Sunday, December 4, 2011

གཟའ་ཉི་མའི་གུང་སང་།

མཛེས་པའི་སྟོན་གྱི་ཤིང་སྡོང་།
ཁ་སང་གནམ་གྲུ་ཆུ་ཚོད་བརྒྱད་ཀྱི་ལམ་ནས་དཀའ་ངལ་གྱིས་འདི་ཉིན་མོ་ཞོགས་པ་ཆུ་ཚོད་དགུ་པའི་སྐབས་སུ་མལ་ནས་ལང་ཞིང་སོ་གདོང་སོགས་ཁྲུས་ནས་ཤོད་ཁང་དུ་སོང་བས་ཀིམ་གྱི་བུ་ཆུང་བ་ཀིའི་སེས་ནས་ང་ཧ་ཅང་དགའ་དགའ་འདྲ་བྱེད་ནས་འཐམ་འཁྱུད་སོགས་ཡུན་རིང་བྱེད་ཀྱི་འདུག་དེ་ནས་ཀིམ་དང་ལྷན་དུ་ཞོགས་ཟས་ཉུང་ཙམ་ཟོས། ཀིམ་ནས་དེ་རིང་ཚོང་ཁང་ལ་འགྲོ་དགོས་ཡོད་སྟབས་ཁྱེད་རང་ལ་མཁོ་དགོས་འདྲ་ཡོད་དམ་ཞེས་ཟེར་ནས་སང་ཉིན་ཞོག་ཇའི་བག་ལེབ་དང་མར་སོགས་མངག ཀིམ་ནི་ངོས་ལས་ལོ་གཉིས་ཙམ་ཆེ་བའི་སྐྱེ་དམན་ཧ་ཅང་འཇོན་པོ་ཞིག་ཡིན། མོ་རང་ལ་ཁང་པ་ཧ་ཅང་ཆེན་པོ་ཐོག་རྩེགས་གཉིས་ཅན་ཁང་མིག་དྲུག་ཙམ་ཡོད་པ་ཞིག་འདུག དེའི་ནང་ནས་ང་ལ་ཁང་མིག་གཅིག་རིན་མེད་དུ་གཡར་བ་མ་ཟད་ཁ་ལག་སོགས་འགྲོ་སོང་ཚང་མ་མོ་རང་སྤྲད་ནས་སྐྱིད་ཉལ་བྱས་ནས་བསྡད་ཡོད། ཡང་ངོས་ཀྱི་སློབ་མ་ཁྱིམ་བདག་འབྱོར་ལྡན་མ་ཞིག་ཡོད་པ་དེས་མོ་རང་ལ་ཁང་པ་གཉིས་ཡོད་པར་ཁང་པ་ཆེ་ཤོས་དེ་ང་ལ་གཡར་བྱུང་བས་དེ་གནས་སྐབས་ཆོས་ཚོགས་བྱས་ཡོད། ངོས་བསྡད་ས་དེར་ཆོས་ཚོགས་ལ་སོང་ན་སྐར་མ་སུམ་ཅུ་ཙམ་འགོར། མོ་རང་ལ་ཁྱི་གཉིས་གཅིག་གི་མིང་ལ་ཀོ་ཀོ་དང་། གཅིག་ཤོས་ཀྱི་མིང་ལ་ལུས་ཎའི་ཟེར། མོ་རང་ལ་བུ་གཉིས་ཡོད་པའི་བུ་ཆེ་ཤོས་དེ་ནི་གཟུགས་སྟོབས་ང་ལས་ཆེ་ཙམ་ཡོད་ཕལ་ཆེར་ལྟས་ཚོད་ལ་ལོ་ཉི་ཤུ་ཙམ་ཨི་ཡིན་བསམ། ཆུང་བ་དེ་ཕལ་ཆེར་ལོ་བཅོ་བརྒྱད་ཙམ་ཡིན་ཚོད་འདུག བུ་གཉིས་སློབ་གྲར་འགྲོ་གི་ཡོད། ཀིམ་ཆོ་ག་གཟའ་ཟླ་ཁ་བྲལ་ནས་ཕལ་ཆེར་ལོ་དྲུག་བདུན་ཙམ་ཕྱིན་ཚར་ཡོད་ས་རེད། ད་ལྟ་མོ་རང་གཅིག་པུར་ཡིན། སྐབས་སྐབས་ལ་མོ་རང་གི་གྲོགས་པོའམ་ལུང་པ་འདི་ཡི་ཡོངས་གྲགས་ཀྱི་འབོད་སྲོལ་ལྟར་དུ་boy friend ཞེས་པའི་མི་ཞིག་ནང་ལ་ཡོང་གི་ཡོད། ཀིམ་ནི་ངོས་ཀྱི་ཆོས་ཚོགས་ཀྱི་དྲུང་ཡིག་ཡིན། འདི་ཉིན་མོ་ཧ་ཅང་དཀའ་ལས་ཁ་བའི་ཚོར་སྣང་ཞིག་འདུག་པས་ཡང་སྐྱར་ཉལ་སར་སོང་ནས་གཉིད་ཐུན་གཅིག་ལ་ཡུར། ཁ་པར་སྒྲ་མེད་ཐོག་ཏུ་བཞག་ཡོད་སྟབས་ཁ་པར་ལ་བལྟས་དུས་ཁ་པར་ནང་དུ་མི་དྲུག་གིས་ལྗགས་ལན་བཞག་འདུག དེ་ནི་ཀི་ལི་ཧྥོ་ཉ་རུ་མ་ཡོང་ནས་ཕལ་ཆེར་ཟླ་བ་གཅིག་ཙམ་ཡིན་སྟབས་ངོས་ཀྱི་ཆོས་གྲོགས་སློབ་མ་རྣམས་ཀྱི་ཁ་པར་རེད་འདུག ཁ་ཤས་ནས་དེ་རིང་དགོང་ཟས་མཉམ་དུ་ཟ་དགོས་ཞེས་ཟེར་ནས་ལན་བཞག་འདུག་སྟབས་ངོས་དེ་རིང་ང་ངལ་གསོ་ཡིན་སང་ཉིན་ཟ་མ་མཉམ་དུ་ཟ་གི་ཡིན་ཞེས་བཤད། ཉིན་གུང་ཟ་མ་རུ་རྩམ་པ་སྟབས་བདེ་ཞིག་ཟོས་ནས་ཁ་འདོན་ལ་བྲེལ། དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment