Sunday, December 11, 2011

རྗེའུ་ཧྥུ་དང་མཉམ་དུ་དགོང་ཟས་ཟོས་པའི་ཉིན་མོ།

མི་རིགས་འདྲ་མིན་དང་ལྷན་ཁ་ལག་བཟའ་བཞིན་པའི་སྐབས་སུ། 
ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་རྨི་ལམ་ཞིག་གིས་རྐྱེན་ཡར་ལངས་ནས་ཁྲུས་ཁང་ནང་དུ་སོང་ནས་ངོ་གདོང་སོགས་གཙང་མ་བྱས་ནས་ནམ་རྒྱུན་ཁ་འདོན་རྣམས་ཚར་བར་བྱས། དེ་ནས་འོག་ཤོད་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ཞིག་ཟོས་ནས་གཟུགས་པོ་སྦྱོང་བརྡར་སྐར་མ་སུམ་ཅུ་ཙམ་བྱས་ནས་སུ་སིན་ལ་ཁ་པར་ཞིག་གཏང་། དེ་ནི་དེ་རིང་རྗེའུ་ཧྥུའི་མཉམ་དུ་དགོང་ཟས་དེ་ཡིན་པས་སུ་སིན་ནས་ཆུ་ཚོད་ལྔ་པའི་སྐབས་སུ་ཡོང་གི་ཡིན་ཟེར། ཉིན་གུང་ཟ་མ་རུ་ཚེ་དང་འབྲས་སོགས་རྒྱགས་ཚད་ཟོས་ནས་ཕྱི་ལོགས་སུ་འཆམ་འཆམ་ལ་ཁྱུག་ཙམ་སོང་། ཆུ་ཚོད་ལྔ་པའི་སྐབས་ལ་སུ་སིན་སླེབས་བྱུང་བས་ངེད་གཉིས་ཆུ་ཚོད་གཅིག་གི་ལམ་དུ་ཡོད་པའི་ཤ་མེད་ཟ་ཁང་ཞིག་ཡོད་པ་དེར་སོང་བས་རྗེའུ་ཧྥུའི་གྲོགས་པོ་རྣམས་དང་མ་ཟད་ངས་ནམ་རྒྱུན་ཆོས་བཤད་སའི་ཀུན་རྡའི་གླིང་ཡོ་གའི་ཚོགས་པ་ནས་མི་ཁ་ཤས་ཞིག་བཅས་སྡོམ་མི་རིགས་དཀར་ནག་འདྲེས་མ་མི་གྲངས་བརྒྱད་ཙམ་འདུག ཟ་མ་ནི་ཨ་རིའི་མི་ལ་དགོས་པའི་འཆར་ཅན་གྱི་ཟ་མ་བཙོ་བསྲེག་སོགས་གང་ཡང་མ་བྱས་པའི་རྗེན་ཟས་ཀྱི་རིགས་ཤ་སྟག་རེད་འདུག ཁོ་རང་ཚོ་ནས་ཁ་ལག་དེ་ཞིམ་ཞིམ་ལྟར་དུ་ཟོས་སོང་ངོས་ལ་དགའ་བ་ནི་རྒྱ་ཐུག་འདྲ་བོ་ཞིག་སྤྲད་བྱུང་བས་དེ་ཕན་པོ་བྱུང་། དེ་ནས་ང་ཚོའི་སྐད་ཆ་འདྲ་མིན་བཤད་བཞིན་ཟ་མ་ལ་རོལ་ནས་མཐར་ཕན་ཚུན་ལུང་པ་འདི་ཡི་ལུགས་སྲོལ་ལྟར་གྱེས་བྲལ་གྱི་འཐམས་འཁྱུད་དང་། ལག་འཇུ་སོགས་ཅི་རིགས་བྱས་ནས་རང་རང་སོ་སོའི་གནས་སུ་སོང་། སུ་སིན་ངེད་གཉིས་ཀྱང་རླངས་འཁོར་ཁ་མོ་རིའི་ཎ་སོགས་ལ་གཏད་ནས་རྩལ་ཆེན་གྱི་མདའ་འཕངས་པ་བཞིན་དུ་རང་ཁྱིམ་དུ་འབྱོར། ཐོག་ཁར་ཡོང་ནས་གནམ་སྐར་སྒེའུ་ཁུང་ནང་ནས་ཉི་ཡོག་ལ་ཡོད་པའི་གྲོགས་པོ་ཨོ་རྒྱན་དར་རྒྱས་དང་མཉམ་དུ་སྐད་ཆ་ཐུང་ཙམ་བྱས་པ་དེ་ནི་བོད་ཀྱི་གཞས་མ་སྐད་གྲགས་ཅན་ཚེ་དབང་ལྷ་མོ་དང་བཅས་མི་ཁ་ཤས་ཨ་རིར་འབྱོར་ནས་གཞས་གཏང་གི་ཡོད་སྟབས་ལག་ཁྱེར་རེར་ཨ་སྒོར་སུམ་བཅུ་བྱས་ནས་བོད་མི་རྣམས་འཚང་ཁ་ཧ་ཅང་ཆེན་པོ་འདུག་ཟེར། ཨོ་རྒྱན་དར་རྒྱས་ཁོང་ནི་ཁམས་ནང་ཆེན་སྐྱིད་ཆུའི་ཕྱོགས་ནས་རེད་༡༩༩༧ ལོར་ངོས་བོད་ནས་བལ་ཡུལ་ལ་ཡོང་བའི་སྐབས་སུ་ནས་ངོ་ཤེས་པ་ཞིག་ཡིན། སྐབས་དེ་དུས་ཁོང་ནས་རྒྱ་གར་དང་བལ་ཡུལ་སོགས་ལ་ཚོང་རྫས་ཙག་ཙིག་ཁུར་ནས་འགྲོ་མཁན་ཕོ་སར་གཉོམ་ཆུང་འདྲ་ཞིག་འདུག དེང་སང་ཁོ་རང་གི་ནང་མི་ཟླ་སྒྲིལ་བྱས་ནས་ཨ་རིར་འབྱོར་ཡོད། རྒྱ་གར་བལ་ཡུལ་ཕྱོགས་ལ་ནང་ཆེན་བ་མང་པོ་ཡོད་ཀྱང་ཁོང་ནི་མི་སྐྱ་ངོས་ཀྱི་གྲོགས་པོ་ཡག་ཤོས་ཞིག་ཡིན། ཁོ་རང་ཆོས་ལ་དགའ་བོ་བྱེད་མཁན་ཞིག་ཡིན་སྟབས་ངོས་ལ་སྣ་སྐད་དང་སྦྲག་ནས་འདི་འདྲ་ཟེར་གྱིན་འདུག ༼དཀོན་མཆོག་གསུམ་བོད་ཀྱི་མི་འདི་རྣམས་ཧ་ཅང་ཨ་གསར་ཚ་བོ་རེད་འདུག བླ་མ་ཞིག་གི་ཟུར་ནས་གསུང་ཆོས་རིན་མེད་ཐོག་ནས་ཡོད་ཅེས་ཟླ་བ་མང་པོར་ཁྱབ་བསྒྲགས་བྱས་ཀྱང་ཡོང་མཁན་རེ་ཟུང་ལས་མི་འདུག གཞས་པ་འདི་རྣམས་ཀྱིས་གོང་ཚད་ཆེན་པོ་བྱས་ཁ་སང་ཡོང་ནས་དེ་རིང་གཞས་གཏང་ན་མི་རྣམས་ལ་སྐུབ་སྟེགས་མ་རག་པའི་དཀའ་ངལ་རེད། ལོ་རྗེས་མར་ཁྱེད་ཀྱི་བདེ་ཆེན་ཞིང་སྒྲུབས་དེ་ལ་མི་འདི་ཙམ་ཞིག་སླེབས་ན་བསམ་གྱི་ཡོད། ཡིན་ནའང་རང་ངོས་ནས་གང་དྲག་ཐབས་ཤེས་བྱེད་ཀྱི་ཡིན་ཟེར ༽
སྐད་ཆ་དེས་ཉིས་སྟོང་བཅུ་གཉིས་ལོར་སྤྱི་ཟླ་ལྔ་པའི་ནང་ངོས་ནས་ཉི་ཡོག་བོད་རིགས་རྣམས་ལ་བདེ་ཆེན་ཞིང་སྒྲུབས་དང་ནང་ཆོས་ངོ་སྤྲོད་སོགས་ཀྱི་མཛད་འཆར་ཡོད་པ་དེའི་སྐོར་སེམས་ཁྲལ་འཕར་མ་ཞིག་ཀྱང་སྤྲད་སོང་། དེ་ནས་ཉིན་ཐོ་མདོར་བསྡུས་ཞིག་བྲིས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

No comments:

Post a Comment