Friday, December 2, 2011

མཚམས་ལས་གྲོལ་བའི་ཉིན་མོ།

སྟོན་མཇུག་གི་ཨ་རིའི་གྲོང་བསེབ། 
ཞོགས་པ་འཆར་ཅན་ལྟར་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་སོ་གདོང་སོགས་གཙང་མ་བྱས་མཆོད་ཁང་ནང་དུ་སོང་ནས་ཡོན་ཆབ་ཕུལ། འོག་ཁང་ཐབ་ཚང་ནང་དུ་སོང་ནས་པདྨ་དང་བདེ་ཆེན་གཉིས་དང་ལྷན་ཞོག་ཟས་སྟབས་བདེ་ཞིག་མཉམ་དུ་རོལ། འདི་ཡི་ཉིན་མོ་དེ་ནི་ངོས་ཀྱི་ཉིན་བཅུའི་རིང་སོས་ཉལ་ལྐོག་སོད་བྱས་པའི་མཚམས་ཀྱི་ཉིན་ཐ་མ་དེ་ཡིན་སྟབས་རང་གི་ཁང་མིག་སོགས་གཙང་མ་བཟོས་ཤིང་ཉེར་མཁོའི་ཡོ་བྱད་ཚང་མ་བསྡུ་གསོག་རྒྱབ་ནས་འགྲོ་ཆོག་ཆོག་བྱས། ཅུང་མ་འགོར་བར་ངོས་ཀྱི་དགེ་ཕྲུག་གཉའ་
ནང་བ་ཤེས་རབ་སྐལ་ལྡན་ལགས་ཕེབས་བྱུང་། དེ་ནི་ངོས་ཀི་ལི་ཧྥོ་ཉ་རུ་མ་སོང་བའི་གོང་དུ་ཁོ་རང་གི་ནང་ལ་ཞག་གཅིག་བསྡད་དགོས་པའི་འདོད་པ་དེ་རེད། རླངས་འཁོར་དུ་ཞུགས་ནས་ལམ་དུ་འགྲོ་བའི་སྐབས་སུ་སྒེའུ་ཁུང་ནས་ཕར་བལྟ་དུས་ཉིན་བཅུའི་གོང་མཚམས་ལ་མ་བསྡད་པའི་སྐབས་སུ་མཛེས་པའི་སྟོན་གྱི་ལྗོན་ཤིང་གི་གསེར་མདོག་གི་ལོ་མ་དེ་རྣམས་ས་ལ་བྲུལ་ནས་མི་མཛེས་པའི་གོས་མེད་གཅེར་བུར་རྒྱུ་བའི་སྲང་ལམ་གྱི་སློང་མོ་བ་ནང་བཞིན་ཤིང་སྡོང་སྐྱ་ཧྲང་ཧྲང་དུ་མཐོང་སྐབས་སེམས་སུ་དུས་བཞིའི་འགྱུར་ལྡོག་འདི་ཉིད་ཀྱང་མི་རྟག་སྟོན་པའི་སློབ་དཔོན་ཞིག་ཏུ་འཁུམ། དེ་ནས་རྒྱབ་ཁུག་ནས་པར་ཆས་དེ་བླངས་ནས་པར་ཁ་ཤས་ཞིག་རྒྱབ། རིམ་བཞིན་ཆུ་ཚོད་ཕྱེད་ཀ་ཙམ་གྱི་སར་ཡོད་པའི་ངོས་ཀྱི་དངུལ་ཁང་ WELLS FARGO BANK ཞེས་པ་དེ་རུ་སོང་བས་ནང་དུ་སྣེ་ལེན་པ་བུ་མོ་ལོ་གཞོན་ལྟས་ཚོད་ལ་ཨེ་ཤ་ཡའི་མི་རིགས་འདྲ་བ་ཞིག་ནས་དེང་དུས་ཀྱི་ལུགས་སྲོལ་ལྟར་ལག་པ་སྤྲད་ནས་འདྲི་མ་དགོས་པར་མིང་སོགས་ངོ་སྤྲོད་བྱེད་པ་ནི་ཨེ་ཤ་ཡའི་སོགས་ལ་ཆེས་མ་དར་བའི་ཡོ་རོབ་དང་ཨ་རི་སོགས་ཀྱི་ལུགས་སྲོལ་ཞིག་ཡིན། དེ་ནས་བུ་མོ་དེར་ངོས་ཀྱི་དབྱིན་སྐད་གོབ་ཏོ་དེ་སྐྱོན་ནས་སྐད་ཆ་བྱས་པས་མོ་རང་གི་ཕ་མའི་ལུང་པ་དེ་ཕི་ལི་པིན་ནས་རེད་འདུག དངུལ་དམར་པོ་ཁ་ཤས་ཞིག་མར་བཏོན་ནས་ལམ་སང་བྱ་རྒོད་པོ་རྙི་ལས་ཐར་བ་བཞིན་དུ་ཤེས་རབ་སྐལ་ལྡན་ནང་དུ་སོང་ནས་ཉིན་གུང་ཟ་མ་ཞིག་ཟོས་གཉིད་ཐུན་གཅིག་ལ་ངལ་གསོ་བྱས། དེ་ནས་ཡར་ལང་ནས་ཅ་དངོས་ཉེར་སྤྱད་རྣམས་འདྲུད་འཐེན་སྒམ་ནང་དུ་བླུགས་ནས་སང་ཉིན་ཀི་ལི་ཧྥོ་ཉ་རུ་འགྲོ་བའི་སྟ་གོན་རྣམས་ལེགས་པར་བྱས་ནས་འོག་ཁང་དུ་སོང་ནས་ཤེས་རབ་སྐལ་ལྡན་དང་ལྷན་དུ་འབྲུག་པའི་གློག་བརྙན་༼ཆོས་དང་འཇིག་རྟེན་༽ཞེས་དེར་ལྟས་མོ་བལྟས་ནས་བསྡད། གློག་བརྙན་དེར་སྡོམ་ཞིག་རྒྱབ་ནས་བཤད་ན་དེ་ནི་གྲྭ་པ་ཞིག་གི་མི་ཚེའི་སྡུག་བསྔལ་གྱི་སྐོར་ཞིག་རེད། དེའི་ནང་དོན་ནི་ཆང་གི་ཉེས་དམིགས་དང་ཆང་འཐུང་མི་ཉན་ཞེས་པའི་དོན་རེད་འདུག ངོས་ནི་འབྲུག་པའི་གློག་བརྙན་ལྟད་མོ་ལ་ཧ་ཅང་དགའ་བོ་ཡོད། སྐད་མ་ཤེས་ཀྱང་ཚོད་དཔག་བྱས་ནས་དོན་ཧ་གོ་ཐུབ་ཀྱི་འདུག ཁོང་ཚོའི་གློག་བརྙན་འཁྲབ་སྟངས་དང་སོང་ཟིན་པའི་སྒྲུང་དང་འབྲེལ་སྟངས་སྐོར་དངོས་གནས་ཡག་པོ་འདུག དེ་ནས་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཨ་རིར་སླེབས་ནས་ཟླ་བ་གཅིག་ལས་མ་ཕྱིན་པའི་ངོས་ཀྱི་ཚ་བོ་བཀྲ་ཤིས་རྡོ་རྗེ་ཁོང་རེད། ཁོ་དེང་སང་ཝ་ཤིང་ཀྲོན་དུ་ཟ་ཁང་ཞིག་ནང་ཆང་རག་ཡར་བསྐྱལ་མར་བསྐྱལ་བྱེད་ས་ཞིག་ཏུ་ལས་ཀ་རག་སོང་ཟེར། ངོས་ནས་ལས་ཀར་དཀའ་ལས་འདུག་གམ་ཞེས་དྲིས་དུས། ཁོང་ནས། ཡོད་ད་ཡོད་དཀོན་མཆོག་གསུམ། ཉིན་ཧྲིལ་པོར་རྐང་པ་ཐོག་ཏུ་ལངས་ལངས་རེད། མ་ཟད་དགོང་མོ་ལས་ཀ་གྲོལ་དུས་རྐང་པ་སྦྲིད་པ་དང་། བྲོད་ཁོག་ཀྱང་ལྟོག་ནས་ཤི་གྲབས་འདྲ་བྱེད་ཀྱི་འདུག་ཨ་རྦོ་ཞེས་ཟེར་སོང་། ཨ་རྦོ་ཞེས་པ་དེ་ནི་ང་ཚོའི་ལུང་པའི་ཡུལ་སྐད་དུ་གཅེན་པོའི་འབོད་མིང་ཞིག་རེད། དེ་གོ་བ་དང་མཉམ་དུ་ང་ཡང་དབང་མེད་དུ་ཁོག་དགད་ཞིག་དང་ལྷན། ཡ་ཡ་ཁོ་རེ་སྐྱོན་གྱི་མ་རེད། གནས་སྐབས་སྡུག་རུས་གྱིས་དང་། ཟླ་བ་ཁ་ཤས་མཚམས་ནས་གོམས་འགྲོ་གི་རེད་དཀའ་ལས་མ་རྒྱབ་ན་འབྲས་བུ་ཡོང་ཁག་པོ་རེད་ད། ཞེས་རྫིག་ཉམས་དང་བཅས་ཁ་ནས་བཤད་ཁུལ་བྱས་ཀྱང་། སེམས་ནང་ཤ་ཚའི་ཚོར་སྣང་ཞིག་ཀྱང་མཉམ་དུ་སླེབས་སོང་། ཁོང་ནི་ནམ་རྒྱུན་བལ་ཡུལ་ནས་ལས་ཀ་གཅིག་ཀྱང་ལས་མི་དགོས་པར་མི་ཧྲང་ཁེར་འགྲོས་བྱས་ནས་བསྡད་པའི་མི་ཞིག་རེད། ཨ་རིའི་ལུང་པ་འདི་ནི་མི་རྒོད་འདུལ་སའི་བཙོན་ར་དང་། རྟ་རྒོད་འདུལ་སའི་ཐང་ར་རང་རེད་འདུག་བསམ་བྱུང་། དེ་ནས་ཤེས་རབ་སྐལ་ལྡན་སྐྱེ་དམན་དེས་རྒྱ་ཐུག་ཞིམ་པོ་ཞིག་བཟོས་སོང་བས་འཐུང་ནས་ཟིན་བྲིས་ཀྱི་ལས་ལ་ཞུགས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱ་ལྟ་ཐེངས་གཅིག་བྱས་ཤིང་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment