Thursday, December 8, 2011

སོས་དལ་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

མཛེས་སྡུག་ལྡན་པའི་ཀི་ལི་ཧྥོ་ཉའི་ཡུལ་ལྗོངས། 
ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་རྨི་ལམ་ཞིག་གི་རྐྱེན་པས་གཉིད་དཀྲོགས་བྱུང་བས་ཡར་ལངས་ནས་ཁྲུས་ཁང་ནང་དུ་སོང་བས་ནམ་ལང་མི་འདུག ཚུར་ཉལ་སར་ཡོང་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་། འོག་ཁང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་རྒྱ་གར་ཀོ་ལི་སྒར་གཞིས་ཆགས་ནས་ངོས་ཀྱི་གྲོགས་པོ་བསྟན་འཛིན་རིན་ཆེན་ཁོང་རེད་འདུག ཁོང་ནས་གསུངས་ན་གཞིས་ཆགས་ཀྱི་ཚོགས་ཁང་ཕྱེད་ཀ་ཙམ་ཚར་ནས་དེང་སང་སྒེའུ་ཁུང་རྒྱག་བཞིན་པའི་སྒང་ཡིན་གསུངས་བྱུང་། དེ་ནས་ཐོག་ཁར་ཡོང་ནས་ཡུན་རིང་འཛུལ་ཞུགས་མ་ཐུབ་པའི་ཁ་བརྡའི་དྲ་རྒྱ་ནང་དུ་སོང་བས་གནས་ཚུལ་གསར་པ་ཞིག་ལ་ཀར་ལུ་རིན་པོ་ཆེའི་སྐོར་རེད་འདུག དེ་ནི་ཉིན་ཁ་ཤས་སྔོན་ནས་གདོང་དེབ་ཀྱི་ནང་དུ་མཐོང་རྒྱུ་ཡོད་པའི་དབྱིན་ཇིའི་སྐད་ཐོག་ནས་ཁོ་རང་ཆུང་ཆུང་སྐབས་སུ་ཕ་གྲོངས་ནས་བཟུང་དཀའ་ངལ་འཕྲད་སྟངས་དང་མ་ཟད་ཁོ་རང་ལ་དམིགས་བསལ་གྲྭ་ཆུང་སྐབས་སུ་མཚན་མཐུན་ཆགས་སྤྱོད་བཙན་གཡེམ་བྱས་པའི་དཀའ་ངལ་ལ་བརྟེན་ནས་ད་ལྟ་དགོན་པའི་གྲྭ་པ་བླ་མ་རྣམས་ལ་ཡིད་ཆེས་མེད་ཅེས་སྡུག་སྐད་དང་བཅས་གསུངས་འདུག་པ་དེར་དྲ་གྲོགས་རྣམས་ཁ་ཤས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་བ་དང་། ཁ་ཤས་ཀྱིས་སྨ་འབེབས་ཀྱི་མཆིལ་ཞགས་འཕེན་བཞིན་འདུག ངོས་ནས་ཀྱང་དེ་ཡི་སྐོར་ལ་བསམ་ཚུལ་ཐུང་ཙམ་ཞིག་བཀོད་ནས་ངལ་གསོ་བྱས་ནས་བསྡད་པ་ཡིན། དགོང་མོར་སུ་སིན་ནས་ཁ་སང་ཀོ་རི་ཡའི་ཚོང་ཁང་ནང་ནས་ཉོས་པའི་མོག་མོག་དེ་བཙོས་བྱུང་བས་རྒྱག་ཚད་ཟོས་ནས་ཡོའི་ཊུབ་ནང་གི་གཞས་པ་སྐད་གྲགས་ཅན་ཤེར་བསྟན་དང་ཚེ་དབང་ལྷ་མོ་སོགས་ནས་མཉམ་གཞས་གཏང་བའི་༼མཐུན་སྒྲིལ་གྱི་རང་སྒྲ་༽ཞེས་པ་དེ་ལ་བལྟས་པས་རང་ཡུལ་ཁ་བྲལ་ནས་མི་ལོ་བཅུ་བཞི་ཏག་ཏག་འགྲོ་བའི་ས་མཐའི་ཁེར་རྐྱང་ང་དང་ང་འདྲ་བའི་བོད་རིགས་རྣམས་ལ་ཤ་ཚ་ནས་སེམས་ནང་སྐྱོ་སྣང་ཞིག་དང་། བསྟན་དགྲ་རྒྱ་མིའི་སྡུག་རྩུབ་དང་དྲག་གནོན་ཇི་ལྟར་བྱས་ཀྱང་སེམས་ལ་འགྱུར་བ་མེད་པ་མདོ་སྟོད་སྨད་ཀྱི་གཞིས་ལུས་རྒྱལ་གཅེས་དཔའ་བོ་དེ་རྣམས་ཀྱི་སྙིང་སྟོབས་དེ་ལ་བསམ་ནས་སེམས་ལ་སྤོབས་པ་ཞིག་བཅས་ཡོང་གི་འདུག གཞས་དེ་ཉན་རྗེས་མར་སར་གན་སྐྱལ་དུ་ཉལ་ནས་བཙན་བྱོལ་བོད་མིའི་ནང་གི་གཞས་དང་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་གཞས་ཀྱི་སྐོར་ལ་འདིང་ཞིག་རྒྱབ་པ་ཡིན། ལར་ནི་བཙན་བྱོལ་བོད་ནང་གི་གཞས་པ་རྣམས་ཀྱིས་གཞས་ཚིགས་སུ་ད་ལྟ་རང་བོད་རང་བཙན་དགོས། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག ཧོས་ཅིང་ཐོ་ཁ་སྐྱག་པས་ཆོད་སོགས་གང་ཟེར་ནའང་བཙོན་ཁང་ལ་འགྲོ་རྒྱུ་ཕར་ཞོག ཐ་ན་སྐད་ཆ་ཙམ་ཡང་འདྲི་མཁན་མེད་ཀྱང་། གཞས་ཚིགས་སུ། ཁྱེད་རང་དྲན་ནས་ང་ཤི་གྲབས་བྱས་སོང་། ཞེས་པ་ལྟར་དུ་རེད། བོད་ནང་ལ་ཡོད་པའི་གཞས་པ་རྣམས་ལ་གཞས་ཚིག་དུམ་རེ་ལ་མི་ཚེའི་སྲོག་དབུགས་དང་བརྗེ་དགོས་པའི་དུས་སྐབས་སུ། གཞས་ཚིགས་སུ། ངེད་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཁྱེད་གདོང་མཆིལ་མས་རླན་ནས་སྒུག་ཡོད་ཅེས་པ་ལྟར་དུ་རེད། གཞས་ཚིག་དེ་གཉིས་ཀྱི་ལྕི་ཡང་ལ་བསམ་བློ་གཏང་བཞིན་བསྡད་ཡོད་པའི་སྐབས་སུ་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་ངོས་ཀྱི་གྲོགས་པོ་དགེ་ལུགས་པའི་བླ་མ་འཕགས་སྐྱབས་རིན་པོ་ཆེ་རེད་ཁོང་ནས་ནམ་རྒྱུན་ང་གཉིས་ཚར་དུས་མེད་པའི་འཆར་ཅན་གྱི་མཚར་གཏམ་དེ་རེད། དེ་ནས་ངོས་ཀྱི་ཆོས་གྲོགས་པདྨ་ལགས་དང་མཉམ་དུ་གནམ་སྐར་སྒེའུ་ཁུང་ནས་སྐད་ཆ་མང་པོ་ཞིག་ལབ་གླེང་བྱས་ཞིང་ཉལ་སར་སོང་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཁྱུག་ཙམ་བྱས་ནས་གཉིད་དུ་ཡུར།

No comments:

Post a Comment