Monday, December 31, 2012

ལོ་གསར་སྔ་ནུབ་ཉིན་མོ།


ལོ་གསར་སྔ་ནུབ་སྐབས་སུ་དགོང་ཟས།
ཉིན་མོ་འདི་ནི་ཕྱི་ལུགས་ལྟར་དུ་ཉིས་སྟོང་བཅུ་གཉིས་ཕྱི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་ཐ་མ་ལོ་གཅིག་ལ་ཞགས་པོ་སུམ་བརྒྱ་དྲུག་བཅུའི་ནང་ནས་ཞགས་པོ་ལྔ་བཅུ་ང་དགུ་པ་དེ་ཡིན། བོད་ལུགས་ཀྱི་ལོ་གསར་དང་མ་ཟད་ཁམས་ཕྱོགས་ཀྱི་ལོ་གསར་སྲུང་གཙི་བྱེད་སྟངས་ལ་ཁྱད་པར་ཕྲན་བུ་ཡོད། བོད་ཁམས་ནང་ཆེན་ཕྱོགས་ནས་དེ་རིང་གི་ཉིན་མོ་འདི་ནི་མི་ཡི་གནམ་སྟོང་ཁྱི་ཡི་ཚེས་གཅིག་ཞེས་པའི་དཔེ་ལྟར་དུ་དེ་རིང་ནི་ཁྱི་ཡི་ལོ་གསར་ཡིན་པས་ཁྱི་ལ་ཟ་མ་རྒྱགས་ཚད་སྟེར། སང་ཉིན་གསར་ལོ་ཚུར་འཆར་ཚེས་པ་གཅིག་འདི་མི་ཡི་ལོ་གསར་ལ་གཙི། ཡིན་ནའང་དེ་རིང་ངོས་ཀྱི་སློབ་མ་བཅུ་གྲངས་ཞིག་དང་མཉམ་དུ་དགོངས་ཟས་སུ་ཤ་བསྲེག་ལ་མཉམ་རོལ་བྱས་ནས་ཕན་ཚུན་སྐད་ཅོར་གྱིས་རྣ་བ་འོན་གྲབ་བྱས་ཆུ་ཚོད་བཅུ་གཅིག་བར་དུ་བསྡད།  ལར་ནི་ངོས་ཀྱི་དགེ་ཕྲུག་རྣམས་ནས་ཁོ་རང་ཚོའི་ལོ་གསར་ལས་ཀྱང་བོད་ཀྱི་ལོ་གསར་དེ་གལ་ཆེན་དུ་བྱེད་ནས་སྐྱེ་དམན་རྣམས་ཀྱིས་ཕྱུ་པ་དང་དངུལ་ལེན་སོགས་ད་ལྟ་ནས་དྲྭ་ཐོག་ནས་མངགས་ཉོ་བྱེད་ཀྱི་འདུག
ངོས་ནས་ལོ་ལྟར་ལོ་གསར་སྐབས་སུ་ངོས་ཀྱི་ཆོས་གྲོགས་ཕོ་མོ་རྣམས་ལ་འཚམས་འཕྲིན་རེ་འབུལ་སྲོལ་ཡོད། འདི་ལོར་ཡང་མཚམས་འཕྲིན་ཐུང་ངུ་རེ་བཅས་ངོ་དེབ་དང་དྲ་རྒྱ་སོགས་སུ་གཏང་ནས་དགོང་ཟས་སུ་ཤ་བསྲེགས་རྒྱགས་ཚད་རེ་ཟོས་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

Wednesday, December 26, 2012

ཉིན་གྲངས་ཉེར་ལྔའི་རིང་མཚམས་ལ་བསྡད་པའི་སྐབས་སུ།

མཚམས་ལ་བསྡད་པའི་སྐབས་སུ་མཆོད་བཤམས།
སྤྱི་ཟླ་བཅུ་གཉིས་པའི་ཚེས་ཤར་ནས་བཟུང་སྟེ་ཚེས་ཉེར་ལྔའི་བར་དུ་འདི་ནས་སྐར་མ་བཞི་བཅུ་ཙམ་གྱི་སར་ཡོད་པའི་སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་དངོས་སློབ་བླ་མ་མཐར་ཕྱིན་རིན་པོ་ཆེའི་ཆོས་ཚོགས་པདྨ་འོད་གསལ་གླིང་ལ་སྔ་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་དེར་སོང་། བླ་མ་མཐར་ཕྱིན་ཁོང་ནི་རེབ་ཀོང་སྔགས་མང་གདུང་བརྒྱུད་ཅན་དང་མ་ཟད་བདུད་འཇོམས་རིན་པོ་ཆེའི་གསུང་ཆོས་ལ་ལོ་མང་རིང་བསྙེན་སྒྲུབ་གནང་བའི་སྔགས་པ་ཚད་ལྡན་ཞིག་རེད་འདུག ངོས་ལ་ར་གན་གསེར་རློན་གྱིས་རིན་པོ་ཆེ་ནས་ཧ་ཅང་ཐུགས་མཉེས་པོ་གནང་བ་མ་ཟད་ལོ་སྔོན་མར་ཁོང་གི་མདུན་ནས་བདུད་འཇོམས་ཕུར་པ་སྤུ་གྲི་རེག་ཕུང་གི་བཀའ་དབང་སོགས་ཞུས་པའི་ཆོས་འབྲེལ་ཞིག་ཀྱང་ཡོད། 
ང་ནི་ཁོང་རྣམ་པའི་སྒྲུབ་ཁང་ནང་དུ་གནས་སྐབས་མཚམས་ལ་འདུག་རྒྱུའི་བསྐལ་པ་བཟང་པོ་བྱུང་། སྒྲུབ་ཁང་དེར་ལོ་གསུམ་ཕྱོགས་གསུམ་ལ་བཞུགས་མཁན་དབྱིན་ཇི་མི་གྲངས་དྲུག་ཡོད་པས་ངོས་ལ་ཟུར་དུ་ཁང་མིག་གཅིག་སྤྲད་བྱུང་། ཨ་སྒོར་བཞི་བརྒྱ་ཟ་མ་དང་ཁང་གླའི་དོད་དུ་ཕུལ་ནས་སྔ་ལོར་༧གོང་ས་སྐྱབས་མགོན་ཆེན་པོའི་དྲུང་རྡོ་རྗེ་འཇིག་བྱེད་ཀྱི་དབང་ཞུས་ནས་བསྙེན་པ་མ་འགྲུབ་པས་དགེ་ལུགས་གསར་ཆོག་རྒྱས་དྲག་པ་དང་རྒྱུས་མེད་དུ་སོང་ད་རེས་མཆོག་གླིང་གཏེར་གསར་ནང་གི་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བསྙེན་པ་བསགས་པ་ཡིན། 
ཞོགས་པ་ཆུ་ཚོད་ལྔ་ནས་དགོང་མོ་ཆུ་ཚོད་བཅུ་གཉིས་བར་ཐི་བྱ་ཚང་དུ་འཇུག་པ་ལྟར་སྨྲ་བཅད་བྱས་དང་བརྩོན་འགྲུས་བྱས་ནས་བསྒྲུབས་པས་དུས་གྲངས་རྟགས་ཀྱི་བསྙེན་པ་རྣམས་ལས་དུས་བསྙེན་ཟླ་བ་གཅིག་མེད་ཙམ་རིང་ལ་གྲངས་བསྙེན་འབུམ་བཞི་མ་ཟིན་ཙམ་བྱུང་། གཙོ་ཆེ་བ་རྟགས་ཀྱི་བསྙེན་པ་ཡིན་ཞེས་གསུངས་འདུག་ཀྱང་སྐབས་རེ་ཉམས་སྣང་འདྲེས་མའི་ཚོར་སྣང་ཁྱད་མཚར་ཅན་རེ་མ་གཏོགས་འཇིགས་སུ་རུང་བ་མ་ཧེའི་གདོང་ཅན་གྱི་བསྒྲུབ་བྱའི་ཡི་དམ་ཞལ་མཇལ་གསུངས་ཐོས་སོགས་ནི་གོ་ཚོར་གང་ཡང་མི་འདུག 
བསྙེན་མཚམས་ཞིག་གི་སྐབས་སུ་སེམས་ལ་གསལ་སྣང་དང་བླ་མ་ལ་མོས་གུས་སོགས་སྔ་ན་མེད་པ་ཞིག་བྱུང་བས་མཚར་རྩེད་ཀྱི་ཚུལ་དུ་ཀ་རྩོམ་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་ཞིག་ནས་གཟིགས་ན་དགོང་ཁྲེལ་ཡོང་བ་ཞིག་ཀྱང་ལག་བར་ནས་ཤོར་སོང་།


༄།། ཀ་རྩོམ་རིག་པའི་བུ་ཆུང་ཉམས་འགྱུར་རྩེད་མཚར་བཞུགས་སོ།
ཀ་དག་གཡོ་བ་མེད་པ་རྩེ་གཅིག་གི་ངང་ནས།།
ཁ་ཚིག་བརྗོད་པ་ལས་འདས་སྤྲོས་བྲལ་གྱི་ལྟ་བ།།
ག་ལེར་སྣང་སེམས་དབྱེར་མེད་རོ་གཅིག་ཏུ་རྟོགས་ནས།།
ང་ཚོའི་མེས་པོའི་སྒོམ་མེད་རྒྱལ་ས་རུ་སྙེག་འགྲོ།།
ཅ་དག་དབེན་པ་མ་བསྟེན་རང་བྱུང་གི་གཤིས་ལུགས།།
ཆ་ལུགས་གང་གིས་མ་བསྒྱུར་གསལ་རིག་གི་ངོ་བོ།།
ཇ་ཡུན་ཙམ་ལ་མ་ཡེངས་མ་ཧཱ་ནི་མུ་དྲ།།
ཉ་ཆུ་བཞིན་དུ་འབྲལ་མེད་སྐྱོང་བ་འདི་ཨེ་མ།།
ཏཱ་ཐ་གཱ་ཏའི་ཆོས་ཀྱི་སྙིང་པོ་ཡི་ཡང་རྩེ།།
ཐ་མལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་ཡི་སྐབས་སུ།།
ད་ལྟའི་གསལ་རིག་ཤེས་པ་མ་ཡེངས་ཙམ་སྐྱོང་ན།།
ན་འཆི་སྔས་མགོར་སླེབས་ཀྱང་དངངས་སྐྲག་ཞིག་མི་དགོས།།
པ་ལོ་རྒྱབ་ཏུ་བཅིངས་པའི་སྒྲུབ་བརྒྱུད་ཀྱི་མངའ་བདག།
ཕ་རྒན་མར་པ་ལོ་ཙཱའི་གདམས་ངག་གི་ཁྱད་ཆོས།།
བ་གླང་རྫི་ཡན་གྲོལ་བའི་བདེ་སྟོང་གི་མྱུར་ལམ།།
མ་ཡེངས་ཕྱག་རྒྱ་ཆེན་པོའི་ལྟ་བ་དེ་སྐྱོངས་ཤིག།
ཙཱ་རིའི་ནགས་སོགས་དབེན་ཁྲོད་ཉམས་དགའ་ཡི་གནས་སུ།།
ཚ་གྲང་དཀའ་སྤྱད་མེས་པོ་གོང་མ་ཡི་རྣམ་ཐར།།
ཛཱ་ཧུའི་བུ་མོ་བཞིན་དུ་གུས་རྟག་གིས་འབད་ན།།
ཝ་ལེར་གསལ་བའི་སངས་རྒྱས་ཐག་རིང་ན་མི་འདུག།
ཞྭ་མོའི་དབྱིབས་མདོག་ཙམ་ལ་བསྟན་རྩ་རང་འཛིན་ཅིང་།།
ཟ་ཉལ་སྤྱོད་སོགས་འཇིག་རྟེན་ཐ་མལ་ལས་སྡུག་པ།།
འ་ཅག་བོད་བསྟན་བདག་པོ་ང་འདྲ་ཡི་སེར་གཟུགས།།
ཡ་མ་རཱ་ཛའི་མདུན་ནས་བྲོས་ས་འདྲ་ཡོད་དམ།།
རྭ་ལྟར་གྱོང་བའི་བདག་འཛིན་འགོང་པོ་ཡི་ཐོག་ཏུ།།
ལ་མོ་སྟོང་ཉིད་ཟབ་མོས་ཐོག་རྫིས་ཞིག་བྱོས་དང་།།
ཤཀྱཱའི་བསྟན་ལ་གྲུབ་རྟགས་དེ་ལས་རང་མེད་པས།།
ས་ཆ་གང་དུ་སོང་ཡང་མན་ངག་དེ་མ་རྗེད།།
ཧ་ལོའི་དུག་གི་ས་བོན་ངན་རྟོག་གི་ཁྲོད་ནས།།
ཨ་མྲི་ཏ་ཡི་འབྲས་བུ་བསླབ་བྱ་ཞིག་མེད་ཀྱང་།
ཧ་ཅང་དགེ་བའི་ཀུན་སློང་རབ་དཀར་གྱི་ཉི་མ།།
ཨ་མཚར་ཉམས་འགྱུར་ཙམ་ལ་འགོག་མཁན་ཞིག་ཨི་ཡོད།།

ཅེས་བཀའ་རྩོམ་རིག་པའི་བུ་ཆུང་ཉམས་འགྱུར་རྩེད་མཚར་ཅེས་པ་འདི་ཉིད་ཀྱང་། ཨ་རིའི་བྱང་ཕྱོགས་ཀི་ལི་ཧྥོ་ཉའི་ས་གནས་སུ་དབེན་ཁྲོད་གྲུབ་གཉིས་དགའ་ཚལ་གླིང་དུ་ཕུར་པའི་བསྙེན་མཚམས་ཞིག་གི་སྔ་ཐུན་སྐབས་སུ་ཆོས་སྨྲའི་མིང་ཙམ་འཛིན་པ་དོན་དུ་ཆོས་དོན་ནོར་གྱིས་དབུལ་བའི་སྙོམས་ལས་པ་ཀར་བསྟན་ནས་རབ་གནས་ཆུ་འབྲུག་ལོའི་ནག་ཟླའི་ཚེས་པ་བརྒྱད་དང་། 2012 ཕྱི་ཟླ་12 ཚེས་པ་20 ཉིན་བྲིས་པ་དགེ་ལེགས་འཕེལ།།)


དེ་ནས་སྤྱི་ཚེས་ཚེར་ལྔ་ཉིན་ཚོགས་འཁོར་མདོར་བསྡུས་ཞིག་དང་བཅས་གནས་སྐབས་ཀྱི་ཐུང་མཚམས་དེ་གྲོལ་དགོས་བྱུང་།

Saturday, December 1, 2012

ཡེ་ཤུའི་འཚོགས་ཁང་ནང་དུ་ཆོས་བཤད་བྱས་པའི་ཉིན་མོ།

ཆོས་བཤད་བཞིན་པའི་ཟུར་པར་ཞིག
ཉིན་མོ་འདི་ནི་ཟླ་བ་གསུམ་ཙམ་སྔོན་ནས་གྲ་སྒྲིགས་བྱས་པའི་ཡེ་ཤུའི་འཚོགས་ཁང་ཞིག་ནང་དུ་ཆོས་བཤད་བྱེད་རྒྱུ་དེ་ཡིན། ཞོགས་འདོན་རྣམས་གྲུབ་པར་བྱས་ནས་གསང་ཐིག་ཕུར་པའི་བསྙེན་ཐུན་ཆུ་ཚོད་གསུམ་ཙམ་རིང་བཟུང་ནས་ཉིན་གུང་ཟ་མ་ལ་རོལ། གློ་ཁུག་ནང་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་བླ་མ་མཐར་ཕྱིན་ལགས་རེད་འདུག ཁོང་ནས་གསུངས་ན་ཉིན་ཁ་ཤས་རྗེས་སུ་ངོས་བསྙེན་མཚམས་ཞིག་ལ་ཟླ་བ་གཅིག་ཙམ་རིང་ཁོང་གི་རི་ཁྲོད་སྒྲུབ་ཁང་ནང་དུ་འདུག་རྒྱུ་བྱས་པས་དེའི་སྐོར་རེད་འདུག ངོས་ནས་ཀྱང་ལོ་ལྟར་དུས་ཚོད་གང་ཁོམས་ལ་བསྙེན་མཚམས་རེ་ལ་བསྡད་རྒྱུའི་གོ་སྐབས་དམ་འཛིན་བྱེད་ཀྱི་ཡོད་པས་ད་རེས་ཀྱང་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཞི་ནས་ཚེས་ཉེར་བཞིའི་བར་དུས་ཚོད་རག་བྱུང་བས་མཚམས་ལ་འདུག་རྒྱུའི་ཐག་བཅད་པ་ཡིན། 
དེ་ནས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཡེ་ཤུའི་འཚོགས་ཁང་ནང་དུ་སོང་བས་ཆོས་ཚོགས་ཀྱི་འགན་འཛིན་པ་ཧར་ཌི་དང་དྲུང་ཡིག་སེའི་ཊེའི་ཧྥེའི་ནེ་ཨ་མ་སུ་སིན་སོགས་ནས་ཟིང་ཟིང་ལོང་ལོང་ངང་ཆོས་བཤད་ཀྱི་གྲ་བསྒྲིགས་བྱེད་བཞིན་འདུག ཆུ་ཚོད་བདུན་པའི་སྐབས་སུ་ཆོས་ཁྲིད་དབུ་བཟུང་བས་མི་མང་བརྒྱད་བཅུ་ཙམ་གྱིས་འཚོགས་ཁང་ཕལ་ཆེར་ཁེངས་འདུག 
དེ་རིང་གི་ཆོས་བཤད་བརྗོད་བྱ་རུ་སེམས་ཀྱི་ཞི་བདེ་གོང་འཕེལ་དུ་གཏོང་སྟངས་སྐོར་ཡིན་པས་ངོས་ནས་ཚང་མར་ཁམས་འདྲི་དང་སྦྲགས་ནས་ཀུན་སློང་བཅོས་སྟངས་མདོར་བསྡུས་དང་བཅས་སེམས་ཀྱི་ཞི་བདེའི་སྐོར་གླེང་སློང་བྱས།  
དེ་རིང་ཡང་སྐྱར་འཚོགས་ཁང་འདིའི་ནང་དུ་ཆོས་བཤད་རྒྱུའི་གོ་སྐབས་བྱུང་བ་ངོས་རང་ཧ་ཅང་དགའ་བོ་བྱུང་། སོགས་མཚམས་སྦྱོར་གྱིས་ཆོས་བཤད་དངོས་བཞི་འདི་འདྲ་བྱས། བདེ་སྡུག་ལ་སེམས་དང་ལུས་གཉིས་ལས་ལུས་ཀྱི་སྡུག་བསྔལ་ནི་གནས་སྐབས་སྨན་བཅོས་དང་འཕྲོད་བསྟེན་སོགས་ཀྱིས་བསྒྱུར་བཅོས་གཏོང་ཐུབ་པ་མ་ཟད་ལུས་ཀྱི་བདེ་ཐབས་ཀྱི་ཆེད་དུ་ཁང་པ་རྒྱག་རྒྱུ་ཚ་གློག་དང་གྲང་གློག་སོགས་མི་ཡི་རིག་པས་རྣམ་པ་སྣ་ཚོགས་བསྒྲུབ་བཞིན་ཡོད་ཀྱང་སེམས་ཀྱི་བདེ་ཐབས་ཆེད་དུ་ཚན་རིག་པ་རྣམས་ནས་ཀྱང་དེ་རིགས་དེ་སྔ་ཕན་ཆོད་བསམ་བློ་གཏོང་མྱོང་མེད། བསམ་བློ་གཏོང་ཡང་ཕྱི་དངོས་པོའི་མཐུན་རྐྱེན་གཅིག་པུས་སེམས་ལ་ཕན་ཐོག་མེད། སེམས་ཀྱི་བདེ་བ་ནི་བདེ་བ་ཁྱད་པར་ཅན་ཡིན་པས་སེམས་ཀྱི་བདེ་བས་ལུས་ཀྱི་སྡུག་བསྔལ་མཐའ་དག་ཟིལ་གྱིས་མནན་ཐུབ་པ་དཔེར་ན་ཟླ་བས་སྐར་མའི་འོད་ཟིལ་གྱིས་མནན་པ་ལྟ་བུ་ཡིན། ལུས་ཚོར་གྱི་བདེ་བ་ཇི་ལྟར་ཡོད་ཀྱང་སེམས་ཀྱི་དཀའ་ངལ་བསལ་མི་ཐུབ་པ་མ་ཟད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། གང་ལ་ནོར་ཡོད་དེ་ལ་སྡུག་བསྔལ་ཡོད་གསུངས་པ་ནང་བཞིན་སེམས་ལ་སྔུལ་བསྔལ་གྱི་ཆ་རྐྱེན་དུ་འགྱུར། དེ་ལ་བསྟེན་ནས་སངས་རྒྱས་ཀྱིས་བདེ་བ་མཐར་ཐུག་པ་དེ་སྲེད་པ་ཟད་པའི་ཆ་ལ་ངོས་འཛིན་གནང་གི་ཡོད། དེ་འདྲའི་སེམས་ཀྱི་སྡུག་བསྔལ་བསལ་བ་དང་བདེ་བ་སྒྲུབས་པའི་ལམ་གཅིག་ལས་མ་གཏོགས་མེད། དེ་ནི་དམ་པའི་ཆོས་འདི་ཁོ་ན་ཡིན།  ང་རང་གི་ཉམས་མྱོང་ཐོག་ནས་བཤད་ན་དེང་སང་བོད་ཀྱི་ནང་དུ་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་ནས་མི་གྲངས་དགུ་བཅུ་ཙམ་གྱིས་མེར་བསྲེགས་གཏང་བ་དེས་ང་ལའང་སེམས་ལ་ཤུགས་རྐྱེན་ཡོང་གི་འདུག ཡིན་ནའང་ངས་ད་ལྟ་བཤད་བཞིན་པའི་ནང་ཆོས་འདི་བེད་སྦྱོད་གཏོང་ནས་སྡུག་བསྔལ་ལམ་དུ་ཁྱེར་མ་ཐུབ་ཀྱང་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཀྱི་འདུག དེ་ང་རང་གི་ཉམས་མྱོང་ཡིན། དཔེར་ན་མི་ཞིག་ཁ་པར་ནང་ནས་ཁྱེད་རང་བདེ་བོ་ཡིན་ནམ། ཞེས་དྲིས་དུས་ཡོངས་གྲགས་སུ་ང་བདེ་བོ་ཡིན་ཟེར་གྱི་ཡོད། གང་ཟག་དེའི་བདེ་བོ་ཡིན་ཟེར་བའི་ཚད་གཞི་དེ་གནས་སྐབས་ལུས་ལ་ན་ནད་གང་ཡང་མེད་ཙམ་ཟས་གོས་དང་གནས་མལ་སོགས་འགྲིག་ཙམ་ལ་ངོས་འཛིན་བྱེད་ནས་ལན་རྒྱག་གི་ཡོད། ངས་སྐབས་རེ་ཁ་མཚར་དང་སྦྲག་ནས་ཁྱེད་རང་ད་རུང་བདེ་བོ་མ་རེད་ཞེས་བཤད་ཀྱི་ཡོད། སངས་རྒྱས་ཀྱིས་བདེ་བ་མཐར་ཐུག་པ་དེ་གོང་དུ་བཤད་པ་ནང་བཞིན་རྟེན་འབྲེལ་བཅུ་གཉིས་ནང་གི་སྲེད་པ་ཟད་པའི་ཆ་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་དེ་འདྲའི་སེམས་ཀྱི་བདེ་བ་ཁྱད་པར་ཅན་དེ་འཐོབ་དགོས་ན་བདེ་བ་དེའི་མི་མཐུན་ཕྱོགས་ངོས་འཛིན་བྱེད་དགོས། བདེ་བའི་མི་མཐུན་ཕྱོགས་སྔུག་བསྔལ་ཙམ་ངོས་འཛིན་བྱས་ཀྱང་མི་འགྲིག སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཉོན་མོངས་དུག་ལྔ་ངོས་འཛིན་བྱེད་ནས་དེ་སྤངས་བའི་ཐབས་ཤེས་བསྟེན་དགོས། དེ་སྤངས་ཐུབ་པ་བྱུང་བའི་ཉིན་མོ་དེར་ཁྱེད་རང་གི་སེམས་ཀྱི་བདེ་སྐྱིད་དེ་འབད་མེད་ལྷུན་འགྲུབ་ཏུ་རང་ཆས་སུ་གྲུབ་ཡོད། བདེ་བ་དང་སྔུག་བསྔལ་གཉིས་ནི་ལྷན་ཅིག་ཏུ་མི་གནས་པའི་དངོས་འགལ་ཡིན། དཔེར་ན་སྣང་མུན་བཞིན། གང་ལྟར་ཀྱང་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་གི་གཉེན་པོ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་གཉིས་ཡིན་དེ་ལས་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཧ་ཅང་ནས་གལ་ཆེན་པོ་ཡིན་པ་ཞི་བ་ལྷས།
འགྲོ་ཀུན་བདེ་བ་ཇི་སྙེད་པ། 
དེ་ཀུན་གཞན་བདེ་འདོད་ལས་བྱུང་། 
འགྲོ་ཀུན་སྡུག་བསྔལ་ཇི་སྙེད་པ། 
དེ་ཀུན་རང་བདེ་འདོད་ལས་བྱུང་། 
མང་དུ་བཤད་ལྟ་ཅི་ཞིག་དགོས།་
བྱེས་པས་རང་དོན་བྱེད་པ་དང་། 
ཐུབ་པས་གཞན་གྱི་དོན་མཛད་པ། 
འདི་གཉིས་ཀྱི་ནི་ཁྱད་པར་བལྟོས། 
ཞེས་གསལ་བོར་གསུངས་ཡོད་པས་ཚང་མས་བདེ་བ་མཐར་ཐུག་པ་ཞིག་འདོད་ན་ཉི་མ་རེར་བྱམས་པ་དང་སྙིང་རྗེ་སྒོམ་རྒྱག་དགོས།

ཞེས་སོགས་ནང་ཆོས་ནང་ནས་སེམས་ཀྱི་བདེ་བ་ཇི་ལྟར་ཐོབ་མིན་བཤད་པས་མི་མང་ཧ་ཅང་དགའ་བོ་བྱུང་སོང་། དེ་ནས་ཟུར་བཅར་བ་འགའ་ལ་སོ་སོའི་འདོད་བློ་དང་མཐུན་པར་ཐུག་འཕྲད་བྱས་ནས་ནང་དུ་འབྱོར་ནས་དགོངས་ཟས་མདོར་བསྡུས་ཞིག་ཟོས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།   

Saturday, November 24, 2012

བྷོ་སི་ཊོན་དགེ་ཕྲུག་བཙོན་པ་རྣམས་ནས་ཡི་གེ་འབྱོར་བའི་ཉིན་མོ།

བཙོན་པ་དགེ་ཕྲུག་རྣམས་ནས་གཏངས་བའི་ཡི་གེ
ད་ནང་ལངས་ནས་རྐང་འགྲོས་ཀྱིས་ཆུ་ཚོད་ཕྱེད་ལྷག་སོང་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་ལ་རོལ་ནས་ཁ་འདོན་རྣམས་གྲུབ་པར་བྱས། གློ་ཁུག་ནང་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་ཨ་མ་སུ་སིན་རེད་འདུག དེ་རིང་ཡེ་གེ་ཁ་ཤས་འདུག་པས་བསྐྱལ་ལ་ཡོང་གི་ཡིན་ཟེར། དེ་རིང་གི་ཡི་གེ་ནི་བྷོ་སི་ཊོན་བཙོན་ཁང་ནང་དུ་ཚེ་བཙོན་དུ་ཡོད་པའི་སྙིང་ནས་གཅེས་པའི་ངོས་ཀྱི་དགེ་ཕྲུག་བཙོན་པ་བཅུ་གཉིས་ཡོད་པ་དེ་རྣམས་རེད་འདུག བཙོན་པ་རྣམས་ཀྱི་ཡི་གེའི་ནང་དོན་ལ། 
ང་ཚོའི་སྐྱབས་གནས་བླ་ན་མེད་པ་དགེ་རྒན་མཁན་པོ་ཀར་བསྟན་རིན་པོ་ཆེ་ལགས། ང་ཚོ་ད་སྐབས་ཚང་མ་བདེ་བོ་ཡིན་སྔར་བཞིན་གཟའ་ཉི་མ་རུ་བདེ་ཆེན་ཞིང་སྒྲུབ་བསྡུས་པ་དང་གཟའ་སྤེན་པ་རུ་སྤྱན་རས་གཟིགས་ཀྱི་ཆོ་ག་བསྡུས་པ་ཁྱེད་ནས་གསུངས་པ་ལྟར་ཉམས་ལེན་གང་ཐུབ་བྱེད་བཞིན་ཡོད། ང་ཚོ་མི་ཁ་ས་ནས་བདེ་ཆེན་ཞིང་སྒྲུབ་བསྡུས་པ་དེ་བློ་ལ་ཟིན་ཚར་འདུག 
དགེ་རྒན་མཁན་པོ་ལགས་ཟླ་བ་གཅིག་གི་གོང་ནས་ཁྱེད་ཀྱི་སློབ་མ་ཨེ་ཌེའི་དང་ཁྱེད་གཉིས་ང་ཚོ་སར་ཕེབས་ནས་ཁྱེད་ནས་ང་ཚོ་ལ་བཅངས་པའི་བརྩེ་འི་དན་རྟགས་སུ་ཁྱེད་ནས་ངེད་ཉམ་ཐག་ཀྱི་བཙོན་པ་རྣམས་ལ་དེབ་དང་པར་འོད་སྡེར་འཁོར་ཐག་སོགས་མང་དག་ཞིག་གནང་བ་མ་ཟད་ང་ཚོ་ལ་ཆེས་རིན་ཐང་བྲལ་བའི་བསླབ་བྱ་དང་གསུངས་ཆོས་སོགས་གནང་བྱུང་བས་དུས་ནམ་ཡང་བརྗེད་ཐབས་མེད་པ་ཧ་ཅང་དཀའ་དྲིན་ཆེམ་ཟད་ལོ་རྗེས་མར་ང་ཚོའི་རེ་བ་རུ་ང་ཚོ་ལ་འོད་དཔག་མེད་ཀྱི་དབང་དང་སྤྱན་རས་གཟིགས་ཀྱི་དབང་སོགས་གནང་ནས་རྒྱུན་རིང་ཙམ་ང་ཚོ་དང་མཉམ་དུ་བཞུགས་ཐུབ་པའི་རེ་བ་དང་གྲ་སྒྲིག་ད་ལྟ་ནས་བྱེད་བཞིན་ཡོད། ང་ཚོའི་ཁྱེད་ཀྱི་ཞལ་རས་མཇལ་བ་ལ་སྒུག་ཐུབ་ས་མ་རེདཁྱེད་ནི་ང་ཚོའི་བཙོན་པ་རྣམས་ཀྱི་ཚེ་འདིའི་རེ་བའི་སྐྱབ་གནས་བཅོལ་ས་གཅིག་པུ་དེ་ཡིན་པས་ང་ཚོ་དུས་ནམ་ཡང་མ་བརྗེད་རོགས། 
ང་ཚོའི་ཁྱེད་ཀྱི་བཅོས་མིན་ཞལ་རས་ཀྱི་འཛུམས་མདངསདང་ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་ཡིད་ལ་དྲན་བཞིན་བསྡད་ཡོད། ཀརྨ་དགེ་ལེགས་དང་ཀརྨ་མཁས་གྲུབ་གཉིས་ནས་ཁྱེད་ལ་དགའ་བའི་དམིགས་བསལ་འཚམས་འདྲི་ཞུ་གི་ཡོད། ཁྱེད་ནས་སྐུ་གཟུགས་ལ་གཟབ་ནན་གནང་རོགས། ང་ཚོ་ཚང་མ་ཁྱེད་ལ་དགའ་གི་ཡོད། བཀྲ་ཤིས་བདེ་ལེགས། 

བཅས་བྲིས་འདུག་པས་ཡི་གེ་ཀློག་མཁན་ངོས་ཀྱི་དགེ་ཕྲུག་ལིན་ཌི་དང་སུ་སིན་གཉིས་ནས་ལག་པས་འགྲམ་པ་སྐྱོར་བཞིན་མིག་ཆུ་གཏོང་བཞིན་འདུག བཙོན་པ་འདི་རྣམས་ལ་འབྲེལ་བ་བྱུང་ནས་ཕལ་ཆེར་ལོ་གསུམ་ཙམ་ཡིན་དང་པོ་བཙོན་པ་ནང་པ་མི་གཉིས་གཅིག་པུ་འདུག་རིམ་བཞིན་ཇེ་མང་དུ་སོང་ནས་ད་ལྟ་བཙོན་པ་མི་གྲངས་བཅུ་གཉིས་བོད་པའི་ནང་པ་ཆག་པ་མ་ཟད་བདེ་ཆེན་ཞིང་སྒྲུབ་དང་སྤྱན་རས་གཟིགས་བཅས་ཉམས་ལེན་ཧ་ཅང་ཡག་པོ་གནང་བཞིན་འདུག ང་བཙོན་ཁང་དུ་འགྲོ་ཐེངས་ལྔ་ཙམ་ཡིན། བྷོ་སི་ཊོན་ལ་ཡོད་པའི་ངོས་ཀྱི་སློབ་མ་ཨེ་ཌེའི་བདུན་ཕྲག་རེ་ནང་ཐེངས་མ་རེ་འགྲོ་ནས་ཆོས་བཤད་བྱེད་པ་དང་མ་ཟད་བདེ་ཆེན་ཞིང་སྒྲུབས་མཉམ་འདོན་བྱེད་ཀྱི་ཡོད་རེད།    

Sunday, November 11, 2012

ཀི་ནི་རི་ཀི་ཊི་ལ་ཆོས་བཤད་བྱས་པའི་ཉིན་མོ།

ཀི་ནི་ཊི་ཀི་ཊ་བོད་རིགས་རྣམས་ལ་ཆོས་བཤད་བྱེད་བཞིན་པ།
ཉིན་མོ་འདིར་ཞོགས་པ་ལང་ནས་ཟུར་དུ་ཡོད་པའི་ཕ་ཡུལ་གཅིག་པ་གཡུང་དྲུང་ནང་མི་ལ་ཐུག་འཕྲད་དུ་བཀྲ་ཤིས་ཉི་མ་དང་མཉམ་དུ་སོང་། གཡུང་དྲུང་ནི་ལོ་གཉིས་གསུམ་ཡར་སྔོན་ཀི་ལི་ཧྥོ་ཉར་བསྡད་ཡོད་པས་ས་གནས་འདིར་གནས་སྤོས་བྱས་ནས་ལོ་ཁ་ཤས་ལས་ཕྱིན་མེད། འོན་ཀྱང་ད་རེས་གཡུང་དྲུང་ནས་ཁང་པ་གསར་པ་སྤུས་ལེགས་ཞིག་ཉོས་པ་མ་ཟད་བོད་ལུགས་ཀྱི་མཆོད་ཁྲི་ཧ་ཅང་ཡག་པོ་ཞིག་བཟོས་འདུག ཉིན་གུང་ཟ་མ་དེར་ཟོས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་བོད་རིགས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་ཞོར་དུ་ཉེ་བའི་ཆར་བོད་ནས་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་བདེ་ཆེན་ཞིང་སྨོན་ཞིག་ཀྱང་མཉམ་འདོན་བྱས་པ་ཡིན། མངའ་སྡེ་འདིའི་ནང་དུ་བོད་རིགས་མང་པོ་ཆེར་མེད་ཀྱང་དེ་རིང་ནི་མི་གྲངས་བརྒྱ་དང་བཞི་བཅུ་ཙམ་སླེབས་འདུག ངོས་ནས་དེ་རིང་འདིར་འཛོམས་པའི་བོད་རིགས་རྣམས་ལ་ནང་ཆོས་འདི་གལ་ཆེན་ཡིན་ཚུལ་དང་། ནང་ཆོས་ཉམས་ལེན་བྱེད་མཁན་ཡིན་ནས་བཟུང་སྟེ་མཐའ་གཅིག་ཏུ་སོ་ཐར་རིས་བདུན་གྱི་སྡོམ་པའི་བཅས་ཁྲིམས་ཡོད་མ་དགོས་པར་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་གྱི་ལུས་རྟེན་ཡིན་ན་ནང་པའི་ཆོས་སྒྲུབས་ཆོག་པ་མ་ཟད་མི་མང་ནས་ནང་ཆོས་ཐོས་བསམ་སྒོམ་གསུམ་ཉས་ལེན་བྱེད་དགོས་པ་འཛམ་བུའི་གླིང་སྒང་ལ་གནས་པའི་བོད་རིགས་ཞིག་ཡིན་ནས་བཟུང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་སྲིད་གཉིས་ཀྱི་དགོངས་གཞི་གང་ཡིན་པ་དེ་ཧ་གོ་ནས་དེའི་ལམ་ནས་ཤར་བསྐྱོད་བྱེད་པ་དེ་གལ་ཆེན་ཡིན་ཚུལ་སོགས་ཆོས་སྲིད་གཉིས་ཀའི་ཐོག་ནས་བླང་དོར་གྱི་སྐད་ཆ་སྐར་མ་སུམ་ཅུ་ཙམ་བྱས་པས་མི་མང་ནས་ལག་པ་བརྡབ་ནས་ཧ་ཅང་དགའ་བོ་བྱས་སོང་། ཚོགས་པའི་རྒྱུན་ལས་ཁ་ཤས་ནས་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ལ་འོལ་བསྟོད་ཀྱིས་དེ་རིང་བཀའ་སློབ་ཧ་ཅང་ཡག་པོ་གནང་སོང་བས་མ་འོང་པ་ལ་ཡང་དུ་ཕེབས་རོགས་ཞེས་ཞུས་སོང་བས་ངོས་ཀྱང་སེམས་ནང་དུསྐྱིད་པོ་འདྲ་ཞིག་བྱུང་།
ཟུར་དུ་སྔར་ནས་ངོ་ཤེས་པའི་སྐྱིད་རོང་བའི་བོད་པ་འགའ་ཡོད་པས་ཁོང་རང་ཚོའི་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ལ་ཟུར་འཕྲད་བྱས། ཆོས་བཤད་གྲུབ་མཚམས་བོད་རིགས་འགའ་ཡི་མོས་པ་ལྟར་ཁྱིམ་ནང་དུ་ཁྲུས་དང་རབ་གནས་སོགས་ཕ་ཡུལ་ནས་བོད་པའི་མི་ཚང་ལ་ཇི་ལྟར་བྱེད་པ་དེ་བཞིན་སོ་སོའི་འདོད་བློ་ཡོངས་སུ་བཀང་། 
དགོང་མོ་བཀྲ་ཤིས་ཉི་མའི་ནང་དུ་འབྱོར་བས་ཕ་ཡུལ་གཅིག་པའི་ངོ་ཤེས་འགའ་ནས་སྒུགས་འདུག་པས་དགོང་ཟས་ལ་རོལ་བཞིན་དེ་རིང་ཡག་རབ་དང་སྐྱིད་རབ་སོགས་ཕ་ཡུལ་ནང་ཆེན་བའི་ཡུལ་སྐད་ངོ་མ་དེ་རྒྱབ་ནས་དགོང་མོ་ཆུ་ཚོད་བཅུ་གཉིས་མ་ཟིན་ཙམ་ལ་ཁ་བརྡ་བྱས་ནས་བསྡད་པས་ས་མཐའ་འདིར་སྤུན་མཆེད་གང་ཡང་མེད་ཀྱང་ཕ་ཡུལ་གཅིག་པའི་སྤུན་གྲོགས་རྣམས་དང་འཕྲད་ནས་ཕན་ཚུན་ལྟ་བ་གཅིག་པའི་སྐད་ཆ་དང་ཡུལ་ལུང་གཅིག་པའི་ཕ་སྐད་རྒྱབ་ནས་མཉམ་དུ་བསྡད་རྒྱུ་བྱུང་བ་ངོས་རང་ཧ་ཅང་སྐྱིད་པོ་བྱུང་། 
དེ་ནས་ཟུར་དུ་ཡོད་པའི་གཡུང་དྲུང་གཟའ་མི་གཉིས་ནས་ངོས་ཀྱི་ཟ་མ་དགའ་ཤོས་སྐྱུར་ཐུག་ཡིན་པ་ཤེས་ནས་སྐྱུར་ཐུག་བསྐོལ་བྱུང་སྐྱུར་ཐུག་ཕོར་རྒན་གཉིས་བྲོད་གོག་ནང་བུ་བླུགས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

Saturday, November 10, 2012

བྷོ་སི་ཊོན་ལ་བདེ་ཆེན་ཞིང་སྒྲུབས་དང་ཆོས་བཤད་སོགས་བྱས་པའི་སྐོར།

ཉིན་ཤས་སྔོན་ནས་བྷོ་སི་ཊོན་ལ་སོང་ནས་ལྷ་བབས་དུས་ཆེན་དང་བསྟུན་ནས་དད་ལྡན་མ་ཨ་མ་ཡེ་ཤེས་ནང་མི་དང་ལྷན་བོད་རིགས་མི་ཚང་ཁ་ཤས་དང་མཉམ་དུ་བདེ་ཆེན་ཞིང་སྒྲུབས་འཚོགས། 
སྤྱི་ཚེས་བདུན་ཉིན་ངོས་ཀྱི་དགེ་ཕྲུག་བཙོན་པ་རྣམས་དང་ཐུག་འཕྲད་ལ་སོང་བས་བཙོན་སྲུང་བས་ལུས་གཤེར་མང་པོ་བྱས་ནས་མཐར་བཙོན་ཁང་ནང་དུ་འགྲོ་བཅུག་བྱུང་། ནང་དུ་སོང་བས་བཙོན་པ་རྣམས་ནས་ངོས་ལ་ཕེབས་སྒུག་བྱས་འདུག་ཁོ་རང་ཚོ་བཙོན་པ་རྣམས་འཛོམས་ས་སྤྱི་ཁང་ཞིག་ཡོད་པ་དེར་སོང་བས་ནང་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཐང་ག་དང་༧གོང་ས་སྱབས་མགོན་ཆེན་པོའི་སྐུ་པར་དང་ངོས་ཀྱི་པར་བཅས་གཤམས་ནས་ཁང་པ་དེར་ཆོས་ཚོགས་འདྲ་ཞིག་བཟོས་འདུག ངོས་དེར་འབྱོར་བ་དང་མཉམ་དུ་ང་ལ་ཚང་མས་ཕྱག་འཚལ་བ་དང་ཁ་ཤས་འཐམ་འཁྱུད་བྱེད་པ་སོགས་མདོར་ན་བརྩེ་གདུང་ཅན་གྱི་ཕ་བུ་འཕྲད་པ་ནང་བཞིན་ཧ་ཅང་དགའ་བོ་བྱེད་ཀྱི་འདུག བཙོན་སྲུང་བས་ང་ལ་དུས་ཚོད་ཆུ་ཚོད་གཅིག་ཁོ་ན་སྤྲད་པའི་རིང་དེར་ང་ཚོའི་དང་པོ་བདེ་ཆེན་ཞིང་སྒྲུབ་བསྡུས་པ་ཞིག་གཏང་ནས་ཝེར་ནམ་ནས་ཡིན་པའི་མི་ཞིག་དང་ར་ཤི་ཡ་ནས་ཡིན་པའི་མི་ཞིག་བཅས་མི་བཞི་ལ་ཁོ་རང་ཚོའི་འདོད་པ་བཞིན་དུ་སྐྱབས་སྡོམ་གནང་ནས་བོད་པའི་མིང་སོགས་སྤྲད་པས་ཁོ་རང་ཚོཧ་ཅང་དགའ་བོ་བྱུང་སོང་། དེ་རིང་བཙོན་ཁང་འདིར་ང་ཐེངས་མ་བཞི་པ་དེ་ཡིན་བཙོན་ཁང་ནང་དུ་ངོས་ཀྱི་དགེ་ཕྲུག་སྡོམ་པས་མི་བཅུ་དྲུག་ཡོད། བཙོན་པ་འདི་རྣམས་ཚེ་བཙོན་རྐྱང་རྐྱང་རེད་འདུག ང་འགྲོ་རན་པའི་སྐབས་སུ་བཙོན་པ་ཚང་མས་མིག་ཆུ་གཏོང་གི་འདུག་པས་ང་ཡང་རང་དབང་མེད་པར་མིག་ཆུ་ཤོར་སོང་།
སྤྱི་ཚེས་བརྒྱད་ཉིན་ངོས་ཀྱི་ཆོས་གྲོགས་དམ་པ་ཨེ་ཌི་འམ་ཆོས་མིང་དུ་ཀརྨ་ཤེས་རབ་ནས་གོ་བསྒྲིགས་བྱས་པ་ནང་བཞིན་ཁོ་རང་གི་ཡེ་ཤུའི་ཆོས་ཁང་ནང་དུ་ཆོས་བཤད་ལ་སོང་བས་ངོས་ཀྱི་བསམ་ཚོད་ལས་འདས་པར་དབྱིན་ཇི་མི་གྲངས་བརྒྱ་ལྷག་ནས་འཚོགས་ཁང་དེ་ཡོངས་སུ་ཁེངས་འདུག དེ་རིང་གི་བརྗོད་བྱའི་ཆོས་ནི་བདེ་སྐྱིད་སྐྲུན་སྟངས་སྐོར་ཡིན་པས་ངོས་ནས་ནང་ཆོས་གཞི་བཟུང་གིས་བདེ་སྐྱིད་ཀྱི་འགོག་རྐྱེན་ནམ་མི་མཐུན་ཕྱོགས་ཉོན་མོངས་དུག་ལྔ་སྤངས་དགོས་སྐོར་དཔེ་དང་སྦྲགས་ནས་བཤད་ས་ཨ་མ་ཡེ་ཤེས་ནས་དབྱིན་ཇི་ཐོག་ཏུ་བསྒྱུར་བས་མི་མང་ནས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག 
དེ་རིང་ཆོས་གྲལ་དུ་བོད་རིགས་ཁ་ཤས་འདུག་པས་ཆོས་ཐུན་སྐབས་སུ་ཟུར་ནས་སྐད་ཆ་བྱསམི་ཚང་ཞིག་ཕ་མ་དང་སྤུན་མཆེད་སོགས་ཡ་རབ་ཆོས་ལ་འདོད་པ་དོན་གཉེར་ཆེན་པོ་ཅན་ཞིག་རེད་འདུག་པས་ཆོས་ཐུན་གྲོལ་བ་མཉམ་དུ་ཁོ་རང་ཚོའི་འདོད་པ་ལྟར་མི་ཚང་དེའི་ནང་དུ་ཁང་པ་གསར་པར་ཁྲུས་དང་རབ་གནས་བྱེད་ལ་སོང་ནས་དགོང་མོ་ཆུ་ཚོད་བཅུ་པའི་སྐབས་སུ་ཨ་མ་ཡེ་ཤེས་ནང་དུ་འབྱོར། 
སྤྱི་ཚེས་བཅུ་ཉིན་བྷོ་སི་ཊོན་ནས་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་ཀེ་ནི་ཊི་ཀི་ི་ཞེས་པའི་མངའ་སྡེ་རུ་ཁུལ་དེར་ཡོད་པའི་ས་གནས་བོད་རིགས་ཀྱི་ཚོགས་གཞོན་ཕ་ཡུལ་གཅིག་པའི་བཀྲ་ཤིས་ཉི་མ་ལགས་ནས་སྔ་ནས་གྲ་བསྒྲིགས་བྱས་པ་ནང་བཞིན་བདེ་ཆེན་ཞིང་སྒྲུབས་དང་བོད་རིགས་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་བྱེད་ལ་སོང་། 

Wednesday, October 31, 2012

ཨ་རིའི་ནང་དུ་ཆར་རླུང་གི་རྐྱེན་པས་གོད་ཆག་ཚབ་ཆེན་བྱུང་བ།

ཆར་རླུང་གིས་གོད་ཆག་བྱུང་བའི་ཟུར་པར་ཞིག
ཉིན་མོ་འདིར་ཨ་རིར་དེ་སྔ་བྱུང་མ་མྱོང་བའི་རྒྱ་མཚོའི་རྦ་རླབས་ལས་བྱུང་བའི་དྲག་ཆར་གྱིས་མི་རྒྱུ་གཉིས་ལ་གོད་ཆག་ཚབ་ཆེན་བྱུང་། ཨ་རིའི་ནང་ཁུལ་དྲག་ཆར་དང་རླུང་འཚུབས་ཀྱི་རྐྱེན་པས་མི་གྲངས་ལྔ་བཅུ་ཙམ་ཤི་བ་དང་གྲངས་ཚད་མ་ངེས་པའི་མི་མང་པོ་བོར་བརླགས་སོགས་བྱུང་། 
མ་ཟད་དེ་རིང་ཨ་རིར་འདྲེ་ཡི་དུས་ཆེན་ནམ་ Happy halloween day ཞེས་པ་ཉིད་ཡིན་པས་དགོང་མོ་བུ་དང་བུ་མོ་རྣམས་ཀྱིས་མགོ་ལུས་རྣམས་སུ་འདྲེ་གཟུགས་གཡོགས་ནས་ལག་ཏུ་མངར་ཟས་སློང་སྣོད་ཁུར་ནས་མི་ཚང་སྒོ་འགྲིམ་བྱེད་ནས་འགྲོ་བའི་ལུགས་སྲོལ་འདི་རེད་འདུག 
ངོས་ཀྱང་དེ་རིང་འཆར་གཞི་ལྟར་དུ་བྱས་ན་ཡེ་ཤུའི་ཚོགས་ཁང་ཞིག་ནང་དུ་ཉིན་གྲངས་གསུམ་རིང་བདེན་པ་བཞིའི་ཆོས་བཤད་དགོས་ཀྱང་དྲག་ཆར་དེས་རྐྱེན་ནས་མཛད་རིམ་ཡོངས་རྫོགས་ཕྱི་འཐེན་བྱེད་དགོས་བྱུང་། 
དེ་རིང་གནམ་གཤིས་དེས་རྐྱེན་ནས་ངོས་ཀྱི་ཆོས་གྲོགས་ཨོ་རྒྱན་དར་རྒྱས་ནང་དུ་སྐྱུར་ཐུག་འཐུང་བཞིན་ཕ་ཡུལ་གྱི་སྐོར་ཁ་བརྡ་བྱེད་བཞིན་ལྷོད་ལྷོད་བྱས་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་།  

Sunday, October 28, 2012

ཉི་ཡོག་ལ་བདེ་ཆེན་སྒྲུབས་ཀྱི་ཉིན་མོ།

ཉི་ཡོག་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་བཞིན་པ།
ངོས་ཀྱི་ཕ་ཡུལ་གཅིག་པ་དང་མ་ཟད་རྒྱ་གར་བལ་ཡུལ་སོགས་ནས་རིང་དུ་འདྲིས་པའི་དད་ལྡན་པ་ཨོ་རྒྱན་དར་རྒྱས་སོགས་ཕ་ཡུལ་ནང་ཆེན་པ་འགའ་ཡི་འདོད་མོས་ལྟར་བདེ་ཆེན་ཞིང་སྒྲུབ་ཆོས་ཚོགས་དང་། ཉི་ཡོག་འབྲུག་པ་བཀའ་བརྒྱུད་ཚེས་བཅུ་ཚོགས་པ་གཉིས་ཀྱི་གོ་བསྒྲིགས་ལྟར་ཉི་ཡོག་ལ་བདེ་ཆེན་ཞིང་སྒྲུབ་ཐེངས་མ་དང་པོ་འཚོགས། འཚོགས་ཡུལ་ནི་ཡེ་ཤུའི་ཚོགས་ལྷ་ཁང་གཙང་ལ་དཀྱིལ་ཡངས་ཆེ་བ་ཞིག་གི་ནང་དུ་གྲ་བསྒྲིགས་བྱས་འདུག འཚོགས་ཁང་དེར་མི་གྲངས་བཞི་བརྒྱ་ཙམ་གྱི་ཤོང་ཚད་ཅན་རེད་འདུག དེ་རིང་ནི་ཨ་རིའི་གཟ་ཉི་མའི་གུང་སང་ཡིན་པས་མི་མང་པོ་ཞིག་འཛོ་ཐུབ་པའི་རེ་བ་བྱས་ཀྱང་སྟབས་མ་ལེགས་པ་ཞིག་ལ་དྲག་ཆར་རླུང་འཚུབ་ཀྱི་གནོད་སྐྱོན་ཡོང་བའི་ཉེན་བརྡས་རྐྱེན་ནས་མིབསམ་ཚོད་ཙམ་མ་འཛོམས་ཀྱང་། ཕལ་ཆེར་དབྱིན་ཇི་དང་བོད་པ་སོགས་ཚང་མ་སྡོམཔས་ཚོད་དཔག་བྱས་ན་མི་གྲངས་བརྒྱ་ལྷག་ཞིགཡོད་ས་རེད། དེ་རིང་ངོས་ཀྱི་མཆེད་གྲོགས་སྐྱབས་རྗེ་ཟིལ་དཀར་རིན་པོ་ཆེ་ཡང་དངས་བླངས་ཀྱིས་ཕེབས་བྱུང་བས་ང་ཚོའི་ཚོགས་པ་དེ་ཧ་ཅང་བསྐལ་པ་བཟང་པོ་བྱུང་སོང་། 
མ་ཟད་དེ་རིང་འདིར་འདུས་པའི་མི་གྲངས་བརྒྱ་ལྷག་གི་དགོང་ཟས་གྲ་རྒྱས་པོའི་བཟའ་ཏུང་ཡོངས་རྫོགས་ནུབ་ཟས་ཀྱི་སྦྱིན་བདག་ནི་ངོས་ལ་ཐོག་མཐའ་བར་གསུམ་དུ་སྦྱིན་བདག་གནང་མཁན་དད་ལྡན་བལ་ཡུལ་རྣམ་རྒྱལ་ལགས་ཡིན་པས་ཁོང་གི་གཏོང་ཕོད་ལ་ཡི་རངས་དང་བཅས་ཐུགས་རྗེ་ཆེ་ཞུ། 
དེ་རིང་གི་འཚོགས་པ་ནི་གཙོ་བོ་བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་བཅུ་རེ་གྲངས་ནས་སྐུ་ལུས་མེ་མཆོད་དུ་ཕུལ་བ་དེ་རྣམས་ཀྱི་ཆེད་དུ་ཡིན། གནམ་ཆོས་འོད་ཆོག་ཉིད་དབུར་བཟུང་ནས་མཉམ་དུ་གཏོན་ཅིང་བར་སྐབས་སུ་ངོས་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་དང་དགེ་བཅུའི་བླངས་དོར་སོགས་ཆོས་བཤད་ཐུང་ཙམ་བྱས་ནས་ཚོགས་འཁོར་དང་ཆགས་མེད་བདེ་སྨོན་རྒྱས་པ་བསྔོ་བ་དང་སྨོན་ལམ་བཅས་ཀྱིས་དེ་རིང་གི་མཛད་སྒོ་དེ་བཀྲ་ཤིས་བདེ་ལེགས་ཀྱིས་ཡོངས་སུ་གྲོལ།  

Tuesday, October 23, 2012

སྤྲོ་སེང་ལ་སོང་བའི་ཉིན་མོ།

ལམ་བར་དུ་ཇ་མཆོད་བཞིན་པའི་ཟུར་པར་ཞིག
དེ་རིང་ནི་ང་ཚོ་མི་བདུན་རླངས་འཁོར་གཅིག་གི་ནང་དུ་འདི་ནས་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་བཀའ་བརྒྱུད་ཐུབ་བསྟན་ཆོས་གླིང་། ཞེས་སྐྱབས་རྗེ་ཀར་ལུ་རིན་པོ་ཆེའི་ཆོས་ཚོགས་ཞིག་ཡོད་པ་དེར་སྔ་ནས་འགྲོ་རྒྱུ་བྱས་ནས་འབྲེལ་བ་བྱས་ཡོད་པས་དེར་སོང་། ཆོས་ཚོགས་དེ་ཡི་ཆགས་ཡུལ་ནི་རི་མཐོ་ལ་ས་གཙང་ཞིང་གནས་དབེན་པ་རྫ་སྤངས་འདྲེས་མའི་རི་མགོ་ཞིག་ཏུ་འདུག ང་ཚོ་དེར་འབྱོར་བ་དང་མཉམ་དུ་དབྱིན་ཇི་ཕོ་གསར་ཞིག་ནས་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ལ་ཕེབས་བསུ་བྱེད་ཀྱི་འདུག ལུང་པ་འདི་ཡི་འགྲོ་སྟངས་ལྟར་དུ་ང་ཚོ་ཕན་ཚུན་ལག་འཇུ་དང་མིང་སོགས་ངོ་སྤྲོད་བྱས་ནས་ནང་དུ་སོང་བས་མཚམས་ཁང་གསར་པ་ཁ་ཤས་གཞེངས་འདུག སྦུགས་སུ་གཙང་ཁང་ཆུང་ཆུང་ཞིག་ནང་དུ་རྒྱལ་དབང་ཀརདང་སྐྱབས་རྗེ་ཀར་ལུ་རིན་པོ་ཆེ་དང་འབོ་དཀར་རིན་པོ་ཆེ་རྣམས་ཀྱི་སྐུ་པར་དང་། ཐང་ཀ་འགའ་དང་སངས་རྒྱས་ཀྱི་སྐུ་སོགས་མཇལ་རྒྱུ་འདུག ང་ཚོ་དེར་བསྡད་ནས་རྡོ་རྗེ་འཆང་ཐུང་མ་དང་བདེ་ཆེན་ཞིང་སྨོན་སོགས་ཁ་འདོན་མདོར་བསྡུས་ཞིག་ཀྱང་བྱས་པ་ཡིནཔོར་ལེན་བོད་པ་རྣམས་ནས་ཟ་མ་ཁུར་འདུག་སྟབས་དབྱིན་ཇི་བུ་དེ་དང་མཉམ་དུ་ཉིན་གུང་ཟ་མ་མཉམ་དུ་ཟོས། གཡས་གཡོན་དུ་སྒྲོལ་མའི་སྐུ་སོགས་ཁ་ཤས་མཇལ་རྒྱུ་འདུག་པས་ལྷོད་ལྷོད་བྱས་ནས་སྐོར་གཡེངས་བྱས། དེ་ནས་༢༠༡༤ ལོར་ང་ཚོ་བདེ་ཆེན་ཞིང་སྒྲུབས་རི་མགོ་འདིར་འཚོགས་རྒྱུ་བྱས་པས་དབྱིན་ཇི་བུ་དེས་ཀྱང་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་ནས་ང་ཚོ་ལམ་བར་ནས་པར་ལེན་བཞིན་དེ་རིང་སྐྱིད་རབས་དང་ཡག་རབས་སོགས་ཀྱི་ཁ་བརྡ་བྱེད་བཞིན་ཤེས་རབ་སྐལ་ལྡན་གྱི་ནང་དུ་འབྱོར་ནས་གདོང་ཟས་ཟོས་ནས་དེ་རིང་ཁ་སང་གི་ཉིན་ཐོ་རྣམས་མདོར་བསྡུས་མ་ཆད་ཙམ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

གཟའ་ཉི་མའི་བདེ་ཆེན་ཞིང་སྒྲུབས།

དད་ལྡན་པ་པད་རྒྱལ་རྒན་གོག་གཉིས་དང་ལྷན་དུ།
ཉིན་རྒྱབ་ཆུ་ཚོད་དྲུག་པའི་སྐབས་སུ་བོད་ཁང་དུ་སོང་བས་མི་མང་བཞི་བཅུ་ཙམ་ཞིག་འཛོམས་འདུག དེ་རིང་ནི་པོར་ལེན་འདི་ལོའི་བདེ་ཆེན་ཞིང་སྒྲུབས་དང་སྤྱོད་འཇུག་གི་གསུང་ཆོས་བཅས་ཉིན་ཐ་མ་དེ་ཡིན་པས་འོད་ཆོག་ཞིག་མཐར་ཆགས་སུ་བཏོན་ནས་བསྙེན་པའི་མཇུག་ཏུ་འོད་དཔག་ཚོགས་མཆོད་མདོར་བསྡུས་ཞིག་གཏང་། དེ་ནས་སྤྱོད་འཇུག་བསྔོ་བའི་ལེའུ་རྣམས་མཉམ་དུ་བཏོན། བདེ་ཆེན་ཞིང་གི་སྨོན་ལམ་བསྡུས་པ་ཚར་གསུམ་བཏོན་ནས་བསྔོ་སྨོན་གྱིས་མཐའ་ཡོངས་སུ་གྲུབ་པར་བྱས། དེ་རིང་ཉིན་ཐ་མ་ཡིན་སྟབས་དད་ལྡན་མི་མང་རྣམས་ནས་ངོས་ལ་མཇལ་དར་དང་ཆོས་ཡོན་སོགས་ལ་བང་བསྒྲིགས། ངོས་ནས་ཀྱང་མི་མང་ལ་སྨོན་ལམ་དང་བཀའ་བསྒོ་སོ་སོའི་ཐུགས་འདོད་ལྟར་དུ་ཕྱག་དབང་སོགས་གང་དྲག་བྱས་ནས་དེ་རིང་གི་ཆོས་ཐུན་བཀྲ་ཤིས་དགེ་མཚན་གྱིས་ངང་ནས་གྲོལ། ཁ་སང་ནས་དུས་ཆད་བྱས་པ་ལྟར་དིང་རིའི་ཕྱོགས་ནས་ཡིན་པའི་རྒན་པོ་པད་རྒྱལ་ལགས་ཀྱི་ནང་དུ་ཁོ་རང་ཚོའི་འདོད་པ་ལྟར་སོང་། རྒན་པོ་པད་རྒྱལ་དང་ཁོང་གི་གཟའ་ཟླ་རྒན་མོ་དེ་གཉིས་ནི་ཆོས་ལ་ཧ་ཅང་དད་པ་ཆེན་པོ་ཅན་ཞིག་ཡིན་པ་མ་ཟད་ཁོ་རང་གཉིས་ནས་བཛྲ་གུ་རུའི་བསྙེན་པ་དུང་གཅིག་འགྲུབ་ལ་ཉེ་བ་རེད་འདུག ང་དེ་རིང་འདིར་ཡོང་དོན་གཙོ་བོ་ནི་རྒན་གོག་གཉིས་ལ་ཟུར་དུ་སེམས་ངོ་སྐྱོང་སྟངས་སྐོར་དང་། མ་ཟད་ཁོ་གཉིས་ནས་དེང་ནས་བཟུང་སྟེ་མ་ཤིའི་བར་དུ་མི་ཚངས་སྤྱོད་པ་སྤང་གི་ཡིན་ཟེར་བས་ངོས་ནས་ཀྱང་སྣ་གཅིག་སྤྱོད་པའི་དགེབསྙེན་གྱི་སྡོམ་པ་གནང་ཁུལ་བྱས་པས་ནས་དེར་ནུབ་དེར་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། ལར་ནི་ངོས་ཀྱི་ཨ་མ་ང་སྐྱེས་ནས་ཟླ་བ་ཁ་ཤས་མཚམས་སུ་རྒྱ་མིའི་རིག་གནས་གསར་རྗེའི་ལས་འགུལ་ཁྲོད་ནས་མུག་ཤི་ཐེབས་སོང་བས་བོད་པའི་མ་རྒན་ལག་ཏུ་ཕྲེང་བ་ལག་འཁོར་ཅན་ཞིག་ནམ་མཐོང་ལ་ང་རང་གི་ཨ་མ་དེ་ད་ལྟ་ཡོད་ན་འདི་འདྲ་བྱས་ནས་བསྡད་ཡོད་རྒྱུ་རེད་བསམ་ནས་མ་དྲན་གསོས་བྱེད་ཀྱི་འདུག

Saturday, October 20, 2012

གཟའ་སྤེན་པའི་བདེ་ཆེན་ཞིང་སྒྲུབས།

ཞིང་སྒྲུབ་ཚར་བའི་སྐབས་སུ་འཇའ་གུར་ཕུབ་པའི་ཟུར་པར་ཞིག
ཉིན་མོ་འདི་ནི་ནུབ་བྱང་བོད་རིགས་ཚོགས་པའི་བོད་པ་རྣམས་ལ་ཆེད་དུ་གྲ་བསྒྲིགས་བྱས་པའི་གཟའ་སྤེན་པ་དང་ཉིན་མའི་གུང་སང་སྐབས་ཀྱི་བདེ་ཆེན་ཞིང་སྒྲུབས་དེ་ཡིན། ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་བོད་ཁང་དུ་སོང་ནས་བསྙེན་གནས་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོ་པ་རྣམས་ཞུས་གནང་སྤྱི་ལྟར་དུ་གྲུབ་ནས་འདོན་སྒོམ་ཁྲིད་གསུམ་སྦྲག་མ་དང་གནམ་ཆོས་འོད་ཆོག་ཉིད་བཏོན་ནས་བར་མཚམས་རྣམས་སུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་བཅས་བྱས་ནས་ཉིན་གཅིག་ལ་ཆོ་ག་ཚར་གཉིས་གྲུབ་པར་བྱསདགོང་མོ་ཆུ་ཚོད་ལྔ་པའི་སྐབས་སུ་ཆོས་མཚམས་གྲུབ་པར་བྱས་པས་དེ་རིང་གི་ཆོས་བཤད་དེར་མི་མང་ཧ་ཅང་ནས་ཀྱང་དགའ་བོ་བྱུང་སོང་། 
དེ་ནས་ཆོས་མཚམས་གྲུབ་པ་དང་ལྷན་དུ་ཕྱི་ལོགས་སུ་ཡོང་བས་མི་རྣམས་ནས་ནམ་མཁར་བལྟ་ནསསྐད་ཅོར་རྒྱག་བཞིན་འདུག དེ་ནི་ནམ་མཁར་འཇའ་གུར་ཕུབ་ཡོད་པ་དེ་རེད་འདུག འཇའ་དེ་ཉིད་ཀྱང་བདེ་ཆེན་ཞིང་སྒྲུབ་འཚོགས་ཁང་གིསྟེང་ནས་ཕལ་ཆེར་བླ་རེ་བྲེས་པ་ནང་བཞིན་འཇའ་ཧ་ཅང་གསལ་པོ་ཕྱི་ནང་གཉིས་ཤར་འདུག་པས་ང་ཚོ་མི་ཁ་ཤས་ཞིག་འཇའ་གུར་ལ་རྒྱབ་གཏད་ནས་པར་བླངས་པ་སོགས་བྱས་པ་ཡིན། དེ་ནས་རླངས་འཁོར་དུ་ཞུགས་ནས་ཤེས་རབ་སྐལ་ལྡན་ནང་དུ་འབྱོར་ནས་དགོང་ཟས་ཞིག་ཟོས་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Wednesday, October 17, 2012

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོ།

མཛེས་པའི་པོར་ལེན་གྱི་ཡུལ་ལྗོངས།
ཁ་སང་ཆོས་གྲོགས་པདྨ་ཆོས་འཕེལ་གྱི་འདོད་པ་ལྟར་ཁོ་རང་གི་ནང་དུ་སོང་། དགོང་ཟས་སུ་ཞལ་ལག་གྲ་རྒྱས་པོ་ཞིག་ཁོ་རང་གི་ནང་མི་མཉམ་དུ་རོལ། ད་ནང་ཞོགས་པ་རྨི་ལམ་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གཟན་ཤམས་དམར་སེར་འོད་འཚེར་བ་ཞིག་བརྣབས་ནས་རི་མགོ་ཞིག་ནས་མཇལ་བ་རྨིས་བྱུང་བ་མ་ཟད་ས་ཆ་རྒྱུས་མེད་མང་པོ་ཞིག་ལ་གནས་སྐོར་ལ་འདྲ་བྱས་ནས་ངེད་གཉིས་གཅིག་པོ་མཉམ་དུ་སོང་བ་རྨིས་བྱུང་། ང་ལ་ཐུགས་མཉེས་པོ་གནང་བ་དང་དགོན་པ་འདྲ་ཞིག་ནང་དུ་ཁྲིད་ནས་ཁྱེད་རང་དེར་བསྡད་དགོས་ཞེས་བཀའ་གནང་བྱུང་། དགོན་པ་དེ་ནི་ཕྱོགས་གཅིག་ནས་བལྟ་དུས་རྙིང་དགོན་རྣམ་གྲོལ་གླིང་འདྲ་བོ་དང་། དྲན་སྣང་གཅིག་ལ་ཐེའུ་ལན་ཌའི་ནང་གི་དགོན་པ་ཞིག་འདྲ་རེད་འདུག གང་ལྟར་གཉིད་སད་པའི་སྐབས་སུ་སེམས་ལ་ཧ་ཅང་སྐྱིད་པོ་འདྲ་ཞིག་བྱུང་འདུག པདྨ་ཆོས་འཕེལ་ཕ་མ་དང་བདེ་ཆེན་བཅས་ངེད་མི་བཞི་པོ་ཉ་མང་པོ་ཕྱོགས་གཅིག་ཏུ་ཡོད་སའི་མཚོ་ཁུག་ཞིག་ནང་དུ་ཉ་ལ་ཁ་ཟས་སྤྲད་ལ་སོང་། ས་ཆ་དེར་ཡོད་པའི་ཟམ་པ་ཞིག་ཡོད་པ་དེ་ཡི་མིང་ལ་ལྷ་ཡི་ཟམ་པ་ཞེས་དབྱིན་ཡིག་ཏུ་བྲིས་འདུག་ཉིན་གུང་ཟ་མ་ཚར་དུས་རྫ་རི་རྡོག་རྡོག་ཞིག་ལ་རྐང་ལམ་ཕྲ་མོ་ཞིག་ཡོད་པ་དེར་ཞུགས་ནས་རི་མགོར་སོང་བས་ས་མཐོ་རི་གཙང་མཐོང་རྒྱ་ཆེ་བ་སོགས་ཀྱི་རྐྱེན་ཧ་ཅང་སྐྱིད་པོ་བྱུང་། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་བོད་ཁང་དུ་དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རི་གཞུང་ནས་གསེར་གྱི་གཟེངས་རྟགས་དང་། ལྷག་དཀར་ཉིན་མོ་བཅས་མཉམ་དུ་ཁེལ་བས་དེར་སོང་ནས་སྔ་ནས་མཛད་འཆར་ལྟར་བོད་རིགས་ བདུན་བཅུ་ཙམ་ལ་བློ་སྦྱོང་ཚིག་བརྒྱད་མའི་འགྲེལ་བཤད་མདོར་བསྡུས་ཞིག་བྱས་ནས་ ཤེས་རབ་སྐལ་ལྡན་ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་མ་ཆད་ཙམ་ཞིག་གཏང་ནས་ཉལསར་སོང་ནས་གཉིད་དུ་ཡུར།

Sunday, October 14, 2012

གཟའ་ཉི་མའི་སྤྱོད་འཇུག་གི་གསུང་ཆོས་ཉིན་མོ།

པོར་ལེན་བོད་རིགས་དད་ལྡན་བ་རྣམས་ཀྱི་པར་ཟུར་ཞིག
ཉིན་མོ་འདི་ནི་པོར་ལེན་བོད་རིགས་རྣམས་ལ་གཟའ་ཉི་མའི་གསུང་ཆོས་དེ་ཡིན་སྟབས་ཉིན་གུང་རྒྱབ་ཏུ་བོད་ཁང་དུ་སོང་ནས་སྔ་མའི་ཆོས་ཐུན་གྱི་འཕྲོ་སྤྱོད་འཇུག་བཟོད་པའི་ལེའུ་བར་རྫོགས་པར་བྱས། པོར་ལེན་བོད་རིགས་རྒན་གོག་རྣམས་ནི་ཆོས་ལ་དད་པ་ཆེན་པོ་ཡིན་པ་མ་ཟདངོས་ལའང་གུས་གཙི་དང་དགའ་ཞེས་ཆེན་པོ་བྱེད་མཁན་ཡིན། ས་གནས་འདིར་བདེ་ཆེན་ཞིང་སྒྲུབ་འཚོགས་ནས་ཕལ་ཆེར་ལོ་ལྔ་ཙམ་འགྲོ་འདུག་ངོས་ལ་ལྟོས་ན་བླ་ཆེན་དང་ཆོས་ལུགས་ག་གེ་མོའི་ཆོས་ཚོགས་སུ་འགྲོ་ཆོག་ཆོག་དང་ཟ་ཆོག་ཆོག་རྒྱབ་སྐྱོར་བྱེད་མཁན་གང་ཡང་མེད་པའི་རང་འགུལ་གྱིས་ཐབས་ཤེས་གང་དྲག་བྱས་ནས་ད་བར་་ཆས་ཕུད་ནས་ལས་ཀ་ལ་འགྲོ་མ་དགོས་པར་ང་རང་གྲྭ་རྐྱང་ཞིག་གིས་འདས་པའི་ལོ་ཤས་ནང་རྒྱ་གར་ལྷོ་ཕྱོགས་དང་ས་གནས་འདི་གཙོས་པའི་ཆོས་ཕྱོགས་ཀྱི་ལ་རྗེས་ལ་ཕྱི་མིག་ཞིག་བལྟས་དུས་རང་གིས་རང་ལ་ཡི་རངས་སྐྱེ་འོས་པ་ཞིག་རེད་འདུག་བསམ་པ་བྱུང་། ཆུ་ཚོད་ལྔ་པའི་སྐབས་སུ་གསུང་ཆོས་གྲུབ་ནས་ནང་དུ་འབྱོར། འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་དུས་དེ་རིང་རང་བོད་ཨ་མདོ་ཙོད་གྲོང་སྡེ་ནས་ཡིན་པའི་བོད་མི་ཞིག་ནས་རང་ལུས་མེར་བསྲེགས་གཏང་འདུག ད་ནི་མདོ་སྟོད་སྨད་གཉིས་ནས་རིན་ཐང་བྲལ་བའི་དཔའ་བོ་དཔའ་མོ་མི་མི་གྲངས་བརྒྱ་ཕྲག་ཕྱེད་ཀ་ལྷག་ཙམ་ཞིག་མིང་གི་ལྷག་མ་དང་ཐལ་བ་སྦར་མོ་གང་ལ་བརྗེ་བའི་བསམ་མི་ཕོད་པའི་ལས་འགུལ་འདི་ལ་ལག་པས་འགྲམ་པ་སྐྱོར་བཞིན་ཞིབ་འདིང་ཞིག་རྒྱབ་པས་སེམས་ལ་སྐྱོ་གདུང་འདྲེས་མ་བྱུང་། དེ་ནས་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, October 13, 2012

བདེན་པའི་མེ་ལྕེའི་སྐོར་བསྐྱོད་འབྱོར་བའི་ཉིན་མོ།

བདེན་པའི་མེ་ལྕེའི་སྐོར་བསྐྱོད་བྱེད་བཞིན་པ།
ཞོགས་པ་ལང་ནས་ཁ་འདོན་རྣམས་གྲུབ་པ་དང་མཉམ་དུ་ཆུ་ཚོད་བཅུ་གཅིག་སྐབས་སུ་དབུས་བོད་མི་མང་སྤྱི་འཐུས་ནས་ལས་འགུལ་སྤེལ་བའ་"བདེན་པའི་མེ་ལྕེའི་སྐོར་བསྐྱོད་" ཞེས་པའི་ལས་འགུལ་འདི་བོད་རིགས་ཡོད་སའི་ས་གནས་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་དུ་ལས་འགུལ་སྤེལ་བ་རེད། དེ་རིང་འདིར་འབྱོར་བའི་བདེན་པའི་མེ་ལྕེ་ཉིད་ཀྱང་ཨ་རི་ནས་བསྐོར་བསྐྱོད་བྱས་ནས་དེ་རིང་འདིར་འབྱོར་བ་ཞིག་རེད་འདུག ཤེས་རབ་སྐལ་ལྡན་ནང་མི་རྣམས་དང་ལྷན་ངོས་ཀྱང་ས་གནས་འདིར་གཏན་བསྡོད་མིན་ཀྱང་བོད་མི་ཞིག་ཡིན་པའི་ཆ་ནས་དྭངས་བླངས་ཀྱིས་མཉམ་དུ་སོང་། ངོས་ནས་བསམ་ན་དེ་རིང་གཟའ་སྤེན་པའི་གུང་སང་ཡིན་པ་དང་མ་ཟད་ལས་འགུལ་འདི་ཉིད་དབུས་བོད་མི་མང་སྤྱི་འཐུས་ནས་སྤེལ་བའི་ལས་འགུལ་གལ་ཆེན་ཞིག་ཡིན་སྟབས་མི་མང་ཙམ་འཛོམས་རྒྱུ་རེད་བསམ་བྱུང་ཡང་ལས་འགུལ་སྤེལ་སའི་ས་གནས་སུ་འབྱོར་བའི་སྐབས་སུ་ཚོད་དཔག་བྱས་ན་ཕལ་ཆེར་བོད་མི་ལྔ་བཅུ་དྲུག་བཅུ་ཙམ་ཞིག་ལས་མི་འདུག ངོས་ནས་བསམ་བློ་ཞིག་འཁོར་བྱུང་བོད་པ་རྣམས་ཀྱིས་ལོ་མང་རིང་ནུས་མེད་ཀྱི་ལས་འགུལ་ཆུང་ཙག་རིགས་སྤེལ་རྒྱུ་མང་དྲག་ནས་མི་མང་རྣམས་སུན་ནས་ལས་འགུལ་སྐབས་སུ་ལ་རྒྱབ་སྐྱོར་མེད་པ་ལས་ཡེ་ནས་སེམས་ཤུགས་མེད་པ་གཏན་ནས་མ་རེད་སྙམ་པ་བྱུང་། ད་ནི་ལས་འགུལ་ཆུང་ཙག་དུས་ཚོད་འཕྲོག་རླག་རིགས་འདི་རྣམས་མ་ཡིན་པར་འཛམ་གླིང་ས་གནས་གང་དུ་གནས་པའི་བོད་རིགས་ཡོངས་ནས་ཉིས་སྟོང་བརྒྱད་ལོའི་ནང་བཞིན་ཉིན་གཅིག་དུས་གཅིག་ལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཐུབ་ན་བསམ་པའི་ཡིད་སྨོན་ཙམ་བྱུང་། དེ་ནས་ལས་འགུལ་འགོ་འཛུགས་སྐབས་སུ་ས་གནས་འདིའི་བོད་པའི་རྒྱུན་ལས་སྐྱེ་དམན་ཞིག་ནས་དབྱིན་བོད་གཉིས་ཀྱི་ཐོག་ནས་དེ་རིང་གི་ལས་འགུལ་དེའི་སྐོར་གསལ་བསྒྲགས་གྲུབ་མཚམས་ས་གནས་སོ་སོའི་ལས་བྱེད་དང་སྐུ་གྲོན་རྣམས་ཀྱིས་གཏམ་བཤད་རྣམས་ཡོངས་སུ་གྲུབ་ནས་ཆོས་དགེ་བརྩོན་འགྲུས་ཀུན་དགའ་ནས་ཞལ་འདོན་འགོ་འཛུགས་བྱས་སོང་། དེ་ནས་ས་གནས་འདིའི་གཞོན་ནུའི་ཚོགས་གཙོ་དེའི་ང་ལ་བདེན་པའི་མེ་ལྕེ་ཁུར་དགོས་པའི་བརྡ་གཏང་བྱུང་། བདེན་པའི་མེ་ལྕེ་ཁུར་ནས་མི་མང་རྣམས་བང་བསྒྲིགས་ནས་ངག་ནས་བྱང་ཆུབ་སེམས་མཆོག་མ་འདོན་བཞིན་སྲང་ལམ་ནང་དུ་སྐོར་བསྐྱོད་ཆུ་ཚོད་གཅིག་ཙམ་བྱས་བྱུང་། ངོས་ལ་དེ་རིང་མ་བབས་བུ་མོའི་ལང་གཅིན་ཞེས་པའི་དཔེ་ལྟར་མི་མང་ལ་སྐད་ཆ་བཤད་དགོས་པའི་བསྐུལ་མ་གནང་བ་ནང་བཞིན་ཁམས་སྐད་དང་དབུས་སྐད་གང་ལ་ཡང་མི་ཐེ་བའི་རྒྱ་གར་ལ་ཡུན་རིང་བསྡད་པའི་ཆོལ་གསུམ་ཡུལ་སྐད་འདྲེས་མ་ར་མ་ལུག་ནང་བཞིན་དེ་རྒབ་ནས་གོ་མ་བརྡ་ཡིས་སྐད་ཆ་ཚིག་ཁ་ཤས་ཞིག་བཤད། དེ་ནས་བདེན་ཚིག་སྨོན་ལམ་དང་མི་མང་ལང་གླུ་སོགས་ཀྱིས་དེ་རིང་གི་ལས་འགུལ་དེ་མཇུག་ཡོངས་སུ་གྲུབ་པར་བྱས་ནས་ཆོས་གྲོགས་པདྨ་ཆོས་འཕེལ་དང་ཤེས་རབ་ནང་མི་བཅས་ཀྱི་ལྷན་ཇ་ཞིག་འཐུང་ནས་སྔ་ནས་ཡིད་ལ་གནག་པའི་ལག་ཁྱེར་རྩིས་འཁོར་རམ་ipad ཞིག་ཉོ་ལ་སོང་ནས་རང་གི་འདོད་པ་ལྟར་དུ་ལག་ཁྱེར་རྩིས་འཁོར་དམར་སྨུག་ཀུ་ཤུའི་མདོག་ཅན་ཞིག་ལ་ཨ་སྒོར་ལྔ་བརྒྱ་ལྷག་ཕངས་མེད་དུ་སྤྲད་ནས་ཉོས། ཤེས་རབ་ནང་དུ་འབྱོར་ནས་དགོང་ཟས་སུ་ཟྭ་ཐུག་ཞིག་འཐུང་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, October 7, 2012

བདེ་ཆེན་ཞིང་སྒྲུབ་དང་སྤྱོད་འཇུག་གི་གསུང་ཆོས་ཉིན་དང་པོ།

པོར་ལེན་བོད་ཁང་ནང་ནས་ཆོས་ཁྲིད་བྱེད་བཞིན་པ།
སྔ་ནས་དུས་ཆད་བྱས་པ་ལྟར་པོར་ལེན་བོད་རིགས་རྣམས་ཀྱི་རེ་བ་ལྟར་གཟའ་སྤེན་པའི་ཉིན་མོ་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་བོད་ཁང་དུ་སོང་བས་རྒན་གོག་རྣམས་ཀྱིས་གཙོས་ཆོས་ཞུ་བ་མི་གྲངས་སུམ་ཅུ་ཙམ་ནས་ངོས་ལ་ཡོང་སྒུགས་བྱས་འདུག གཙང་ལ་དོད་པའི་འཚོགས་ཁང་གི་སྦུབས་སུ་བལ་ཡུལ་ནས་ཐོན་གསར་དུ་གཟོས་པའི་བཟོ་རྩལ་ཕུལ་བྱུང་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་ལ་གུས་ཞབས་ཀྱིས་ཕྱག་དང་སྦྲགས་ཁ་གཏགས་དང་། གཡོན་ཕྱོགས་སུ་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རིན་པོ་ཆེར་མཇལ་དར་བཅས་ཕུལ་ནས་གདན་ཐོག་ཏུ་འགོད་ནས་མི་མང་ལ་ཁམས་འདྲི་མདོར་བསྡུས་དང་སྦྲགས་ནས་གསོ་སྦྱོང་ཡན་ལག་བརྒྱད་པའི་བསྙེན་གནས་ཀྱི་སྡོམ་ལུང་དང་སྡོམ་པའི་ཕན་ཡོན་བཅས་འགྲེལ་བཤད་མདོར་བསྡུས་བཏོན་ནས་གནམ་ཆོས་འོད་དཔག་ཀྱི་ཆོ་ག་ཉིད་འགྲེལ་བཤད་དང་སྦྲགས་ནས་བཏོན། ཆོ་གའི་གཞུང་གི་སྐབས་སུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་བཅས་བྱས་པས་མི་མང་དགའ་བོ་བྱུང་སོང་། ཉིན་གུང་གསོལ་ཚིགས་ལ་རོལ་ནས་ཕྱི་དྲོ་ཆུ་ཚོད་གཉིས་པའི་སྐབས་སུ་སྔ་ལོའི་ཆོས་ཐུན་གྱི་འཕྲོ་སྤྱོད་འཇུག་ཆེན་མོའི་ལེའུ་དྲུག་པ་བཟོད་པའི་ལེའུ་ནས་ཆོས་ཁྲིད་བྱས་ནས་དགོང་མོ་ཆུ་ཚོད་ལྔ་དང་ཕྱེད་ཀྱི་སྐབས་སུ་ཉིན་གཅིག་གི་ཆོས་ཐུན་ཡོངས་སུ་གྲུབ། ཉིན་མོ་འདི་ནི་ཧ་ཅང་དཀའ་ལས་ཁ་སོང་། སྔ་དྲོའི་འདོན་པའི་དབུ་མཛད་དང་མཁན་པོ། ཕྱི་དྲོ་ཆོས་བཤད་སོགས་ཚང་མ་སྐད་མ་འགགས་བར་ཆུ་ཚོད་བརྒྱད་རིང་དབུགས་གཏང་ལོང་མེད་པར་གྲེ་བ་མ་འགགས་བར་རྒན་གོག་རྣམས་ཀྱི་གོ་བར་ཕན་དུ་རེ་ནས་སྐད་གསང་མཐོན་པོའི་བོས་བོས་ནས་ཤེས་རབ་སྐལ་ལྡན་ནང་དུ་ཚུར་འབྱོར་བའི་སྐབས་སུ་ཉ་རོ་ཐང་ལ་འཕངས་པ་ནང་བཞིན་རེད་འདུག 
དེ་རིང་གསོ་སྦྱོང་གི་སྡོམ་པ་ཞུས་སྟབས་དགོང་བཅད་ཡིན་པས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་སྔ་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Thursday, October 4, 2012

བཙོན་པ་དགེ་ཕྲུག་རྣམས་ཀྱིས་ཡི་གེ་འབྱོར་བའི་ཉིན་མོ།

བཙོན་པ་དགེ་ཕྲུག་རྣམས་ཀྱིས་གཏང་བའི་ཡི་གེ།
དེ་རིང་ངོས་ཀྱི་ཡིག་སྒམ་ནང་དུ་ཡི་གེ་ཞིག་ཡོད་པ་དེ་ནི་ལོ་བཞིའི་སྔོན་ནས་བྷོ་སི་ཊོན་ལ་ཡོད་པའི་ལས་ངན་བཙོན་པ་དགེ་ཕྲུག་མི་དགུ་ཡོད་པ་དེ་རྣམས་ཀྱི་ཡི་གེ་རེད་འདུག ཡི་གེའི་ནང་དོན་དུ། 
"ང་ཚོ་བཙོན་པ་རྣམས་ཀྱི་རེ་ལྟོས་དང་སྐྱབས་གནས་པ་མཁན་པོ་ཀར་བསྟན་རིན་པོ་ཆེ་ལགས། ཁྱེད་ནས་ཟླ་བ་གསུམ་གོང་ནས་ང་ཚོ་ལ་ཁྱེད་ཀྱི་འོད་སྡེར་འཁོར་ཐག་དང་། བདེ་ཆེན་ཞིང་སྒྲུབ་དཔེ་ཆ་གསར་པ་རེ་རེ། ད་དུང་ཕྱག་ཆེན་ཀྱི་ཁྲིད་ཡིག་སོགས་མང་པོ་ཞིག་འབྱོར་བྱུང་བས་ང་ཚོ་ཧ་ཅང་ནས་ཀྱང་དགའ་བོ་བྱུང། ང་ཚོས་གཟའ་ཉི་མ་རྟག་པར་བདེ་ཆེན་ཞིང་སྒྲུབ་མཉམ་དུ་འཚོགས་ཀྱི་ཡོད། ཉིན་མ་གཉིས་སྔོན་ནས་ཁྱེད་ཀྱི་སློབ་མ་ཨེའི་ཌེའི་ང་ཚོ་སར་ཐུག་འཕྲད་དུ་འབྱོར་བྱུང་། ཁོང་ནས་ཁྱེད་ཟླ་བ་རྗེས་མར་འདིར་ཕེབས་ཀྱི་རེད་གསུངས་བྱུང་བས་ང་ཚོ་ནས་ཁྱེད་མཇལ་བ་ལ་སྒུག་ཐུབ་ས་མ་རེད། ལར་ནི་ཁྱེད་འདིར་ཕེབས་སྐབས་ང་ཚོ་ལ་མི་ཚེ་གསར་པ་ཞིག་དང་སྐྱིད་པའི་ཉི་མ་ཞིག་འཆར་བ་ནི་ང་ཚོ་ལས་ངན་བཙུན་པ་མི་དགུ་པོའི་བསོད་ནམས་ཞིག་རེད། ང་ཚོ་ལ་འཇིག་རྟེན་འདིར་སྐྱབས་གནས་བཅོལ་ས་གཅིག་ཡོད་པ་དེ་ནི་ཁྱེད་རང་གཅིག་པུ་ཡིན། ཁྱེད་ཀྱི་སྐུ་གཟུགས་ལ་ཐུགས་གཟབ་གནང་རོགས། ང་ཚོའི་ཁྱེད་རང་གི་ཞལ་རས་ཀྱི་བཅོས་མིན་གྱི་འཛུམ་མདངས་དང་། ང་ཚོ་ལ་ལྷད་མེད་དུ་གནང་བའི་བརྩེ་གདུང་བཅས་མིག་ལམ་དུ་འཁོར་བཞིན་ཁྱེད་རང་ཕེབས་སྒུག་བྱས་ནས་བསྡད་ཡོད་པས་དེ་ལུགས་གནང་རོགས། ང་ཚོ་ཁྱེད་རང་ལ་སྙིང་ཐག་པ་ནས་དགའ་བོ་ཡོད། ཁྱེད་རང་གི་སློབ་མ་ཀརྨ་ཡེ་ཤེས་སོགས་བྷོ་སི་ཊིའི་བཙོན་ཁང་ནང་དུ་ཡོད་པའི་ནང་པའི་བཙོན་པ་དགུ་པོ་ནས་ཕུལ།"
 ཡི་གེ་འདི་ངོས་ཀྱི་དགེ་ཕྲུག་ཀེའི་ཐིའི་ནས་འགྲེལ་བཤད་གནང་ཞོར་བཀླགས་སོང་བས་དེར་ཡོད་མི་ཚང་མས་མིག་ཆུ་རང་དབང་མེད་པར་ཤོར་བཞིན་འདུག དེ་རིང་ནི་སྔ་མོ་ནས་གྲ་སྒྲིག་བྱས་ཟིན་པའི་པོར་ལེན་ཌི་བོད་རིགས་རྣམས་ལ་བདེ་ཆེན་ཞིང་སྒྲུབས་དང་། སྔ་ལོའི་སྤྱོད་འཇུག་ཆེན་མོའི་ཆོས་ཁྲིད་ཀྱི་མཇུག་སྐྱོང་ལ་འགྲོ་དགོས་རྒྱུ་དེ་ཡིན་པས་ཆུ་ཚོད་བཅུ་གཉིས་སྐབས་སུ་ངོས་ཀྱི་དགེ་ཕྲུག་ལིན་ཌིའི་དང་། དད་ལྡན་མ་ཨ་མ་སུ་སིན། ཆོས་ཚོགས་ཀྱི་ཚོགས་གཙོ་ཧེར་ཌིའི་བཅས་ཀྱིས་གནམ་ཐང་དུ་སྐྱེལ་མ་བྱས། ལིན་ཌིའི་ངེད་གཉིས་གནམ་གྲུར་ཞུགས་ནས་པོར་ལེན་ལ་སོང་། གནམ་ཐང་དུ་དད་ལྡན་པ་ཤེས་རབ་སྐལ་ལྡན་དང་། ཚེ་བརྟན་དབང་ཕྱུག་གཉིས་ནས་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ལ་སྒུག་འདུག་པས་ང་ཚོ་མཉམ་དུ་ཤར་རྒྱག་ཤེས་རབ་སྐལ་ལྡན་ནང་དུ་འབྱོར་ནས་ནུབ་ཟས་མདོར་བསྡུས་ཞིག་ཟོས། དེ་རིང་གི་ཉིན་ཐོ་འབྲི་རྒྱུ་དང་ཁ་འདོན་བྱེད་རྒྱུ་རྣམས་མ་ཆད་ཙམ་ཞིག་བྱས་ནས་ཉལ་སར་སོང་ཞིང་གཉིད་དུ་ཡུར།

Tuesday, October 2, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ།

རྒྱ་ནག་ལུགས་ལྟར་དུ་བཟོས་པའི་འོད་དཔག་མེད་ཀྱི་སྣང་བརྙན།
ཉིན་མོ་འདི་ནི་བོད་ལུགས་ལྟར་དུ་ཚེས་པ་བཅོ་ལྔ་དང་ངོས་ཀྱི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་གཉིས་མཉམ་དུ་ཁེལ་བས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབ་འཚོགས་ལ་སོང་། ངོས་གནས་སྐབས་ཟླ་བ་གཅིག་ལྷག་རིང་པོར་ལེན་ཌིའི་དང་ཉི་ཡོག་སོགས་ས་གནས་ཁག་འགའ་རུ་ཆོས་བཤད་ལ་འགྲོ་དགོས་བྱུང་བས་དེ་རིང་ནི་ངོས་ཀྱི་སློབ་མ་རྣམས་དང་དེ་སྔ་མཐོང་མྱོང་མེད་པའི་གསར་བུ་འགའ་བཅས་སྡོམ་པས་མི་གྲངས་བཞི་བཅུ་ཙམ་གྱིས་འཚོགས་ཁང་ཡོངས་སུ་ཁེངས་སོང་། དེ་རིང་ནི་ངོས་ཀྱི་སྐད་བསྒྱུར་བྱམས་པ་ལགས་བརྒྱུད་ནས་བདུན་ཕྲག་སྔོན་མའི་ཆོས་བཤད་ཀྱི་འཕྲོ་དྭགས་པོའི་ཆོས་བཞིའི་ཚིག་རྐང་ཐ་མ་གཉིས། 
ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། 
འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། 
ཞེས་པའི་ཚིག་ཉུང་ལ་དོན་འདུས་པ་རྡོ་རྗེའི་གསུང་འདི་ལ་རང་ལ་མྱོང་གོམས་ཀྱི་ཉམས་ལེན་གྱིས་དབེན་ཀྱང་དཔོན་མེད་དུས་གཡོག་གིས་དཔོན་སྐད་བསྒྲགས་ཞེས་པ་ལྟར་མཛུབ་མོ་རི་སྟོན་གྱི་དཔེ་ལྟར་དུ་འགྲེལ་བཤད་གང་ཤེས་བྱེད་ཁུལ་བྱས། བར་སྐབས་སུ་འཁྲུལ་པ་ཡེ་ཤེས་སུ་སེལ་སྟངས་སྐོར་ནས་སེམས་ཅན་རྣམས་ཀྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོ་ཡོད་ཚུལ་དང་། སངས་རྒྱས་དང་སེམས་ཅན་གྱི་ཁྱད་པར། འཁོར་བ་དང་མྱང་འདས་ཀྱི་ཁྱད་པར་སོགས་འདི་ལོར་ངོས་ནས་བྲིས་པའི་དེབ་ཆུང་སྙིང་གཏམ་ཆོས་ཀྱི་བདུད་རྩི་ཞེས་པའི་ནང་ནས། 
འགྲོ་བ་འདི་ཀུན་བདེ་གཤེགས་སྙིང་པོ་ཅན། 
འོ་མར་མར་གྱིས་ཁྱབ་པ་ཇི་བཞིན་དུ། 
ཚོགས་གཉིས་ལམ་གྱིས་འབད་པས་བསྲུབས་པ་ན། 
ནམ་ཞིག་མངོན་དུ་འགྱུར་རོ་སྙིང་གཏམ་ཡིན། 
སངས་རྒྱས་དང་ནི་སེམས་ཅན་ཞེས་པ་དེ།
 རིག་དང་མ་རིག་གཉིས་ཀྱི་ཁྱད་པར་ཡིན། 
རྟག་ཆད་ཐ་དད་གཉིས་སུ་མ་འཛིན་ན། 
སངས་རྒྱས་རང་ལས་རྙེད་དོ་སྙིང་གཏམ་ཡིན། 
འཁོར་བ་དང་ནི་མྱང་འདས་ཟེར་བ་དེ། 
ལག་པའི་ལྟོ་རྒྱབ་ཙམ་གྱི་ཁྱད་པར་ལས། 
ཕྱོགས་རིས་གཉིས་འཛིན་བློ་དེ་ཡོངས་སྤོངས་དང་། 
ཞིང་ཁམས་གཞན་ན་མེད་དོ་སྙིང་གཏམ་ཡིན།
ཞེས་པའི་ཚིག་འདི་རྣམས་ཀྱང་ཁོལ་དུ་ཕྱུངས་ནས་འགྲེལ་བཤད་བྱས་པས་མི་མང་ཧ་ཅང་དགའ་བོ་བྱུང་སོང་། མཐར་འོད་ཆོག་མདོར་བསྡུས་ཞིག་གཏང་ནས་ཕན་ཚུན་ཕེབས་སྐྱེལ་གྱི་ལག་གཡུགས་དང་། ཕྱག་རྒྱ་སོགས་ཅི་རིགས་བྱས་ནས་ནང་དུ་འབྱོར་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Wednesday, September 26, 2012

པདྨ་འོད་གསལ་གླིང་ལ་སོང་བའི་ཉིན་མོ།

པདྨ་འོད་གསལ་གླིང་གི་མཆོད་རྟེན་གྱི་ཟུར་དབྱིབ་ཞིག
ཞོགས་པ་ལང་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་ཕྱེད་ཀ་ཙམ་སོང་ནས་ནང་དུ་འབྱོར། ཞོགས་འདོན་རྒྱུན་ཁྱེར་རྣམས་མ་ཆད་ཙམ་བྱས་ནས་ཁ་སང་དུས་ཆད་བྱས་པ་ནང་བཞིན་བོད་པ་ཨ་གྱུར་ལགས་དང་། དབྱིན་ཇི་ཕོ་གསར་མེ་ཁོའི་གཉིས་ལ་ཐུག་འཕྲད་དུ་སོང་ནས་ཉིན་གུང་ཟ་མ་མཉམ་དུ་ཟོས། དེ་རིང་གི་ཉིན་མོ་འདི་ནི་ཨོ་རྒྱན་སངས་རྒྱས་གཉིས་པ་ལྷོ་ནུབ་འོ་མའི་མཚོ་ནང་དུ་རྫུས་སྐྱེས་སུ་མེ་ཏོག་པདྨའི་སྦུབས་སུ་འཁྲུངས་པའི་དུས་ཚེས་ཁྱད་པར་ཅན་ཞིག་ཡིན་སྟབས་འདི་ནས་སྐར་མ་བཞི་བཅུ་ཙམ་གྱི་སར་ཡོད་པའི་ངོས་ཀྱི་ཆོས་གྲོགས་ཆེན་པོ་རིག་སྔགས་འཆང་བ་བླ་མ་མཐར་ཕྱིན་ལ་ཉིན་མ་བཅུ་གྲངས་སྔོན་ནས་ཐུག་རྒྱུ་བྱས་པའི་དུས་ཆད་ལྟར་དུ་ངོས་ཀྱི་དགེ་ཕྲུག་བཅུ་གཉིས་ཙམ་དང་མཉམ་དུ་པདྨ་འོད་གསལ་གླིང་ལ་སོང་། དགོན་པའི་ནང་དུ་འབྱོར་བ་དང་མཉམ་དུ་སྔགས་པ་སྔགས་མ་འགའ་ཡིས་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ཡོང་སྒུག་བྱས་འདུག ང་ཚོ་ཚང་མ་དགོན་པའི་རྒྱབ་ལོགས་སུ་ཡོད་པའི་མཆོད་རྟེན་རྣམས་མཇལ་ལ་སོང་། དེ་ནས་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་སྔགས་འཆང་བླ་མ་མཐར་ཕྱིན་ལགས་ཕེབས་བྱུང་བས་ངོས་དང་ངོས་ཀྱི་དགེ་ཕྲུག་རྣམས་ནས་ཁ་གཏགས་འདེགས་འབུལ་དང་ཁམས་འདྲི་ཞུས་ནས་འདུ་ཁང་ནང་དུ་འཚོགས་པ་ལ་སོང་། དེ་རིང་གི་འཚོགས་པ་དེ་ནི་བདུད་འཇོམས་གཏེར་གསར་གུ་རུའི་ཚེས་བཅུའི་ཚོགས་མཆོད་ཡིན་སྟབས་ཧ་ཅང་ནས་དགའ་བོ་བྱུང་། མཁས་གྲུབ་ཆེན་པོ་རྩེ་ལེ་སྣ་ཚོགས་རང་གྲོལ་ནས་གསུངས་པ་ལྟར་དུ་དེ་རིང་གི་ཚེས་བཅུ་དེ་ནི་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཟེར་བ་དེ་རེད་འདུག་སྙམ་པ་བྱུང་། གང་ཡིན་ཟེར་ན་གཡས་གྲལ་དུ་དཔའ་བོ་བཅུ་དང་གཡོན་གྲལ་དུ་དཔའ་མོ་བཅུ་ཡིས་རྣལ་འབྱོར་བོ་མོའི་གྲངས་ཚད་མཉམ་པ་དང་ལྡན་པའི་སྒོ་ནས་བསྙེན་སྒྲུབས་ཡན་ལག་བཞི་ཡི་ཁོག་ཕུབ་ནས་སོང་བ་ཡིན་ན་ཚོགས་ཀྱི་འཁོར་ལོ་ཡིན་ཞེས་གསུངས་པ་ལྟར་དུ་དེ་རིང་ནི་ཡ་མཚན་པ་ཞིག་ལ་བོད་ཀྱི་སྔགས་བན་སྣ་ལེབ་རྣམས་གཡས་ཕྱོགས་སུ་མགོ་ནག་རུགས་སེ་བསྒྲིགས། གཡོན་ཕྱོགས་སུ་ཨ་རིའི་སྔགས་འཆང་ཕོ་མོ་སྣ་བོ་ཆེ་རྣམས་མགོ་སེར་རུགས་སེ་བསྒྲིགས་ནས་འདོན་པ་མཉམ་དུ་གཏོན་པས་བྱིན་བག་ལ་སྣང་བ་སྐྱིད་པོ་འདྲ་ཞིག་བྱུང་། དེ་ནས་ཚོགས་ཀྱི་སྐབས་སུ་སྔགས་འཆང་ཆེན་པོ་བླ་མ་མཐར་ཕྱིན་ལགས་ནས་དབྱིན་སྐད་ཐོག་ཏུ་ཚེས་བཅུའི་ཕན་ཡོན་མདོར་བསྡུས་དང་མཉམ་དུ་ངོས་ལ་མཁས་རབ་དང་བཙུན་རབ་སོགས་སྐར་མ་བཅོ་ལྔ་ཙམ་གྱི་རིང་བསྟོད་ར་ལུང་པ་གང་གཏང་བྱུང་བས་ང་ནི་ངོ་ཚ་འདྲ་བྱུང་སོང་། གང་ལྟར་དུ་བླ་མ་མཐར་ཕྱིན་རིན་པོ་ཆེ་ཁོང་ནི་དངོས་གནས་སྔགས་འཆང་བརྒྱུད་པ་མ་ཉམས་པ་ཁོང་གི་རྩ་བའི་བླ་མ་སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་ཐུགས་སྲས་གཅིག་པུ་ཆོས་པ་ཡང་དག་པ་ཞིག་མཐོང་སོང་བས་སྔར་ལོར་ངོས་ནས་ཁོང་གི་མདུན་ནས་བདུད་འཇོམས་གཏེར་གསར་ཕུར་པའི་དབང་ཞིག་ཀྱང་ཞུས་པ་ཡིན། ཆུ་གཅིག་ལ་གནས་པའི་ཉ་སྲམ་ཞེས་པའི་དཔེ་ལྟར་དུ་ས་གནས་འདིར་བོད་པའི་ཆོས་ཚོགས་ཆེ་ཤོས་འགའ་ཡོད་པ་དེ་ནི་བླ་མ་བཟོད་པའི་སངས་རྒྱས་སྨན་བླའི་ཆོས་ཚོགས་དང་། པདྨ་འོད་གསལ་གླིང་གཉིས་གཅིག་པུ་ཡིན་པས་ང་ནི་པདྨ་འོད་གསལ་གླིང་དགོན་པའི་བླ་སློབ་རྣམས་ལ་ཧ་ཅང་ནས་ཀྱང་དགའ་བོ་ཡོད། 
དེ་ནས་ཚོགས་འཁོར་སྨོན་ལམ་གྱིས་མཇུག་ཡོངས་སུ་གྲུབ་པར་བྱས་ནས་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན་དུ་དེ་རིང་སྐྱིད་རབ་དང་ཡག་རབ་སོགས་སྐད་ཆ་བཤད་བཤད་བཞིན་ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, September 24, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས།

འོད་མཚན་དུང་ཕྱུར་བརྒྱད་ཀྱིས་ཁེངས་པའི་ཆོས་འཁོར།
ཉིན་མོ་འདི་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་དེ་ཡིན་པས་ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེ་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་སོང་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་མདོར་བསྡུས་ཞིག་ཟོས། 
ཉིན་གུང་རྒྱབ་ཏུ་དགེ་ཕྲུག་ཆོས་མིང་དུ་ཡེ་ཤེས་མཚོ་མོ་གཟའ་མི་གཉིས་དང་ལྷན་དུ་རྒྱ་མཚོའི་འགྲམ་དུ་ཁྱུག་ཙམ་ཞིག་སོང་། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་རྣམས་གཅིག་རྗེས་གཉིས་མཐུད་འབྱོར་ནས་མི་གྲངས་སུམ་ཅུ་ཙམ་ཞིག་འདུག དེ་རིང་གཟའ་ཟླ་བའི་འཆར་ཅན་གྱི་བདེ་ཆེན་ཞིང་སྒྲུབས་ཡིན་ཀྱང་སྔ་ནས་ཁྱབ་བསྒྲགས་བྱས་པ་ནང་བཞིན་དེ་རིང་དམིགས་བསལ་ཆོས་བཤད་རྒྱུ་དེ་ནི་(མཉམ་མེད་དྭགས་པོའི་ཆོས་བཞི་)ཞེས་པ་དེ་ཡིན། 
བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། 
ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། 
ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། 
འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། 
ཞེས་པའི་བརྗོད་བྱ་ཉིད་དངོས་གཞིའི་ཆོས་སུ་བཞག་ནས་སྔོན་འགྲོའི་ཆོས་ལ་ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་བཤད་ནས་དྭགས་པོའི་ཆོས་བཞིའི་ཚིག་རྐང་དང་པོ་གཉིས་ལ་འགྲེལ་བཤད་གང་དྲག་བྱས་པས་མི་མང་དགའ་བོ་བྱས་སོང་། དེ་ནས་བདེ་ཆེན་ཞིང་སྒྲུབས་མདོར་བསྡུས་ཞིགMichael་དང་ཨ་འགྱུར་གཉིས་ནས་གླིང་བུ་དང་མཛུབ་གནོན་སྒྲ་བསྙན་བཅས་མཉམ་དུ་གཏང་བྱུང་བས་མི་མང་དེ་ལས་ཀྱང་དགའ་བོ་བྱུང་སོང་། 
དེ་ནས་ནང་དུ་འབྱོར་ནས་དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, September 16, 2012

མི་ལའི་བླ་སྒྲུབ་བཏོན་པའི་ཉིན་མོ།

༧གོང་ས་སྐྱབས་མགོན་ཆེན་པོའི་དམིགས་བསལ་གྱི་སྐུ་པར།
ད་ནང་ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་རྨི་ལམ་ནང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་རྨིས་བྱུང་། རྨི་ལམ་ནང་དུ་ཁམས་ནང་ཆེན་ཡིན་པ་འདྲ་བོའི་ས་ཆ་ཞིག་ཏུ་ངོས་དང་ངོས་ཀྱི་ཆོས་གྲོགས་འཇའ་ཚོན་སྤྲུལ་སྐུ་སོགས་ཁ་ཤས་ཞིག་ནས་དགོན་ཆུང་ཞིག་ནང་དུ་རྗེ་བཙུན་མི་ལའི་བླ་སྒྲུབ་འཚོགས་འདུག ངོས་ནས་རྡོ་རྗེ་སློབ་དཔོན་དང་། ངོས་ཀྱི་ཆོས་གྲོགས་འཇའ་ཚོན་སྤྲུལ་སྐུ་མཆོད་དཔོན་རེད་འདུག ང་ཚོའི་མི་ལའི་བླ་སྒྲུབས་འདོན་བཞིན་པའི་སྐབས་སུ་གློ་བུར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་དེར་ཕེབས་འདུག ང་ཚོའི་འདོན་པ་མཚམས་བྱས་ནས་འུར་འུར་ཟིང་ཟིང་འདྲ་བྱས་པས་༧གོང་ས་མཆོག་ནས་ཁྱེད་རང་ཚོའི་འདོན་པ་ཧ་ཅང་སྙན་པོ་འདོན་གྱི་འདུག་ང་འདིར་ཆེད་དུ་ཡོང་བ་ཡིན་འུར་མ་ལངས་ནས་འདོན་པ་མུ་མཐུད་ནས་ཐོན་ཤོགས་གསུངས་བྱུང་། བླ་སྒྲུབ་འདོན་པ་མ་ཚར་བར་དུ་དེར་བཞུགས་སོང་བས་འདོན་པ་འདོན་བཞིན་ངས་བསམ་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཚོམ་མེད་པར་རྗེ་བཙུན་མི་ལའི་རྣམ་འཕྲུལ་རེད་འདུག་སྙམ་པ་བྱུང་། བཀྲ་ཤིས་དང་བསྔོ་བ་སྨོན་ལམ་ཚར་བ་དང་མཉམ་དུ་གཅིག་ལྟ་དུས་འཇའ་ཡར་བ་ནང་བཞིན་༧གོང་ས་མཆོག་མཐོང་སར་བཞུགས་མི་འདུག ངོས་ལ་རྣམ་དཀར་གྱི་ཡོན་ཏན་ཅུང་ཙམ་ཞིག་ཡོད་པ་ནི་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་འདི་དང་། བཀའ་དྲིན་འཁོར་མཐའ་མེད་པ་སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་གཉིས་ལ་ཐུན་མིན་གྱི་དད་པ་དང་མོས་གུས་ཕྲན་ཙམ་ཞིག་ཡོད་པ་དེ་ཡིན་པས་རྨི་ལམ་ནང་ནས་ངུས་དྲག་པས་གཉིད་སད་པའི་སྐབས་སུ་སྔས་མགོ་ཡང་རློན་པ་རེད་འདུག ད་ནང་གཉིད་སད་པའི་སྐབས་སུ་སེམས་ལ་དགའ་སྤྲོ་དཔག་མེད་ཀྱིས་འཁོར་ནས་སེམས་པ་སྐྱོ་ལྷང་ལྷང་འདྲ་ཞིག་བྱུང་འདུག 
སྔར་ཉིན་ནས་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་དགེ་ཕྲུག་མེའུ་རེའི་དང་མཉམ་དུ་དེ་རིང་རྒྱ་མཚོའི་འགྲམ་དུ་སྤྲོ་འཁྱམས་ལ་ཆུ་ཚོད་གཅིག་ཙམ་སོང་ནས་ནང་དུ་འབྱོར་བ་དང་མཉམ་དུ་ད་ནུབ་རྨི་ལམ་དེའི་ནང་བཞིན་མི་ལའི་བླ་སྒྲུབ་ཞིག་བཏོན་པས་སེམས་ལ་ཧ་ཅང་ཕན་པོ་ཞིག་དང་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོའི་གསང་གསུམ་གྱི་མཛད་འཕྲིན་རྣམས་དང་། ཞི་བར་གཤེགས་ནས་ལོ་བཅུ་གཅིག་ཙམ་སོང་བའི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་སྤངས་རྟོགས་ཀྱི་ཡོན་ཏན་སོགས་ཡིད་ལ་དྲན་བཞིན་མིག་ནས་མཆི་མ་ཡུན་རིང་ཤོར་སོང་། 
དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་ནས་བླ་རྒན་རིན་པོ་ཆེའི་གསོལ་འདེབས་གདུང་འབོད་ཞིག་གི་ནང་དུ་། 
"རྗེ་ཆོས་ཀྱི་དབྱིངས་སུ་གཤེགས་ན་ཡང་། 
བླ་མ་མེད་སྙམ་མི་སེམས་པར། 
སྣང་སྲིད་བླ་མའི་དཀྱིལ་འཁོར་དུ། 
གོ་ཞིང་རྟོགས་ནས་གྲོལ་གྱུར་ཅིག"
ཅེས་པའི་རྡོ་རྗེའི་ཚིག་འདིར་སྦར་འཇུ་བྱས་ནས་སྣང་བ་བརྡ་ཡི་བླ་མ་རིག་སྟོང་དོན་གྱི་ངོ་བོ་རུ་བཙན་གྱིས་བཞག་ནས་སྒོམས་ཁུལ་བྱས་པས་རང་མྱོང་གི་ངེས་པ་གང་ལེགས་རྙེད་ཅིང་སེམས་ལ་སྐྱིད་པོ་དཔེ་མེད་བྱུང་། 
དེ་ནས་ཉི་འོད་ཀྱི་ནང་དུ་ཧྲེང་ཉལ་གྱིས་ངལ་གསོ་ཅུང་ཙམ་བྱས་ནས་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་དེ་རིང་གི་ཉིན་ཐོ་དེ་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

Monday, September 10, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

ཝེར་ནམ་ལུགས་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་བརྙན།
དེ་རིང་གི་ཉིན་མོ་འདི་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་འཚོགས་རྒྱུ་དེ་ཡིན། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་སུ་སོང་བས་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འབྱོར་ནས་མི་གྲངས་ཉི་ཤུ་རྩ་གྲངས་ཙམ་ཞིག་སླེབས་འདུག དེ་རིང་མི་མང་ཤོས་ནི་གསར་པ་ཤ་སྟག་རེད་འདུག སྐད་བསྒྱུར་བྱམས་པ་ལགས་བརྒྱུད་ནས་དེ་རིང་གི་ཆོས་ཁྲིད་རུ་ལྟ་བ་བཀའ་བརྟགས་ཀྱི་ཕྱག་རྒྱའི་འགྲེལ་བཤད་དང་ཟག་བཅས་སྡུག་བསྔལ་གྱི་སྐབས་སུ་སྡུག་བདེན་འཁོར་བའི་ཉེས་དམིགས་བཅས་བཤད་པས་མི་རྣམས་དགའ་བོ་བྱས་སོང་། བདེ་ཆེན་ཞིང་སྒྲུབ་བསྡུས་པ་ཞིག་གཏང་ནས་ཆོས་ཐུན་གྲོལ་ནས་ནང་དུ་འབྱོར་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་དུས་བོད་ཀྱི་དྲ་རྒྱ་རྣམས་སུ་ཉེ་ཆར་༧གོང་ས་མཆོག་ནས་ལ་དགས་སུ་མི་མང་ལ་བཀའ་སློབ་སྐབས་སུ་བོད་ཀྱི་གཞོན་ལྷན་གཙོར་བྱས་མི་ཁ་ཤས་ཞིག་ནས་ངོས་ལ་བོད་གཞུང་བསྡུ་གསོག་རྒྱག་པའི་གསུང་འཕྲིན་དེའི་སྐོར་བདེན་པའི་གསལ་བཤད་དེའི་སྐོར་ལ་རྡ་སའི་ཚོགས་པ་བཅུ་གཅིག་ཞེས་པའི་མིང་ཐོག་ནས་༧གོང་ས་མཆོག་ལ་རྒྱབ་རྩ་ཡིན་ཁུལ་གྱིས་རྐྱེན་ཆུང་ཆུང་ཆེན་པོར་གཏང་ནས་དོན་མེད་མི་མང་འུར་ཟིང་སློང་ནས་དཀྲུགས་ཤིང་རྒྱག་པ་དེ་བསམ་ནས་བོད་ཀྱི་གནའ་དཔེར། ཕྱི་ལ་དཔུང་མགོ་ཙམ་མེད་པར་ནང་དུ་གྲི་མགོ་འཕུར་ཞེས་པ་ལྟར་དུ་ཕ་བསད་དང་ཡུལ་ཕུད་ཀྱི་ཤན་པ་ལག་དམར་དེས་ཕ་བསད་པས་མི་ཚད་རྒྱལ་རྔ་བརྡུང་ཞེས་པ་ལྟར་འདི་འདྲ་བརྙས་བཅོས་བྱེད་བཞིན་པའི་སྐབས་སུ་ནང་ཁུལ་ནས་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུའི་ཚབ་ལ་འདི་འདྲ་བྱེད་ཕོད་པ་ལ་བསམ་ནས་སེམས་ནང་ཁོང་ཁྲོ་དང་སྐྱོ་གདུང་འདྲེས་མ་བྱུང་། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Tuesday, September 4, 2012

ཁྱི་ལ་འཕོ་བ་བཏོན་པའི་ཉིན་མོ།

རྗེའུ་ཧྥུའི་ནང་དུ་ཁྱི་ལ་བསྔོ་སྨོན་བྱས་པའི་སྐབས་སུ།
ཞོགས་པ་ལང་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོགས་ཟས་མདོར་བསྡུས་ལ་རོལ། དེ་རིང་གི་ཉིན་མོ་འདིར་ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་དགེ་ཕྲུག་རྗེའུ་ཧྥུའི་ཁྱི་རྒན་ལོང་བ་དེ་ཤི་སོང་བས་ངོས་ལ་འཕོ་བ་དང་བསྔོ་སྨོན་སོགས་འདོན་དགོས་ཞེས་པའི་སྐུལ་མ་ལྟར་དུ་ཆུ་ཚོད་བཅུ་པའི་སྐབས་སུ་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་འབྱོར་སོང་བས་ངེད་གཉིས་རྗེའུ་ཧྥུའི་ནང་དུ་སོང་བས། རྗེའུ་དང་ཁོ་རང་གི་གྲོགས་མོ་མེའི་རེའུ་གཉིས་ནི་ཁྱི་རོའི་ཟུར་ནས་འོད་དཔག་མེད་ཀྱི་བསྙེན་པ་འདོན་བཞིན་བསྡད་འདུག ངོས་ནས་མི་ལ་བྱས་པ་ནང་བཞིན་འཕོ་ལུང་རྒྱས་པ་ཚར་གཅིག་དང་། ང་ཚོ་མཉམ་དུ་འོད་ཆོག་ཚར་གཅིག་བཏོན་ནས་དབྱིན་ཇིའི་ཆག་རོ་དེ་སྐྱོན་ནས་ཁོ་རང་ཚོ་ལ་སེམས་གསོ་འདྲ་བྱས། ལུང་པ་འདི་ཡི་མི་རྣམས་ནི་ཡག་སྡུག་གང་ཡང་མ་ཤེས་པ་འདྲ་ཞིག་འདུག ཡག་ཆེས་ན་དུད་འགྲོ་ཁྱི་རྒན་ཞིག་ལའང་ནད་གཡོགས་སྨན་བཅོས་འགྲོ་སོང་ཕོན་ཆེན་གཏང་བ་དང་། ཤི་ནའང་དེ་ལ་གཟའ་ཚང་ནང་མི་ནང་བཞིན་བརྩེ་བས་མིག་ནས་མཆི་མ་གཏོང་གི་འདུག སྡུག་ཆེས་ན་རང་གི་ཕ་མ་སོགས་བཙོན་ཁང་ནང་དུ་བཅུགས་པ་དང་སྒོ་རྒྱབ་ཏུ་ཕུད་ནས་སྡུག་པོ་གཏོང་མཁན་ཡང་མི་ཉུང་བ་ཞིག་འདུག ལར་ནི་མི་འདི་རྣམས་ཀྱིས་ཁྱི་དང་ཞི་མི་སོགས་བྱམས་སྐྱོང་གནང་བ་འདི་དུད་འགྲོ་ཁོ་རང་ཚོའི་ཆེད་དུ་བྱམས་པ་དང་སྙིང་རྗེ་བྱས་པ་མིན་པ་ནི་བལྟས་པས་ཤེས་གསལ་རེད་འདུག གང་ཡིན་ཟེར་ན་གཟའ་ཚང་ཁ་བྲལ་དུ་སོང་། བུ་དང་བུ་མོ་དགའ་རོགས་མེད་མཁན་རྣམས་ལ་ཁྱི་དང་ཞི་མི་སོགས་ཡོད་པ་རེད། མི་ཧུས་ཐུག་ན་ཁྱི་ལ་བདག་པོ་རྒྱག་ཞེས་པའི་གཏམ་དཔེ་དེ་ངོ་མ་རང་རེད་འདུག ཉིན་གུང་ཟ་མ་རུ་སུ་སིན་དང་རྗེའུ་ཧྥུ་ངེད་གསུམ་ཝེར་ནམ་ཤ་མེད་ཟ་ཁང་ཞིག་ནང་དུ་སོང་ནས་ཟ་མ་འགྲང་ཚད་ཟོས་ནས་སུ་སིན་ངེད་གཉིས་ནང་དུ་འབྱོར། ཉི་ཡོག་གཞོན་ནུ་ཚོགས་གཞོན་ངོས་ཀྱི་གྲོགས་པོ་མགོན་པོ་ལ་ཁ་པར་ཞིག་གཏང་། ངས་ནི་ནམ་རྒྱུན་ཁོ་རང་མཚར་གཏམ་དང་སྦྲགས་ནས་རང་བཙན་ཁ་སྤུ་ཅན་ཞེས་འབོད་ཀྱི་ཡོད། ཁྱེད་རང་ཚོ་གཞོན་ནུ་ཚོགས་པས་ལོ་མང་རིང་བོད་རང་བཙན་གྱི་དོན་དུ་དཀའ་ལས་རྒྱབ་པ་དེ་ཁ་སང་ཉེ་ཆར་བེད་མེད་དུ་གྱུར་སོང་། གང་ཡིན་ཟེར་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་བའི་ཆར་ལ་དྭགས་དང་། ཨེ་ཊ་ལིའི་སོགས་ནས་བཀའ་སློབ་གནང་བ་དེར་ལྟོས་དང་ཞེས་བཤད་པས་ཁོང་ནས་ད་དུང་གླེན་པའི་ཕ་རོ་མཛུབ་ཚུགས་ཀྱི་དཔེ་ལྟར་རང་སྐྱོན་ངོས་ལེན་བྱེད་རྒྱུ་ཕར་ཞོག་ད་དུང་༧གོང་ས་མཆོག་ནས་ཁ་སང་གི་གསུངས་དེའི་མི་མང་ལ་བརྡབ་གསིག་གཏང་བ་རེད་ཞེས་བཤད་བྱུང་བས་ང་ཧ་ཅང་ནས་ཀྱང་ཁོང་ཁྲོ་ཟ་བྱུང་། ངས་ཁོ་རང་ལ་ཁྱེད་རང་ཚོའི་༧གོང་ས་མཆོག་བརྡབ་གསིག་གཏང་བ་རེད་ཞེས་བཤད། ང་ཡང་དེ་སྔ་ཕན་ཆོད་རང་བཙན་གཙང་མར་འདོད་མཁན་ཞིག་ཡིན་ཡིན་ནའང་དེ་རིང་ནས་བཟུང་སྟེ་ཁྱེད་རང་ཚོའི་ལངས་ཕྱོགས་དེར་ངས་རྒྱབ་སྐྱོར་མེད་པ་མ་ཟད་འཐའ་གཅིག་ཏུ་གདོང་ལ་ལངས་ནས་དགག་པ་རྒྱག་གི་ཡིན། གང་ཡིན་ཞེ་ན་༧གོང་ས་སྐྱབས་མགོན་ཆེན་པོ་ཐུགས་ཕམ་བྱུང་བ་དང་། བོད་མིའི་འཐབ་རྩོད་ཆིག་སྒྲིལ་གྱི་ནུས་པ་ལ་གནོད་པ་བཅས་རྒྱུ་མཚན་མང་དག་ཞིག་བགྲང་ནས་ངེད་གཉིས་ཁ་རྩོད་སྐར་མ་ཁ་ཤས་བྱས་མཐར་ཁ་པར་བཙན་གྱིས་སྒོ་རྒྱབ་ནས་རང་བཙན་དང་དབུ་མའི་ལམ་ཞེས་མི་ཁ་ཤས་ཀྱིས་ལས་འགུལ་སྤེལ་སྟངས་དེར་བསམ་བློ་གཏང་ནས་བསྡད་པ་ཡིན། དགོང་ཟས་སུ་འབྲས་དང་རྡ་ལི་ཞིག་ཟོས་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, September 3, 2012

མི་ཚང་ཞིག་ནང་དུ་སྤྲོ་སྐྱིད་ལ་སོང་བའི་ཉིན་མོ།

པདྨ་སྒྲོལ་མའི་མིང་པོ་དང་མཉམ་དུ།
དེ་རིང་ནི་སྔ་ནས་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་ཆོས་ཚོགས་ཀྱི་དངུལ་གཉེར་ཆོས་མིང་དུ་པདྨ་སྒྲོལ་མའམ་སེའི་ཊེའུ་ཧྥེན་ནང་དུ་སྤྲོ་སྐྱིད་ལ་འགྲོ་རྒྱུ་བྱས་པ་དེ་ཡིན། པདྨ་སྒྲོལ་མ་ནི་ལུང་པ་འཇོར་མན་ནས་ཡིན་ཀྱང་ཨ་རིར་འབྱོར་ནས་ལོ་མང་འགྲོ་འདུག དེ་རིང་གི་ཉིན་མོ་སྤྲོ་སྐྱིད་དེ་ནི་མོ་རང་གི་མིང་པོ་འཇོར་མན་ནས་འདིར་སླེབས་ནས་སང་ཉིན་ཕར་ལོགས་འགྲོ་བས་དེ་ཡི་ཆེད་དུ་རེད་འདུག དེ་རིང་གི་སྤྲོ་སྐྱིད་འདིར་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌེའི་དང་སུ་སིན་སོགས་སྡོམ་པས་མི་གྲངས་བཅུ་ཙམ་འདུག ཟས་རིགས་འདྲ་མིན་སོ་སོའི་ནང་ནས་ཁུར་ནས་ང་ལས་མ་གཏོགས་ལག་སྟོང་དུ་ཡོང་མཁན་གཅིག་ཀྱང་མི་འདུག ཡིན་ནའང་ངས་ཀྱང་མི་རེར་༧གོང་ས་སྐྱབས་མགོན་ཆེ་པོའི་སྐུ་པར་རེ་དང་ཆུ་མིག་དགུ་འགྱུར་སྲུང་མདུད་རེ་བཅས་སྤྲད་པས་ཚང་མ་དགའ་བོ་བྱས་སོང་། ཟ་མ་དང་ཨ་རག་སོགས་གང་དགོས་སྒྲིག་འདུག་སྟབས་ཚང་མས་འགྲང་ཚད་ཟོས་སོང་། ངོས་ནས་ཀྱང་འཐུང་ཆུ་མངར་མོ་དང་སྦྲགས་ནས་ཟ་མ་ཟོས་ནས་ཉིན་རྒྱབ་ནང་དུ་འབྱོར། དེ་རིང་ཅུང་དཀའ་ལས་འདྲ་ཁ་འདུག་སྟབས་འགྱིག་གཞོང་ལྗང་ཁུའི་དྲོད་འཇམ་ནང་དུ་སྐར་མ་སུམ་བཅུ་ཙམ་གན་རྐྱལ་དུ་ཉལ་ནས་སྔོ་སང་གཡའ་དག་པའི་ནམ་མཁའ་དེ་ལ་བལྟས་པས་ལུས་སེམས་གཉིས་ཀར་དཔེ་མེད་སྐྱིད་པོ་བྱུང་། དེ་ནས་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Saturday, September 1, 2012

ཁ་འདོན་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

འབྲལ་མེད་འཆང་བའི་བེའུ་བུམ།
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་སྐར་མ་སུམ་ཅུ་ཙམ་སོང་ནས་ཞོགས་ཟས་ལ་རོལ། དེ་རིང་གནམ་གཤིས་དེ་ཧ་ཅང་བཟང་བས་ཆུ་དྲོད་འཇམ་གྱི་འགྱིག་གཞོང་ནང་དུ་སྐར་མ་ཉི་ཤུ་ཙམ་གན་རྐྱལ་དུ་ཉལ་ནས་ནམ་མཁར་བལྟས་པས་བར་སྣང་དུ་སྤྲིན་པ་རྣམས་འགུལ་འཁྱུག་དང་། ཟུར་གྱི་ལྡུམ་རའི་ནང་ནས་བྱེའུ་སྐད་སྙན་སོགས་ཀྱིས་ཧ་ཅང་སྐྱིད་པོ་བྱུང་། དེ་རིང་ནི་དམིགས་བསལ་གྱི་ལས་ཀ་སོགས་གང་ཡང་མེད་སྟབས་ནང་དུ་ཡོང་ནས་མཆོད་པ་རྣམས་གཤམས་ནས་རྒྱུན་ཁྱེར་གྱི་ཁ་འདོན་རྣམས་དབུ་བཟུང་ནས་ཐུན་ཆུང་ཞིག་བཟུང་། ལོ་མང་རིང་བསྙེན་པའི་གསང་ཐིག་ཕུར་པའི་བསྙེན་མཚམས་སྐབས་སུ་ཟབ་བདུན་སྒྲུབ་ཁོག་གཞུང་ལས་ནང་དུ།
 "རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་གཞོན་ནུའི་ངང་དུ་རྫོགས་ཤིང་ངོ་བོ་སྟོང་ལ་རང་བཞིན་གསལ་བའི་སྣང་ཆ་རྣམས་དངོས་མེད་སྒྱུ་མ་ལྟ་བུ་རྟོགས་བྲལ་ཤར་གྲོལ་དུས་མཉམ་འོད་གསལ་གྱི་ངང་དུ་མཉམ་པར་བཞག"
  ཅེས་པ་དང་། གསང་ཐིག་ནང་གི་ཟིན་བྲིས་སུ།  
"རང་གི་སེམས་ཉིད་འདི་དག་ནི། རྡོ་རྗེ་གཞོན་ནུ་ཉིད་དུ་བལྟ།"
  ཞེས་པའི་ཚིག་འདི་རྣམས་ཀྱི་དོན་ལ་ལེགས་པར་བསམ་བློ་གཏང་དུས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་ཀྱང་ཡིད་དཔྱོད་བློས་བྱས་ཀྱི་སྦུབས་ལས་གྲོལ་བའི་ད་ལྟའི་གསལ་རིག་གི་ཤེས་པ་སོ་མ་འདི་ལ་སྦར་འཛིན་བྱས་དུས་སེམས་ལ་ངེས་ཤེས་ཐུན་མོང་མ་ཡིན་པ་ཞིག་འདུག་དྲན་ཤེས་དང་མ་བྲལ་བར་བླུན་སྒོམ་སྡུག་རྩིར་དུ་མ་སོང་བར་དཔྱད་འཇོག་སྤེལ་མས་གཞི་བཟུང་ཞིང་། མོས་གུས་ཀྱིས་གསོས་བཏབས་ནས་བསྡད་པས་སེམས་ལ་ཧ་ཅང་སྐྱིད་པོ་བྱུང་། 
དགོང་ཟས་སུ་ཨ་རི་བའི་གཟའ་ཟླ་གཉིས་ཉི་ཡོག་ནས་ངོས་ལ་ཐུག་འཕྲད་དུ་འབྱོར་བྱུང་བས་ཁོ་རང་གཉིས་ཀྱི་འདོད་པ་ལྟར་དུ་ཟ་ཁང་ཞིག་ནང་དུ་སོང་། འཕྲོད་བསྟེན་ལ་བཟང་རབ་དང་ཡག་རབ་ཀྱི་སྐད་ཆ་ལུང་པ་གང་བཤད་ནས་བཙོ་བསྲེགས་སོགས་གང་ཡང་མ་བྱས་པའི་སྔོ་སྡེར་མ་གང་སྤྲད་བྱུང་བས་སྔོ་འགྲང་ཚད་ཟོས་ནས་ནང་དུ་འབྱོར། དེ་རིང་གི་ཉིན་ཐོ་མ་ཆད་ཙམ་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, August 31, 2012

ངོས་ཀྱི་ལག་ཁྱེར་དང་མཐུན་པའི་སྐྱེ་སྐར་ཉིན་མོ།

དགེ་ཕྲུག་འགའ་དང་ལྷན་ཉིན་གུང་ཟ་མའི་སྐབས་སུ།
དེ་རིང་གི་ཉིན་མོ་འདི་ནི་སྔོན་བལ་ཡུལ་ལ་ཡོད་པའི་སྐབས་སུ་ངོས་ཀྱི་ལག་ཁྱེར་དང་མཐུན་པར་རང་བཟོ་བྱས་པའི་སྐྱེ་སྐར་རྫུན་མའི་ཉིན་མོ་ཡིན། ང་ནི་བོད་ཁམས་ནང་ཆེན་ཡུལ་འབྲོག་འདྲེས་མའི་གྲོང་གསེབ་ཞིག་ནང་དུ་རང་བྱུང་བཅུ་བདུན་པའི་ཤིང་སྦྲུལ་ལོར་བོད་ཁམས་ཡོངས་ལ་རིག་གནས་གསར་རྗེའི་ལས་འགུལ་ཆེན་པོ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དུས་ཐབས་སྡུག་ཞིག་དང་མཉམ་དུ་ངོས་ཀྱང་མི་ཡུལ་འདིར་ངུ་སྐད་ཙིར་ཙིར་བཅས་སྐྱེས། སྐྱེས་ལོ་༡༩༦༥ ལོ་ཡིན་པ་ཤེས་ཀྱང་། ཟླ་བ་དང་ཞག་གྲངས་སོགས་ནི་སུས་ཀྱང་མི་ཤེས། སེམས་སྐྱོ་དགོས་པ་ཞིག་ལ་ངོས་ཀྱི་སྐྱེས་མ་དེ་ངོས་སྐྱེས་ནས་ཟླ་བ་གསུམ་ཙམ་ནས་རྒྱ་ནག་དམར་པོའི་འཐབ་རྩོད་འོག་འདས་གྲོང་དུ་སོང་ནས་ངས་ཤེས་པའི་སྐབས་སུ་མ་ཡི་མིང་ཙམ་ལས་མེད། ལར་ནི་བོད་པའི་ལུགས་སྲོལ་ལ་སྐྱེས་སྐར་དུས་ཆེན་སྲུང་རྩི་བྱེད་སྲོལ་ཆེར་མེད། སྔ་ལོ་༧གོང་ས་མཆོག་ནས་ཀྱང་ཉིན་མ་རེ་ལ་སྐྱེ་སྐར་རེ་རེད་ངོས་ཀྱི་སྐྱེ་སྐར་དེ་ངོས་ལ་ལྟོས་ན་འགྲོ་སོང་ཕོན་ཆེན་གཏངས་ནས་དུས་ཆེན་སྲུང་རྩི་བྱེད་པ་ལ་དགའ་བོ་ཆེར་མེད་ཞེས་གསུངས་པ་ལྟར་དུ་རེད། དེ་རིང་ངོས་ཀྱི་སྐྱེ་སྐར་འདི་ལ་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌེའི་དང་སུ་སིན། རྗེན་ནེའི་བཅས་ཀྱི་མོས་པ་ལྟར་ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་རྒྱ་གར་ཟ་ཁང་ཞིག་ནང་དུ་སོང་། ཟ་མ་གང་འདོད་ཟ་ཆོག་པ་དེ་ནས་འགྲང་ཚད་ཟོས། དེ་ནས་ཧར་ཌེའི་སུ་སིན་སོགས་རིམ་བཞིན་ངོས་ལ་སྟོད་གོས་སོགས་སྐྱེས་སྐར་ལ་བརྔན་པ་འདྲ་མིན་སྤྲད་བྱུང་། ཟ་མ་ཟོས་རྗེས་སུ་སིན་དང་རྗེ་ནེའི་གཉིས་མཉམ་དུ་རྒྱ་མཚོའི་འགྲམ་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ལྷག་ཏུ་སོང་། གློ་ཁུག་ནང་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་མིང་འདོགས་ལ་བླ་མ་མགོ་ཞེས་ངོས་ཀྱི་དགེ་ཕྲུག་མེའུ་ཀོའི་རེད་འདུག ཁོང་ནས་ཟེར་ན་རྗེའུ་ཧྥུའི་ཁྱི་ད་ལྟ་ཤི་སོང་བས་འཕོ་བ་འདོན་ལ་ཡོང་རོགས་ཟེར། རྗེའུ་ཧྥུའི་ནང་དུ་སོང་ནས་ཁྱི་ལ་འཕོ་བ་བཏོན། ས་ཆ་འདིར་ཁྱི་ཤི་བའི་སྐབས་སུ་བོད་ནས་མི་ཤི་བ་ནང་བཞིན་སྡུག་བསྔལ་བྱེད་ནས་དེར་ཡོད་མི་བདུན་བརྒྱད་ཡོད་པ་དེ་རྣམས་མི་ངུ་མཁན་གཅིག་ཀྱང་མི་འདུག ངས་ནི་རྗེའུ་ཧྥུ་ལ་སེམས་གསོ་འདྲ་བྱས་ནས་སུ་སིན་ངེད་གཉིས་ནང་དུ་འབྱོར། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།