དད་ལྡན་པ་རྒན་བརྩོན་འགྲུས་ཀུན་དགའ་ལགས།
ཉིན་མ་འདིར་ཆོས་གྲོགས་བློ་ཐུབ་པ་པདྨ་དང་བདེ་ཆེན་གཉིས་དང་ལྷན་བརྩོན་འགྲུས་ཀུན་དགའི་ནང་ལ་དགོངས་ཟས་ལ་སོང་ནས་བོད་ཟས་མོག་མོག་དང་། ཕྱི་རྒྱལ་བའི་ཁ་ཟས་སོགས་ཟས་རིགས་མི་འདྲ་བ་མང་པོར་ལྷན་དུ་རོལ། བརྩོན་འགྲུས་ཀུན་དགའ་ལགས་ནི་པོར་ལེན་ནུབ་བྱང་བོད་ཀྱི་རིག་གནས་ཚོགས་པའི་ཆོས་ཀྱི་འགན་འཛིན་ཡིན། ཁོང་ནི་འཁྲུངས་ཡུལ་བོད་ཡུལ་དབུས་ཕྱོགས་འབྲི་གུང་ནས་ཡིན་ཞིང་། དགོང་ཟས་སྐབས་སུ་ཁོང་གི་ཚེ་སྟོད་ལོ་རྒྱུས་དང་མ་ཟད་ལྔ་བཅུ་ང་དགུ་ལོར་བོད་ས་རྒྱ་ལག་ཏུ་ཤོར་ནས་ད་བར་ཁོང་གི་ལོ་རྒྱུས་སྐྱོ་ལ་རིང་བ་ཞིག་གསུངས་སོང་།

བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་



༄༅། །རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙཪྻ་ཨ་བ་ཏཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལའང་གུས་པས་ཕྱག་འཚལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་། །དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས།  །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རྭར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། །འགྲོ་བའི་དེད་དཔོན་གཅིག་པུ་ཚད་མེད་བློས། །ལེགས་པར་ཡོངས་སུ་བརྟགས་ན་རིན་ཆེ་བས། །འགྲོ་བའི་གནས་དང་བྲལ་བར་འདོད་པ་རྣམས། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་ཟུངས། །དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བསྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །དེས་ནི་དུས་མཐའི་མེས་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་དག། བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད། །བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་དགྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག། ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །འདི་ནི་འཐད་པ་དང་བཅས་པར། །ལག་བཟངས་ཀྱིས་ནི་ཞུས་པ་ལས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་འགྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཕ་འམ་ཡང་ན་མ་ཡང་རུང་། །སུ་ལ་འདི་འདྲའི་ཕན་སེམས་ཡོད། །ལྷ་དང་དྲང་སྲོང་རྣམས་ཀྱང་རུང་། །ཚངས་པ་ལ་ཡང་འདི་ཡོད་དམ། །སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །གཞན་དག་རང་གི་དོན་དུ་ཡང་། །མི་འབྱུང་སེམས་ཅན་དོན་སེམས་གང་། །སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག་འཁྲུངས། །འགྲོ་བ་ཀུན་གྱི་དགའ་བའི་རྒྱུ། །སེམས་ཅན་སྡུག་བསྔལ་རྩིར་གྱུར་པ། །རིན་ཆེན་སེམས་ཀྱི་བསོད་ནམས་གང་། །དེ་ལ་ཇི་ལྟར་གཞལ་གྱིས་ལང་། །ཕན་པར་བསམས་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག། བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །གང་ཞིག་བདེ་བས་ཕོངས་པ་དང་། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲའང་ག་ལ་ཡོད། །ཕན་བཏགས་ལན་ལྡོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན། །མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། །འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང་། །བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པའི། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །འོན་ཏེ་གང་ཞིག་ཡིད་རབ་དྭང་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ། །། །