Monday, January 30, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ།

བདེ་ལྡན་ཞིང་གི་མགོན་པོ་སྣང་མཐའ་ཡས།
ཞོགས་པ་ལངས་ནས་འཆར་ཅན་ལྟར་ངོས་ཀྱི་རྒྱུན་ཁྱེར་ཁ་འདོན་རྣམས་ཚར་བར་བྱས་པ་མ་ཟད་ཕྱི་མའི་ལྔ་ལམ་དུ་གྱུར་ནས་བདུན་ཕྲག་གཅིག་ལས་མ་ཕྱིན་པའི་ངོས་ཀྱི་ཨ་ཕྱི་རྒན་མོའི་ཆེད་དུ་འོད་ཆོག་ཚར་གསུམ་སྦྱོར་དངོས་རྗེས་གསུམ་ཚང་བར་བྱས་ནས་བཏོན་ཅིང་བསྔོ་སྨོན་སོགས་གང་ཤེས་བྱས་ནས་འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་མཐོ་རིམ་སློབ་གྲྭའི་ནང་དུ་ཡོད་པའི་ངོས་ཀྱི་ཆོས་གྲོགས་གྲྭ་རིག་འཛིན་ལགས་ཀྱི་ཚ་མོ་ཆེ་བ་སངས་ཆོས་རེད་འདུག སངས་ཆོས་ནི་རྒྱ་གར་ལ་ཡོང་ནས་ཕལ་ཆེར་ལོ་བཅོ་ལྔ་ཙམ་རེད་འདུག་དང་པོ་དམའ་རིམ་སློབ་གྲྭ་ནས་བཟུང་སྟེ་དེང་སང་འགྲིམ་བཞིན་པའི་མཐོ་རིམ་སློབ་གྲྭའི་བར་སློབ་སྦྱོང་བྱས་པའི་བུ་མོ་ཞིག་རེད། མོ་རང་ནས་ངོས་ལ་ཐད་ཀར་གསུང་མ་ཐུབ་ཀྱང་དཀའ་ངལ་ཞིག་ཡོད་པ་དེ་ནི་མོ་རང་གི་མཐོ་རིམ་སློབ་གྲྭའི་འགྲོ་སོང་སྐོར་ཡིན་པ་ངས་ཤེས་ཀྱི་ཡོད། བུ་མོ་འདི་ཡི་རྒྱབ་ཏུ་ཡོད་པའི་མི་ཚང་འདི་ལ་ལྟས་ནས་ངོས་ཀྱི་གྲོང་པ་གཅིག་པ་ཡིན་པ་མ་ཟད་ངོས་ཀྱི་ཕ་རྒན་ཞིང་གཤེགས་དེ་དང་བུ་མོ་འདི་ཡི་སྤོ་སྤོ་གཉིས་ཁམས་པའི་ལུགས་སྲོལ་ལྟར་དུ་ཤག་པོ་ཞེས་གནའ་དང་གན་རྒྱ་བཞག་པའི་བློ་ཐུབ་ཀྱི་གྲོགས་པོ་ཞིག་ཀྱང་རེད་འདུག དེ་ནས་བུ་མོ་འདི་ཡི་ཨ་ཞང་གྲྭ་ལྷུན་འགྲུབ་དང་རིག་འཛིན་བུ་སྤུན་གཉིས་ཀྱང་ངོས་ཀྱི་རྡོ་རྗེའི་མཆེད་གྲོགས་ཡིན་པ་མ་ཟད། ཆུང་གཟན་ཤམས་རལ་པོ་ལུས་ལ་གྱོན་ནས་བཟུང་སྟེ་ཕ་མ་གཅིག་གི་བུ་རྒྱུད་ལྟར་བློ་སྙིང་ཁེལ་སའི་གྲོགས་པོ་ཡག་ཤོས་ཞིག་ཡིན་པས་བུ་མོ་སངས་ཆོས་ལ་བསླབ་བྱ་སོགས་གང་དྲག་བྱས། ངོས་ལ་མཚོན་ན་སྤུན་མཆེད་དང་ཚ་བོ་ཚ་མོ་སོགས་མཛུབ་སྐེ་བཅད་པ་ནང་བཞིན་བཅུ་གྲངས་ཞིག་ལ་ལྟ་སྐྱོང་བྱེད་དགོས་ཀྱང་གྲོགས་པོའི་ངོ་དང་བུ་མོའི་བློ་གཏད་སོགས་ཆུད་ཟོས་སུ་མ་སོང་བའི་ཆེད་དུ་གནས་སྐབས་སང་ཉིན་གང་མགྱོགས་ཨ་སྒོར་སུམ་བརྒྱ་བསྐུར་རྒྱུའི་ཁས་ལེན་བྱས་པས་མོ་རང་ཧ་ཅང་དགའ་བོ་བྱས་སོང་། དེ་རིང་གི་ཉིན་མོ་འདི་ནི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ་ཞིག་ཡིན་སྟབས་ངོས་ཀྱི་སློབ་མ་རྣམས་ནས་ཁ་པར་ཆད་མེད་དུ་ཡོང་གི་འདུག ཉིན་གུང་ཟ་མ་རུ་འབྲས་དང་རྡ་ལི་ཞིག་ཟོས་ནས་སུ་སིན་དང་མཉམ་དུ་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ལྷག་སོང་ནས་ནང་དུ་ཡོང་ནས་གཟན་ཤམས་རྣམས་རྗེ་ལེན་བྱས་ནས་ཆུ་ཚོད་ལྔ་པའི་སྐབས་སུ་ཞིང་སྒྲུབས་འཚོགས་ལ་སོང་བས་མི་རྣམས་རིམ་བཞིན་འབྱོར་ནས་འཚོགས་ཁང་ཕྱེད་ཀ་མི་ཡིས་ཁེངས་འདུག ཕལ་ཆེར་མི་གྲངས་ཉི་ཤུ་རྩ་ལྔ་ཙམ་ཡོད་ས་རེད། དེ་ནས་བསྟན་ལ་གུས་ཞབས་ཀྱིས་ཕྱག་གསུམ་འཚལ་ནས་གདན་ཐོག་ཏུ་བསྡད་ནས་དེ་རིང་གི་སྔོན་འགྲོའི་ཆོས་ཐུན་ལ་སྐད་བསྒྱུར་བརྒྱུད་ནས་ནམ་རྒྱུན་བཞིན་ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་བཤད་ནས། དངོས་གཞིའི་ཆོས་ཁྲིད་ལ་བྱམས་པ་དང་སྙིང་རྗེའི་སྐོར་ཚད་མེད་བཞི་དང་སྦྲགས་ནས་བཤད། ལྷག་པར་དུ་ཡི་དམ་སྒྲུབས་པའི་སྐབས་སུ་བྱམས་པ་དང་སྙིང་རྗེ་མེད་ན་མི་འགྲུབ་ཚུལ་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པ་ལོ་དགུ་ལ་སྒྲུབས་ཀྱང་མ་འགྲུབ་ནས་མཐར་ཁྱི་མོ་འབུས་གཡེངས་བ་ཞིག་གཟིགས་ནས་དེས་རྐྱེན་བྱས་ནས་སྐད་ཅིག་དེ་ཉིད་ལ་སྙིང་རྗེ་རྒྱུད་ལ་སྐྱེས་ནས་རྒྱལ་བ་བྱམས་པ་ཞལ་གཟིགས་ཚུལ་སོགས་གཏམ་བརྒྱུད་དང་སྦྲགས་ནས་བཤད་པས་མི་མང་རྣམས་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་དེ་རིང་གི་འོད་དཔག་ཆོ་ག་ཉིད་བོད་ཀྱི་སྒྲ་གདངས་ཐོག་འདུར་དབྱངས་ཀྱིས་བཏོན་ནས་བརྒྱུད་འདེབས་དང་། བསྙེན་པ། བདེ་ཆེན་ཞིང་སྨོན་དང་། ཞབས་བརྟེན་སོགས་ལ་མེའོ་གོའུ་ནས་སྔ་ནས་སྦྱངས་པ་བྱས་པའི་མཛུབ་གནོན་སྒྲ་གདངས་སམ་ piano རམས་འདེགས་བྱས་སོང་བས་མི་རྣམས་འདོན་པ་འདོན་བཞིན་པའི་སྐབས་སུ་མགོ་བོ་ལིང་ལིང་དང་། གདོང་པ་འཛུམ་ཤིགས་ཤིགས་བྱེད་ཀྱི་འདུག མ་ཟད་ངོས་ཀྱི་སྐད་བསྒྱུར་འདིས་ཀྱང་དེ་རིང་ཉེ་ཆར་བོད་ནས་རྒྱལ་གཅེས་ཀྱི་དཔའ་བོ་དཔའ་མོ་བཅུ་བདུན་གྱིས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་བསྲེག་གཏང་ནས་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་སྒྲ་སྙན་གྱི་གདངས་དང་ཀྱི་དབྱངས་ལ་སྐྱོན་ནས་ ༼བདེན་ཚིག་སྨོན་ལམ།༽ གཏང་བྱུང་བས་མི་མང་དགའ་བོ་བྱས་སོང་། ཆོ་ག་ཚར་བར་བྱས་ཤིང་སློབ་མ་རྣམས་ཀྱིས་ངོས་ལ་ཟུར་འཕྲད་དང་། ཁ་གཏགས་དང་དངུལ་འབུལ་བ་སོགས་ཨེ་ཤ་ཡའི་ལུགས་སྲོལ་ལྟར་དུ་བྱས་ནས་མཐར་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་། ལག་འཇུ་སོགས་ཅི་རིགས་བྱས་ནས་རང་རང་སོ་སོའི་གནས་སུ་བདེ་བར་སོང་། ངོས་ཀྱང་ནང་དུ་འབྱོར་བ་དང་ལྷན་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ཞིང་ཚེ་ལས་འདས་ནས་བདུན་ཕྲག་གཅིག་ལས་མ་སོང་བའི་ཨ་ཕྱི་རྒན་མོའི་བུ་མོ་ངོས་ཀྱི་སྲིང་མོ་མཚོ་སྐྱིད་ལ་ཁ་པར་ཞིག་གཏང་བས། མོ་རང་ནས་ཟེར་ན་དེ་རིང་དགོན་ཞབས་དགོན་པའི་ཨ་ནེ་དང་གྲྭ་པ་བཅུ་ཙམ་གྱིས་རྡོར་སེམས་སྒོ་ནས་བྱང་ཆོག་གནང་གི་ཡོད་ཅེས་གསུངས་བྱུང་། ངེད་མིང་སྲིང་གཉིས་ཀྱིས་ཨ་ཕྱི་རྒན་མོའི་ཕུང་པོ་གང་དུ་བསྐྱལ་དགོས་མིན་སྐོར་སྐད་ཆ་མདོར་བསྡུས་ཞིག་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, January 28, 2012

སྤྲོ་སྐྱིད་གཏང་བའི་ཉིན་མོ།

སྤྲོ་སྐྱིད་སྐབས་སུ་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན།
ཞོགས་པ་ལངས་ནས་འཆར་ཅན་གྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ལ་རོལ། དེ་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་བལྟ་ཞིག་བྱས་པས་ཐབས་སྐྱོ་བའི་གནས་ཚུལ་ཞིག་ལ་འགུ་ལོག་དང་། གསེར་རྟ། བྲག་མགོ་སོགས་ནས་བོད་རིགས་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ཁ་ནས་བྱང་ཆུབ་སེམས་མཆོག་མ་དང་། རྒྱལ་བའི་ཞབས་བརྟན་སོགས་འདོན་བཞིན་ལག་ཏུ་ཕྲེང་བ་བཟུང་ནས་ཁྲོམ་གཞུང་ནས་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་སྐབས་སུ་རྒྱ་ནག་གཞུང་ནས་ཡ་ང་དང་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པར་མེ་མདས་རྒོལ་བརྡུང་བྱས་ནས་བོད་རིགས་མང་པོ་ཤི་རྨས་བྱས་པ་དེ་རེད། 
དེ་རིང་གི་ཉིན་མོ་འདི་ནི་ངོས་ལ་མཚོན་ན་རྒྱ་གར་དང་བལ་ཡུལ་སོགས་ནས་མི་ལོ་བཅོ་ལྔའི་རིང་ཁྱི་སྡོམ་བཞིན་དུ་འཁྱམས་ཉུལ་བྱས་པའི་འཇིག་སྔངས་ཀྱི་མི་ཚེའི་དེ་ཉིད་རེ་ཞིག་མཇུག་རྫོགས་ནས་འཛམ་གླིང་ཧྲིལ་པོའི་སྒང་ནས་བཙན་པོར་གཉའ་གནོན་དང་། གཉོམ་ཆུང་རྒྱབ་རྩར་བྱེད་མཁན་སྟོབས་ལྡན་ཨ་རིའི་རྒྱལ་ཁབ་ལ་སྐྱབས་བཅོལ་ཞུས་ནས་ཟླ་བ་བརྒྱད་ཙམ་ནང་ཡིག་ཆ་ཚང་མ་རག་བྱུང་བས་ངོས་ཀྱི་དགེ་ཕྲུག་རྣམས་ཀྱིས་སྔ་ནས་ཡིད་སྨོན་བྱས་པའི་དེ་རིང་དེ་ཉིད་ལ་དགའ་བསུའི་ཆེད་དུ་ཉིན་གུང་རྒྱབ་ལོགས་ཆུ་ཚོད་གཉིས་ནས་ཆུ་ཚོད་ལྔ་པའི་བར་སྤྲོ་སྐྱིད་ཞིག་ཡོད་པས་དེར་འགྲོ་ཆེས་གྲ་སྒྲིག་བྱས་པ་ཡིན། ཆུ་ཚོད་དང་པོའི་སྐབས་སུ་ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཀུན་བཟང་དབང་མོའམ་སུ་སིན་སླེབས་བྱུང་བས་ངེད་གཉིས་ཤར་རྒྱག་ཆོས་ཚོགས་སུ་སོང་བ་ཡིན་པས་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌིའི་དང་སི་ཊེའི་ཧྥུ་ནའི་གཉིས་ནས་གྲ་སྒྲིག་བྱེད་བཞིན་འདུག དེ་ནས་མི་རྣམས་གཅིག་འབྱོར་གཉིས་འབྱོར་གྱིས་མི་མང་ལྔ་བཅུ་ཙམ་ཞིག་འཛོམས་བྱུང་བས་ཆོས་ཚོགས་ཀྱི་ཚོགས་གཙོ་ནས་ཚང་མར་དེ་རིང་གི་སྤྲོ་སྐྱིད་ངོ་སྤྲོད་དང་ཆོས་ཚོགས་ཀྱི་ལས་བྱེད་རྙིང་པ་གསུམ་ལ་ཐུགས་རྗེའི་ལེགས་འབུལ་ཆེད་མེ་ཏོག་ཆགས་པ་རེ་དང་ཁ་གཏགས་བཅས་གནང་བྱུང་། ངོས་ནས་ཀྱང་དབྱིན་ཇིའི་ཆགས་རོ་དེ་སྐྱོན་ནས་མི་མང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཀྱིས་སྣ་དྲངས་ནས་ཚོགས་གཙོ་གཙོར་བྱས་པའི་ངོས་ལ་རོགས་པ་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་ལྷག་པར་དེ་རིང་ངོས་ཀྱི་ཐུགས་སྤྲོ་འདི་ལ་མི་མང་པོ་འཛོམས་པ་ལ་དགའ་བསུ་ཞུས་པ་ཡིན། དེ་ནས་ཕན་ཚུན་གང་འདོད་ཟ་མ་ལ་རོལ་ཞིང་པར་རྒྱབ་པ་དང་། ཁ་ཤས་ཀྱིས་ཞབས་བྲོ་འཁྲབ་པ་སོགས་མི་རྣམས་ཟིང་ཟིང་ལོང་ལོང་བྱས་སོང་། དེ་ནས་གྲོགས་པོ་དང་གྲོགས་མོ་ཕན་ཁྱུ་ཁྱུ་བྱས་ནས་སྐད་ཆ་བཤད་པ་དང་པར་རྒྱག་པ་སོགས་བྱེད་ཀྱི་འདུག་པས་ངོས་ནས་ཁོ་རང་ཚོའི་འདོད་པ་ནང་བཞིན་ལྷོད་ལྷོད་བྱས་ནས་པར་མཉམ་དུ་རྒྱབ་པ་དང་སྐད་ཆ་བཤད་པ་སོགས་བྱས་ནས་དེ་རིང་གི་ཉི་མོ་དུས་ཚོད་དེར་རྫོགས་སོང་། དེ་ནས་ཕན་ཚུན་གྱེས་བྲལ་གྱི་འཐམ་འཁྱུད་དང་། ལག་འཆང་། ཕྱག་རྒྱ་སོགས་ཅི་རིགས་བྱས་ནས་བྱ་རྒོད་རྙི་ནས་ཐར་བ་བཞིན་དུ་རང་རང་སོ་སོའི་གནས་སུ་སོང་། ངོས་ཀྱང་ཆོས་ཚོགས་ཀྱི་དྲུང་ཡིག་ཀིམ་གྱི་རླངས་འཁོར་ནང་དུ་ཞུགས་ནས་དེ་རིང་གི་ཐུགས་སྤྲོ་དང་དེ་རིང་གི་གནམ་གཤིས་སོགས་ཡག་རབས་བཅོ་བརྒྱད་ཀྱི་ཁ་བརྡ་བྱེད་བཞིན་ནང་དུ་ལོགས་ནས་དགོང་ཟས་སྟབས་བདེ་ཞིག་ཟོས་ནས་ཐོག་ཁར་སོང་། ད་ལྟ་བལ་ཡུལ་ཡོད་པའི་ངོས་ཀྱི་ཆོས་གྲོས་པདྨ་ཆོས་འཕེལ་དང་ལྷན་གནམ་སྐར་སྒེའུ་ཁུང་ནང་ནས་ད་ལོའི་རྡོར་གདན་གྱི་དུས་འཁོར་དབང་ཆེན་དང་འབྲེལ་བའི་ཆོས་སྲིད་གཉིས་ཀའི་ཐད་ནས་སྐད་ཆ་རྒྱུན་རིང་བྱས། ཁོང་ནི་ནམ་རྒྱུན་ཨ་རི་པོར་ལེན་དུ་བཞུགས་མཁན་ཞིག་ཡིན་ཀྱང་ད་ལོར་དུས་འཁོར་དབང་ཆེན་ཞོར་དུ་གཉེན་འཕྲད་ཀྱི་ཆེད་དུ་བལ་ཡུལ་ལ་སོང་ནས་ཟླ་བ་གཅིག་ལྷག་ཙམ་ཡིན། ཁོང་ནི་ངོས་ཀྱི་ཆོས་གྲོགས་བློ་ཐུབ་ཡག་ཤོས་ཞིག་ཀྱང་ཡིན། དེ་ནས་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, January 23, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

དགེ་ཕྲུག་རྣམས་དང་དང་ལྷན་གཟའ་ཟླ་བའི་དགོང་མོར། 
ཞོགས་པ་འཆར་ཅན་ལྟར་དུ་ལངས་ནས་སོ་གདོང་སོགས་གཙང་མ་བྱས་ཤིང་ཁ་འདོན་རྣམས་དང་ལྷན་ཨ་ཕྱི་རྒན་མོའི་ཞེ་དགུའི་ཆེད་དུ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཚར་གསུམ་དང་འོད་མཚན་རྒྱས་པ་བརྒྱ་ཚར་གསུམ་བཏོན་ནས་ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་ལ་རོལ། དེ་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་སོང་ནས་ནང་དུ་འབྱོར་ཞིང་གཟུགས་པོ་བཀྲུས་ནས་ངལ་གསོ་བྱས། ཉིན་མོ་འདི་ནི་ངོས་ལ་ལྟོས་ན་བསོད་ནམས་བསགས་པའི་ཉིན་མོ་ཞིག་ཡིན་སྟབས་བདེ་ཆེན་ཞིང་སྒྲུབས་འཚོགས་པའི་གྲ་སྒྲིགས་རྣམས་ཚང་མ་བྱས་ཤིང་ཉིན་གུང་ཟ་མ་རུ་ཟུར་དུ་ཡོད་པའི་ཝེར་ནམ་ཟ་ཁང་རུ་སོང་ནས་ཨ་སྒོར་བཅོ་ལྔས་ཐུག་པ་ཕོར་རྒན་གང་འཐུང་ནས་ནང་དུ་འབྱོར། ཆུ་ཚོད་བཞི་དང་ཕྱེད་སྐབས་སུ་སུ་སིན་འབྱོར་བྱུང་བས་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་རྣམས་ཚང་མ་ཆུ་ཚོད་དྲུག་པའི་སྐབས་སུ་ཏག་ཏག་འབྱོར་བྱུང་། དེ་རིང་གི་ཞིང་སྒྲུབ་ལ་ས་གནས་འདིར་ཡོད་པའི་ཀོ་རི་ཡའི་ཆོས་ཚོགས་ཀྱི་བླ་མ་ཞིག་ཡོད་པ་དེ་ཉིད་ཀྱང་སྔོན་ནས་གདན་ཞུས་ལྟར་ཕེབས་འདུག་པས་མི་མང་རྣམས་ཧ་ཅང་དགའ་བོ་བྱས་སོང་། སྡོམ་པས་མི་གྲངས་ཉེར་བརྒྱད་ཙམ་འདུག་པས་ཆོ་ག་མ་བཏོན་པའི་སྔོན་ནས་ཀུན་སློང་བཅོས་སྟངས་སྐོར་སྐད་བསྒྱུར་བརྒྱུད་ནས་མདོར་བསྡུས་ཞིག་བཤད་ནས་དེ་རིང་ཆོ་ག་ཉིད་བོད་ཡིག་གི་སྒྲ་གདངས་ཐོག་བཏོན། མེ་གོའི་ནས་མཛུབ་གནོན་སྒྲ་སྙན་ནམ་piano འོད་དཔག་གི་བརྒྱུད་འདེབས་ཉིད་མི་མང་གི་གདངས་དང་མཉམ་དུ་གཏང་བྱུང་བས་མི་ཚང་མ་ཧ་ཅང་དགའ་བོ་བྱས་སོང་། རྫོགས་རིམ་གྱི་སྐབས་སུ་སེམས་ཀྱི་གནས་ལུགས་ངོ་སྤྲོད་རྫོགས་ཆེན་དང་འབྲེལ་ནས་མདོར་བསྡུས་ཞིག་བྱས། 
མ་ཡེངས་མ་ཡེངས་དྲན་པའི་རྒྱངས་སོ་ཚུགས། 
གཡེངས་བའི་ལམ་ལ་བདུད་ཀྱི་ཇག་པ་ཡོད། 
ཆགས་སྡང་ཞེན་པའི་སེམས་འདི་བདུད་ཡིན་པས། 
གཉིས་འཛིན་ཀུན་གྲོལ་སྒྱུ་མའི་ངོ་བོར་ལྟོས།
ཀ་དག་མ་བཅོས་རང་སེམས་མངོན་གྱུར་པ།
སངས་རྒྱས་གཞན་ན་མེད་དོ་རང་སར་ཞོག
གཞན་ནས་འཚོལ་རྒྱུ་མེད་དོ་རང་བབས་ཞོག
མ་སྒོམ་ལྷུན་འགྲུབ་ཡིན་པས་རྒྱལ་ས་ཟུངས།
ཞེས་པའི་གྲུབ་དབང་ཚོགས་གཉིས་སྐུ་གོང་མས་མཛད་པའི་རྫོགས་པ་ཆེན་པོའི་དྲན་བསྐུལ་འདི་ལ་འགྲེལ་བཤད་མདོར་བསྡུས་ཞིག་བྱས་ནས་ཆོ་ག་རྣམས་ཚར་བར་བྱས་ཤིང་མི་རྣམས་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་། ལག་འཆང་སོགས་ཅི་རིགས་བྱས་ནས་ངོས་ཀྱང་རླངས་འཁོར་ཁ་མོ་རི་ཎའི་ཕྱོགས་སུ་བསྐོར་ནས་ནང་དུ་འབྱོར་ནས་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, January 21, 2012

རྗེའུ་ཧྥུ་དང་མཉམ་དུ་ཟ་མ་ཟོས་པའི་ཉིན་མོ།

དགོང་ཟས་སྐབས་སུ་ཡོ་གའི་དགེ་རྒན་དང་ལྷན་དུ།
ཞོགས་པ་ལངས་ནས་ངོས་ཀྱི་འཆར་ཅན་གྱི་ཁ་འདོན་རྣམས་ཚར་བར་བྱས་པ་མ་ཟད་དྲིན་ཅན་གྱི་ཨ་ཕྱི་རྒན་མོ་དེ་ཉིད་ཚེ་ལས་འདས་ནས་བདུན་གཅིག་ལས་སོང་མེད་སྟབས་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཚར་གསུམ་དང་། འོད་ཆོག་ཚར་གཅིག་བཅས་བཏོན་ནས་ཞིང་སྐྱེ་མ་དེ་ཉིད་ཀྱིས་གཙོས་པའི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བསྔོ་བ་དང་སྨོན་ལམ་གང་ཤེས་བྱས། ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་ལ་རོལ་ཞིང་། ཐོག་ཁར་ཡོང་ནས་ད་ནུབ་ཀྱི་རྨི་ལམ་དེར་སྔ་འདིང་ཞིག་རྒྱབ། ད་ནུབ་ངོས་ཀྱི་རྨི་ལམ་དུ་མི་མང་པོ་ཞིག་དང་མེ་མདའ་དང་གྲི་མཚོན་སོགས་ཀྱིས་འཛིང་རེས་བྱས་ནས་ཁྲག་དམར་ཙ་རེ་མི་མང་པོ་ཞིག་བསད་བྱུང་བའི་རྨི་ལམ་གཏང་བྱུང་བས་དེ་རིང་ཡང་ཁྲག་དེ་མིག་ལམ་དུ་འཁོར་ནས་སེམས་ལ་འཇིག་ཡེ་རེ་བ་ཞིག་འདུག  དེ་ནི་ངོས་རང་མི་སྡར་མ་ཞིག་ཏུ་ལུང་འཛིན་སྔ་མོ་ནས་རྒྱལ་སྲས་ཞི་བ་ལྷས་གནང་ཚར་འདུག 
ལ་ལ་བདག་གིས་ཁྲག་མཐོང་ན།
 དཔའ་བརྟན་ལྷག་པ་སྐྱེ་བ་ཡོད། 
ལ་ལ་གཞན་གྱིས་ཁྲག་མཐོང་ན། 
བོག་ཅིང་རྒྱལ་བར་འགྱུར་བ་ཡོད། 
དེ་ནི་སེམས་ཀྱི་ངང་བརྟན་དང་། 
སྡར་མའི་ཚུལ་ལས་གྱུར་པ་ཡིན། 
ཞེས་གསུངས་པས་སོ། དེ་ནས་དེ་རིང་ངོས་ཀྱི་གྲོགས་པོ་རྗེའུ་ཧྥེའུ་དང་མཉམ་དུ་ཉིན་གུང་ཟ་མ་ལ་ཤ་མེད་ཟ་ཁང་ཞིག་དུ་འགྲོ་རྒྱུ་བྱས་ཚར་བས་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་ལ་ཁ་པར་གཏང་ནས་ཟ་ཁང་དུ་སོང་བས་དེར་ངོ་ཤེས་པ་དང་མི་ཤེས་པ་སྡོམ་པས་མི་གྲངས་བཅུ་ཙམ་ཞིག་འདུག ལུང་པ་འདི་ཡི་གོམས་སྲོལ་ལྟར་ཕན་ཚུན་ངོ་སྤྲོད་དང་། ལག་འཆང་། འཐམ་འཁྱུད་སོགས་ཅི་རིགས་བྱས་ནས་ཟ་མ་ལ་རོལ་ནས་ཁ་བརྡ་འདྲ་བྱས་ཤིང་། དེར་ཡོད་མི་ཕལ་མོ་ཆེ་ནི་ངོས་ཀྱི་ཆོས་ཁྲིད་དང་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ལ་ཡོང་མྱོང་མཁན་ཆོས་གྲོགས་ངོ་ཤེས་རྙིང་པ་ཤ་སྟག་རེད་འདུག ངོས་ཀྱི་རྐུབ་སྟེགས་འཁྲིས་སུ་མགོ་ལ་རས་དཀར་པོ་དཀྲིས་ཞིང་རྒྱ་གར་པན་ཇབ་ཀྱི་བཟོ་ལྟ་ཅན་ཕར་ལྟས་ཚོད་ལ་བག་དྲོ་མདོག་ཅན་གྱི་གཟའ་མི་གཉིས་ཡོད་པ་འདི་ནི་ལུས་སྦྱོང་ངམ་ཡོ་གའི་དགེ་རྒན་ཞིག་ཡིན་སྐད་འདུག ངོས་ཀྱི་དབྱིན་ཇིའི་ཆག་རོ་དེ་རྒྱབ་ནས་ཕན་ཚུན་སྐད་ཆ་མང་པོ་ཞིག་བྱས་ནས་མཐར་དགོང་ཟས་ཀྱིས་འགྲངས་ནས་ཕན་ཚུན་གྱེས་བྲལ་གྱི་འཐམ་འཁྱུད་དང་། ལག་འཆང་། ཕྱག་རྒྱ་སོགས་ཅི་རིགས་བྱས་ནས་སུ་སིན་ངེད་གཉིས་ཀྱང་སྐར་མདའ་ཆད་པ་ནང་བཞིན་རླངས་འཁོར་ཁ་མོ་རི་ཎའི་ཕྱོགས་སུ་བསྒྱུར་ནས་ཁྱིམ་དུ་ལོགས། ནང་དུ་འབྱོར་བ་དང་ལྷན་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ལྷག་སོང་ཞིང་ནང་དུ་འབྱོར་ནས་མལ་གསོ་ཅུང་ཙམ་བྱས། དགོང་ཟས་སུ་རྒྱ་ཐུག་ཞིག་འཐུང་ནས་དེ་རིང་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་དེ་ནི་དེང་སང་བོད་བསྟན་སྲིད་ཀྱི་ཆེད་དུ་ཨ་མདོ་རྔ་བའི་ཕྱོགས་ནས་རང་ལུས་མེར་བསྲེག་གི་ལས་འགུལ་གྱི་མེ་ལྕེ་ལྷབ་ལྷབ་ཏུ་འབར་བཞིན་པ་དེ་རེད། ལྷག་པར་དུ་འགུ་ལོག་དར་ལག་རྫོང་ནས་སྤྲུལ་སྐུ་བསོད་པ་ཟེར་བའི་བོད་མི་རིགས་ཀྱི་དཔའ་བོ་ཆེན་པོ་ཞིག་ནས་བོད་རིགས་རྣམས་ལ་མདའ་ཁའི་ཞལ་ཆེམས་བཞག་ནས་སྐུ་ལུས་མེར་བསྲེག་གཏང་བའི་དཔངས་རྟགས་སུ་པར་ལྟ་མི་བཟོད་པ་ཁ་ཤས་ངོ་དེབ་དང་དྲ་རྒྱའི་བརྒྱུད་ལམ་ཁག་ནས་མཐོང་ཐོས་བྱུང་བས་སེམས་པ་གྲངས་ཤུར་རེ་འདྲ་ཞིག་བྱས་སོང་། ཁ་བརྡའི་ནང་དུ་སོང་ནས་ཀ་རྩོམ་ཞིག་ཏུ། 
ཚེ་སྲོག་མཆོད་མེར་ཕུལ་བའི་རྗེས་དྲན་མེ་དཔུང་གི་འུར་སྒྲ། 
ཀ་ཡེ་གསོན་དང་ཆོལ་གསུམ་སྤུན་ཟླ་རྣམས།
ཁ་སང་དེ་རིང་ལུགས་གཉིས་བསྟན་སྲིད་ཆེད། 
ག་ས་གང་དུ་རང་ལུས་མེ་མཆོད་འདི། 
ང་ཡི་མིག་ནས་མཆི་མ་དབང་མེད་ཤོར། ཞེས་པའི་ཀ་རྩོམ་བྲིས། དེ་ནས་སེམས་སྡུག་གི་མུན་པས་ཁེངས་བཞིན་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་ཀྱང་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Wednesday, January 18, 2012

ངོས་ཀྱི་ཨ་ཕྱི་ཚེ་ལས་འདས་པའི་ཉིན་མོ།

ཨ་མ་དྲན་པའི་རྟེན་དུ། 
ཞོགས་པ་ལངས་ནས་ངོས་ཀྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ལ་རོལ་ནས་སྒེའུ་ཁུང་ནང་ནས་ཕར་གཅིག་བལྟས་པས་དེ་རིང་གནམ་གཤིས་འདི་ནི་ཕྱི་རོལ་དུ་ཉི་མ་ཤར་ཞིང་མི་རྣམས་ཁྱུ་ཁྱུ་བྱས་ནས་ཞོག་ཀའི་གོམ་འགྲོས་སུ་འགྲོ་བས་ངོས་ཀྱང་རྐང་འགྲོས་ཀྱིས་འཕྲོད་བསྟེན་ཆེད་དུ་ཆུ་ཚོད་གཅིག་ལྷག་སོང་ནས་ནང་དུ་འབྱོར་བ་དང་ལྷན་གཟུགས་པོ་བཀྲུས་ནས་ཉལ་སར་ངལ་གསོ་བྱས། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ནས་ངོས་ཀྱི་གྲོགས་པོ་ཨོ་རྒྱན་དར་རྒྱས་རེད་འདུག་ངེད་གཉིས་སྐད་ཆ་ཐུང་ཙམ་བྱས་ནས་ཆུ་ཚོད་དགུ་པའི་སྐབས་སུ་ཁ་སང་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་དང་ལྷན་ཁར་མེལ་ཝ་ལེའི་ལ་ཡོད་པའི་ཀོ་རེ་ཡའི་ཆོས་ཚོགས་ཞིག་ནང་འགྲོ་རྒྱུ་བྱས་པ་དེ་ཡིན་པས་དེར་སོང་བས་ཀོ་རེ་ཡའི་གྲྭ་པ་གཉིས་བཞུགས་འདུག མ་ཧཱ་ཡ་ནའམ་དེང་སང་ན་བཟའ་སྐྱ་སྐྱ་ཅན་གྱི་ཆོས་ལུགས་འདི་ལ་ངོས་ཧ་ཅང་འབྲེལ་བ་ཆེན་པོ་ཡོད། ཁོ་རང་ཚོ་རང་བཞིན་གྱིས་ཀུན་རྫོབ་བམ་ཕྱི་ལོགས་ཀྱི་ལུས་ངག་གི་སྤྱོད་པ་ལ་ཧ་ཅང་གལ་ཆེན་གནང་མཁན་ཞིག་དང་མ་ཟད་རང་ཤེད་དང་ང་རྒྱལ་ཡང་ཆེ་ཙམ་ཡོད། དེ་རིང་གི་གྲྭ་པ་གཉིས་ནི་དེ་འདྲ་མ་ཡིན་པ་གཉོམ་ཆུང་མདོག་འདྲ་ཞིག་མཐོང་སོང་། ལར་ནི་གྲྭ་པ་གཉིས་ནས་དབྱིན་ཇིའི་སྐད་གཏན་ནས་ཤེས་ཀྱི་མི་འདུག་ང་ཚོའི་ལག་བརྡ་འདྲ་བྱས་ནས་ཅུང་ཙམ་བསྡད་ནས་ཁོང་ཚོའི་ལྷ་ཁང་ནང་ཆོས་མཇལ་ལ་སོང་ནས་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་ལག་གཡུགས་སོགས་བྱས་ནས་རང་ཁྱིམ་དུ་འབྱོར་བ་ཡིན། དགོང་ཟས་སུ་ཟྭ་ཐུག་ཞིག་བཀོལ་ནས་རྩམ་པ་དང་ལྷན་དུ་ཟོས་པས་ཞིམ་པོ་དཔེ་མེད་འདྲ་ཞིག་བྱུང་། དེ་ནས་ངོས་ཀྱི་ཨ་ཕྱི་རྒན་མོ་དེ་ཉལ་སར་ལྷུང་ནས་ཟླ་བ་གཅིག་ཙམ་ཞིག་ཡིན་སྟབས་སྲིང་མོ་ལ་ཁ་པར་ཞིག་གཏང་བས་སྲིང་མོ་ངུག་ངག་དང་བཅས་ཨ་མ་ད་ནང་ཞོག་པ་ཆུ་ཚོད་དྲུག་པའི་སྐབས་སུ་གྲོང་སོང་ཟེར་ནས་སྐད་ཤུགས་ཆེན་པོའི་ངུས་བྱུང་། ངོས་ཀྱང་སེམས་སྐྱོ་བ་ལ་ཚད་ལས་འདས་ཀྱང་སེམས་གསོ་ཡིན་ཁུལ་གྱིས། 
ད་མ་ངུ་གཅུང་མོ་ངུས་ཀྱང་ཕན་གྱི་མ་རེད་ལྷག་པར་དུ་ཕུང་པོའི་ཟུར་ནས་ངུ་མི་རུང་གསུངས་ཡོད་པ་རེད་ཤི་བོ་ལ་གནོད་ཀྱི་རེད། ལར་ནི་མི་འཆི་ས་སྟེང་འདིར་འདུག་ས་མེད་པ་ནི་ཤེས་གསལ་རེད། དེ་བས་ལོ་གྲངས་ཀྱི་བབས་དང་དུས་ཚོད་ཀྱི་གནས་སྟངས་སོགས་གང་ལ་ལྟས་ཀྱང་རན་ཤོས་རེད་ཁྱེད་རང་སེམས་སྡུག་གཏན་ནས་མ་བྱེད།
སོགས་བསླབ་བྱ་མང་པོ་ཞིག་བྱས་ཁུལ་བྱས་ཀྱང་སྲིང་མོའི་ངུ་ངག་གི་སྐད་དེ་དང་མི་ལོ་ཧྲིལ་པོ་བཅུ་ལྔའི་རིང་དྲིན་ཆེན་གྱི་ཨ་ཕྱི་རྒན་མོ་དེས་ངོས་ལ་ཤི་སྒུགས་བྱས་ཀྱང་འཆི་ཁར་ངོ་ཐུག་མ་བྱུང་བའི་འགྱོད་པ་དེས་ངོས་ཀྱང་མིག་ནས་མཆི་མ་ཤོར་སོང་། ཨ་ཕྱི་འདི་ནི་ངོས་ཀྱི་མ་ཚབ་འདྲ་ཞིག་ཡིན། གང་ཡིན་ཟེར་ན་ངོས་ཀྱི་གཅེས་མ་དེ་ངོས་རང་སྐྱེས་ནས་ཕལ་ཆེར་ཟླ་བ་གསུམ་ཙམ་སྐབས་སུ་རིག་གནས་གསར་རྗེ་ཟེར་བའི་ལས་འགུལ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་ནད་མུག་མཚོན་གསུམ་གྱི་ཡོ་ལང་གི་སྐབས་སུ་ངོས་ཀྱི་ཨ་མ་དེ་དང་ངོས་ཀྱི་ཨ་ཞང་ཆུང་བ་བཅས་ནང་མི་གསུམ་རྒྱ་དམར་གཞུང་ནས་འཐབ་རྩོད་དང་རྡུང་རྡེག་གིས་ཤོར་མདའ་ས་དམར་སྣ་ལ་བསད་པ་རེད། དེ་ནས་བཟུང་སྟེ་ངེད་མིང་སྲིང་བཞི་དང་ལྷག་པར་ངོས་སྐྱེས་ནས་ཟླ་བ་གསུམ་ཙམ་ལས་ཕྱིན་མེད་སྟབས་སྐྱབས་མེད་མགོན་མེད་ཀྱི་དྭ་ཕྲུག་ཁྱུ་གཅིག་ཏུ་གྱུར་ཡོད། སྐབས་དེ་དུས་ངོས་ཀྱི་ཕ་རྒན་ཉིད་ལ་དྭ་ཕྲུག་རྣམས་ལ་ལྟ་སྐྱོང་བྱེད་རྒྱུ་ཕར་ཞོག་ཁོ་རང་ཡང་གྲལ་རིམ་འཐབ་རྩོད་ནང་དུ་ཉིན་ལྟར་སྡུག་གྱོང་མནར་གཅོད་ཚད་ལས་འདས་པ་མྱོང་གི་ཡོད་ཡིན་ནའང་གྲོང་པ་ཡུལ་མི་སེམས་དཀར་འགའ་ཡིས་ངེད་དྭ་ཕྲུག་རྣམས་ལ་ཟོས་ལྷག་དང་འཐུང་ལྷག་ཐ་ན་སྔོ་ཆུ་དང་རམ་པ་སོགས་ཟོས་ནས་མ་ཤི་ཙམ་གྱུར། དེ་ནས་རིམ་བཞིན་ངོས་ཀྱི་ཕ་རྒན་ཉིད་ནས་ཕ་དང་མ་གཉིས་ཀྱི་ཚབ་བྱས་ནས་ད་ལྟ་འཇིག་རྟེན་འདི་སྒང་ནས་མི་ཡི་ཤ་ཚུགས་ངོམས་ནས་འགྲོ་བཞིན་པ་འདི་ཡང་ཕ་རྒན་ཁོང་གཅིག་པུའི་དཀའ་དྲིན་ལས་ཡིན་པ་རེད་བསམ། དེ་ནས་ངོས་ཀྱང་ལོ་བཅུ་གཅིག་ཙམ་གྱི་སྐབས་སུ་ད་ལྟ་ངོས་ཀྱི་ཨ་ཕྱི་དེ་དང་འཕྲད་བྱུང་། དེ་ནས་བཟུང་ཨ་ཕྱི་རྒན་མོ་ལ་བུ་མོ་གསུམ་ལས་བུ་མེད་སྟབས་ང་ཁོ་རང་ཚོའི་བུ་ཡི་ནང་བཞིན་བྱེད་ནས་ངོས་ལ་གཅེས་སྐྱོང་བྱེད་ཀྱི་ཡོད། དེ་ནས་བཟུང་སྟེ་ངོས་ནས་གཅེས་པའི་ཨ་མ་མེད་ཀྱང་ཨ་ཕྱི་ནས་ཨ་མ་བཞིན་དུ་གཅེས་པར་སྐྱོང་བ་དེ་ང་རང་གི་བསོད་ནམས་སུ་ངོས་འཛིན་བྱེད་ཀྱི་ཡོད། ངོས་ལ་ལྟོས་ན་ཨ་ཕྱི་གསུམ་ཙམ་ཡོད། ད་ལྟའི་ཨ་ཕྱི་འདི་ནི་མི་ཀུན་གྱིས་ཆ་འཇོག་བྱེད་ས་བུད་མེད་ཤེས་རྒྱ་ཆེན་པོ། སྐྱིད་ཐེག་སྡུག་ཐེག་ཅན་ཞིག་ཡིན། ད་ལོར་ལོ་བརྒྱད་བཅུ་གྱ་གཉིས་རེད། ལར་ནི་ངོས་ཀྱི་ཨ་མའི་རིགས་བརྒྱུད་འདི་རང་བསྟོད་མིན་པར་ནང་ཆེན་རྒྱལ་པོའི་མངའ་འབངས་སུ་བེའུ་ཅང་ངམ་བློན་ཆེན་ཁག་ཉེར་ལྔ་ཡོད་པའི་ནང་ནས་མི་འགུ་བེའུ་ཅང་ཞེས་བློན་ཆེན་གཅིག་གི་བརྒྱུད་པའི་མི་ཚང་ཆེན་པོ་ཞིག་བུ་མོ་རེད། ངོས་ཀྱང་མི་ཚེ་ས་མཐར་འཁྱར་ནས་མི་ལོ་ཧྲིལ་པོ་བཅོ་ལྔའི་རིང་ཨ་ཕྱི་རྒན་མོ་ལ་ཁ་པར་ནང་ནས་སྐད་ཆ་ཙམ་ལས་དངོས་སུ་མ་ཐུག་པས་སེམས་ཕམ་ཆེ་ཡང་ཆོས་ཕྱོགས་ནས་བསམ་བློ་གཏང་དུས་དེ་ནས་མ་སྲིད་པ་ཞིག་གཏན་ནས་མིན་པ་མ་ཟད་མི་རྟག་པའི་བསྐུལ་མའི་གྲོགས་སུ་འགྲོ་ཞེས་གསུངས་པ་དོན་དུ་གནས་པས། འདུས་མཐའ་བྲལ་བ་ཆོས་ཉིད་དུ་སོང་བས་། ཞེ་དགུའི་རིང་དུ་ཆོས་གང་དྲག་བྱེད་པ་ལས་བྱ་ཐབས་གཞན་བྲལ་ཞེས་རང་གིས་རང་སེམས་གསོ་འདྲ་བྱེད་ཁུལ་བྱས་ནས་ཁ་འདོན་ནང་ནས་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་ཆོ་ག་དེ་ཚར་གཅིག་སྦྱོར་དངོས་རྗེས་གསུམ་ཚང་བར་བཏོན་ནས་ཉལ་སར་སོང་ནས་ཨ་ཕྱི་རྒན་མོ་དེ་མིག་ལམ་དུ་དྲན་བཞིན་གཉིད་དུ་ཡུར། 

Monday, January 16, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

ཐུགས་རྗེའི་ཅན་གྱིས་རྒྱངས་ནས་བདག་ལ་གཟིགས།
ཞོགས་པ་ལངས་ནས་སོ་གདོང་སོགས་གཙང་མ་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ཞིག་ཟོས་ནས་ཐོག་ཁར་ཡོང་ནས་ངོས་ཀྱི་རྩིས་འཁོར་ཆག་རོ་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་བྱས་པས་དེ་ནི་བོད་འགུ་ལོག་དར་ལག་རྫོང་ནས་སྤྲུལ་སྐུ་བསོད་སྦ་ཞུ་བའི་བླ་མ་ཞིག་ནས་ཆོས་གོས་ལུས་ལ་གྱོན་བཞིན་དུ་སྐུ་ལུས་མེར་བསྲེགས་གཏང་བའི་གནས་ཚུལ་དང་། མ་ཟད་ཕ་བསད་ཀྱི་དགྲ་བོ་ཡིན་ཀྱང་མིག་ནས་མཆི་མ་ཤོར་བའི་པར་བཅས་དྲ་ངོས་དང་གདོང་དེབ་སོགས་སུ་མཐོང་བྱུང་བས་དེ་ནི་ངོས་ལ་ལྟོས་ན་ཆེས་མི་འཚམས་པའི་ལྟས་མོ་ཞིག་དང་གསར་འགྱུར་ཞིག་བཅས་ཡིན། ཉིན་གུང་ཟ་མ་རུ་སུ་སིན་ནས་མོག་མོག་ཞིག་བཟོས་ནས་ཁུར་བྱུང་བས་དེ་ཟོས་ནས་ཆུ་ཚོད་བཞི་པའི་སྐབས་སུ་འཇམ་དབྱངས་ཆོས་འཁོར་གླིང་གི་ལས་བྱེད་རྣམས་འཚོགས་འདུ་ཡོད་སྟབས་ངོས་ཀྱང་དེར་སོང་། དེ་རིང་གི་འཚོགས་འདུ་ནི་ལོ་འདིར་ངོས་ཀྱི་མཛད་རིམ་སྐོར་དང་། ཚོགས་མི་རྣམས་ཀྱི་ཟླ་རེར་དངུལ་བསྡུ་དགོས་པས་དེ་ཡི་སྐོར་བཅས་རེད་འདུག དེ་ནས་ཆུ་ཚོད་དྲུག་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་ཕལ་ཆེར་མི་གྲངས་སུམ་ཅུ་ཙམ་ཞིག་འབྱོར་འདུག མང་ཤོས་ནི་གསར་པ་ཤ་སྟག་རེད་འདུག་པས་ངོས་ནས་ཀྱང་དང་པོར་ངོས་ཀྱི་དབྱིན་སྐད་གོབ་ཏོ་དེ་རྒྱབ་ནས་ཚང་མར་ཁམས་འདྲི་དང་བཀྲ་ཤིས་བདེ་ལེགས་བཅས་ཀྱིས་སྣ་དྲངས་ནས་སྐད་གྲགས་ཅན་གྱི་སྐད་བསྒྱུར་ཨ་རི་བ་བྱམས་པ་མཐར་ཕྱིན་བརྒྱུད་ནས་དང་པོ་ཀུན་སློང་བཅོས་སྟངས་སྐོར་དང་བྱམས་པ་དང་སྙིང་རྗེའི་སྐོར་ཆོས་བཤད་ཐུང་ཙམ་བྱས་ནས་དངོས་གཞིའི་ཆོས་འོད་དཔག་ཆོ་ག་ཉིད་དབྱིན་ཇིའི་སྐད་ཐོག་ནས་བོད་ཀྱི་དབྱངས་བྱས་ནས་བཏོན། བསྙེན་པའི་སྐབས་སུ་མཛུབ་གནོན་སྒྲ་འདྲེན་འཕྲུལ་ཆས་སམ་piano ལ་མཁས་པ་ངོས་ཀྱི་གྲོགས་པོ་མེའི་གོའི་ཡང་དེར་ཡོད་པས་ཁོང་ནས་ཨ་མི་དྷེ་ཝའི་བསྙེན་དབྱངས་མི་མང་གི་སྐད་གདངས་ལ་གཏང་བྱུང་བས་མི་མང་ནས་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་འཚོགས་པ་གྲོལ་བ་དང་མཉམ་དུ་མི་རྣམས་ཀྱི་རེ་འདོད་ལྟར་གསར་ལོ་ཚུར་འཆར་སྐབས་སུ། ནད་མེད་ལང་ཚོ་རྒྱས་ཅིང་། ཅི་བསམ་ཡིད་བཞིན་འགྲུབ་པའི་སྨོན་ལམ་དང་སྦྲག་ངོས་ཀྱི་ནམ་རྒྱུན་འབྲལ་སྤངས་གའུ་ཞིག་ཡོད་དེ་མི་རྣམས་ཀྱི་མགོ་ཐོག་ཏུ་བཞག་ནས་སྨོན་ལམ་འདི་ལྟར་རྒྱབ། 


བདག་སོགས་སེམས་ཅན་ཐམས་ཅད་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཁྱོད་ཀྱི་རྒྱུད་ལ་ཏིང་ངེ་འཛིན་ཕྱིན་ཅི་མ་ལོགས་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མྱུར་བ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐད་ཅིག་ཉིད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། 
གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི། 
མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། 
ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ། 
བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག
ཞེས་པའི་སྨོན་ལམ་འདི་ནི་ངོས་ཀྱི་ནམ་རྒྱུན་མི་ལ་བྱིན་བརླབས་བྱེད་པའི་སྐབས་སུ་འདོན་རྒྱུ་ཞིག་ཡིན་པས་དེ་རིང་ཡང་སྨོན་ལམ་གྱིས་མི་རྣམས་ཀྱིས་རེ་འདོད་སྐང་ཞིང་མཇུག་ཏུ་སྨོན་ལམ་དེ་ཉིད་སྐད་བསྒྱུར་ནས་འགྲེལ་བཤད་གནང་བྱུང་བས་མི་ཚང་མ་འབྲལ་མི་ཕོད་པ་ལྟ་བུའི་ཧ་ཅང་དགའ་མོས་བྱེད་ཀྱི་འདུག དེ་རིང་ནི་ནམ་རྒྱུན་འཆར་ཅན་གྱི་གཟའ་ཟླ་བའི་འོད་དཔག་ཉམས་ལེན་ལ་དམིགས་བསལ་གྱི་ཁྱབ་བསྒྲགས་སོགས་གང་ཡང་མ་བྱས་ཀྱང་མི་སུམ་ཅུ་འཛོམས་པ་འདིའི་ངོས་ཀྱི་གདོང་པ་ལའང་སྔར་ན་མེད་པའི་མཛུམ་ཞིག་སྤྲད་བྱུང་། དེ་ནས་མི་རྣམས་ལ་ཟུར་འཕྲད་སོགས་བྱས་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་ལག་གཡུགས་སོགས་ཅི་རིགས་ཀྱིས་ཕེབས་རྫོང་ཞུས་ནས་ངོས་ཀྱང་རླངས་འཁོར་ཁ་ཕྱོགས་མོ་རིའི་ཎའི་ཕྱོགས་ལ་བསྒྱུར་ནས་ནང་དུ་འབྱོར་ནས་དེ་རིང་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཆུ་ཚོད་དགུ་པའི་རྗེས་སུ་བོད་ལ་ཡོད་པའི་ངོས་ཀྱི་གཅེན་མོར་ཁ་པར་ཞིག་གཏང་བས་ཉལ་སར་ཡུན་རིང་དུ་ལུས་ཤིང་ཕོ་ནད་བད་ཀན་ནམ་ལུང་པ་འདི་ཡི་བཤད་སྲོལ་ལྟར་དུ་བྱས་ནས་ན་མིད་པའི་ཀན་སེལ་གྱིས་ཡུན་རིང་མནར་བའི་ངོས་ཀྱི་ཨ་ཕྱི་དྲིན་ཆེན་མ་དེས་སྐད་ཆ་བཤད་མ་ཐུབ་ནས་ཉིན་ཁ་ཤས་རེད་སོང་ཟེར་ངོས་ནས་སྲིང་མོར་སེམས་གསོ་འདྲ་བྱེད་ཁུལ་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

Friday, January 13, 2012

བསམ་དོན་འགྲུབ་པའི་ཉིན་མོ།

ངོས་ཀྱི་སློབ་མ་གཉིས་དང་ཁྲིམས་རྩོད་པ་བཅས་ལས་ཁུངས་ཀྱི་འགྲམ་ནས། 
ཞོགས་པ་ཆུ་ཚོད་བཞི་པ་ནས་ཡར་ལངས་ནས་ཁ་འདོན་མདོར་བསྡུས་ཞིག་བྱས་རྒྱབ་ཁུག་དང་ཡིག་ཆ་སོགས་ཁུར་ནས་སྒོ་འགྲམ་དུ་སོང་བས་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌིའི་དང་སེ་ཊེ་ཧྥེ་ཎེའི་གཉིས་སླེབས་སོང་། ང་ཚོ་གསུམ་ California གྲོང་ཁྱེར་ཆེན་པོ་ San Francisco ཨ་རིའི་སྐྱབས་བཅོལ་ཞུ་སའི་ལས་ཁུངས་ལ་སོང་། རླངས་འཁོར་ནང་ནས་ཡོངས་གྲགས་སུ་བཀྲ་ཤིས་བརྒྱད་པའམ་བསམ་དོན་ལྷུན་འགྲུབ་ཀྱི་འདོན་པ་བླ་མ་མི་ཕམ་ཚང་གིས་མཛད་པའི་སྣང་སྲིད་རྣམ་དག་ཉིད་ཚར་གསུམ་བཏོན་ནས་འཇུག་གི་ཤོ་ལོ་ཀ་ཉིད། 
བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ།
བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ཞིང་།
འདོན་དཔལ་འཕེལ་བསམ་དོན་དོན་ཡིད་བཞིན་འགྲུབ།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག
ཞེས་པ་འདི་ནན་པོའི་སྒོ་ནས་མིག་བཙུམ་ནས་ཚར་གསུམ་སྐྱོར་བ་དང་མ་ཟད་གུ་རུ་འཇམ་དཔལ་གསོལ་སྨོན་འདི་ཉིད་ཀྱང་ཚིག་དོན་ནང་བཞིན་ཕུར་ཚུགས་སུ་སྒོ་ནས་གསོལ་བ་བཏབས།
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། 
འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས་།
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།
ཞེས་སྐྱོར་བཞིན་ལམ་དུ་ཆས། ཉིན་མོ་འདི་ནི་ངོས་ལ་ལྟོས་ན་སྐྱེ་གནས་མ་རྗེས་ཀྱང་། སྐྱེ་ལུས་རྗེས་པ་ལྟར་དུ་མི་ཚེ་འདིར་རིང་ནས་སྙིང་ལ་གནག་པའི་འདོད་དོན་འགྲུབ་པ་བཀྲ་ཤིས་པའི་ཉིན་མོ་ཞིག་དང་། དོན་འགྲུབ་པའི་གསར་ལོ་ཞིག་ཀྱང་ཡིན། གང་ཡིན་ཞེ་ན་ལོ་གཉིས་ཡར་སྔོན་ནས་ངོས་ཨ་རི་མངའ་སྡེ་བྷོ་སི་ཊོན་ལ་ཡོད་པའི་སྐབས་སུ་ནས་བཟུང་སྟེ་ཐབས་ལམ་འདྲ་མིན་བརྒྱུད་ཨ་རིར་གནས་སྡོད་ཆོག་པའི་ཡིག་ཆ་ལ་འབད་བརྩོན་བྱས་ཀྱང་རང་ལ་ཉམས་མྱོང་མེད་པ་དང་། སྐད་མི་ཤེས་པ། རོགས་དན་ཚུལ་བཞིན་བྱེད་མཁན་མ་རགས་པའི་སྟབས་ཀྱིས་རེ་བ་སྟོང་ཟད་དུ་གྱུར་ནས་ས་གནས་ཀི་ལི་ཧྥོ་ཉར་ཡོང་དགོས་བྱུང་། འདི་ཕྱོགས་ནས་ངོས་ལ་སྙིང་ལྟར་གཅེས་པའི་འབྱོར་ལྡན་སློབ་མ་ཁ་ཤས་ནས་ཟས་གོས་གནས་མལ་འགྲོ་སོང་ཆ་ཚང་རོགས་པ་བྱས་པ་མ་ཟད་སྐྱབས་བཅོལ་ཀྱང་ཞུས་ནས་ཟླ་བ་གསུམ་ཙམ་སོང་བས་དེ་རིང་ཡིག་ཆ་ཚང་མ་འགྲིག་ནས་ངོས་ལ་ཨ་རིའི་ས་གནས་འདིར་གཏན་སྡོད་ཆོག་པའི་ཐོང་མཆན་དང་མ་ཟད་ལས་མེད་ཡིན་ཚེ་སྙན་ཞུ་ཕུལ་ན་ཟླ་ཕོག་ཨ་སྒོར་སུམ་བརྒྱ་ཙམ་གྱི་ངོས་སྦྱོར་ཡིག་ཆ་བཅས་རགས་པའི་མི་ཚེ་ས་མཐར་ཁྱི་སྡོམ་བཞིན་དུ་འཁྱར་བའི་ཡུལ་གྱར་ངོས་ལ་མཚོན་ན་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན། དེ་ནས་ཆུ་ཚོད་བརྒྱད་པའི་སྐབས་སུ་དུས་ཆད་བྱས་པ་ནང་བཞིན་ང་ཚོ་སྐྱབས་བཅོལ་ཞུ་སའི་ལས་ཁུངས་སུ་སླེབས་པ་དང་ཆབས་ཅིག་ངོས་ཀྱི་ཁྲིམ་བརྩོད་པ་jeff ཀྱང་དེ་འབྱོར་སོང་བས་ང་ཚོ་ཤར་རྒྱགས་ལས་ཁུང་ནང་དུ་སོང་བས་བུ་མོ་ལོ་ཆུང་ལྟས་ཚོད་ལ་ཨེ་ཤ་ཡའི་མི་རིགས་འདྲ་བོ་ཞིག་ནས་ངོས་ཀྱི་གདོང་ལ་གྱེར་བཞིན་do you spoken English? ཟེར་བས་ངོས་ནས་ཀྱང་ཅུང་ཟད་འཛུམ་དང་བཅས་yes little bit'ཟེར་བས་དེ་སྔ་ཕན་ཆོད་ཨེ་ཤ་ཡའི་སོགས་འཛམ་གླིང་བཞི་ཆ་ཙམ་ལ་འགྲུལ་བཞུད་བྱས་པའི་བཀའ་དྲིན་ཅན་གྱི་བལ་ཡུལ་གྱི་ལག་ཁྱེར་དེ་ཡར་བསྡུས་སོང་བས་ངོས་ནས་ཀྱང་ལག་ཁྱེར་འདི་ཡི་བཀའ་དྲིན་གྱིས་ཕྱི་རྒྱལ་གྱི་གྲུ་འགའ་རུ་དཔལ་འབྱོར་གསོག་བསྒྲུབས་དང་། ཆོས་ཚོགས་གསར་འཛུགས། ཐ་ན་ལུང་པ་འདིར་སླེབས་པ་ཡང་ལག་ཁྱེར་འདི་ཡི་བཀའ་དྲིན་རྗེས་དྲན་ཐེངས་གཅིག་བྱས་པ་ཡིན། དེ་དང་ཆབས་ཅིག་ཏུ་མོ་རང་ནས་ངོས་ཀྱི་སྐྱབས་བཅོལ་བའི་ཡིག་ཆ་དང་ཁྲིམས་སོགས་འགྲོ་སྟངས་ཚང་མ་འགྲེལ་བཤད་ཞིབ་པར་རྒྱབ་ནས་ཐ་མར་ཁྱོད་རང་དེ་རིང་ནས་བཟུང་སྟེ་ཨ་རིར་གཏན་སྡོད་ཆོག་པ་མ་ཟད་ཁྱོད་རང་ལ་དཀའ་ངལ་ག་རེ་འཕྲད་བྱུང་ཀྱང་ཨ་རིའི་གཞུང་ནས་ལྟ་སྐྱོང་བྱེད་པ་སོགས་གང་ལྟར་ཤོག་བུ་ཆགས་པ་མང་དག་ཞིག་སྤྲད་བྱུང་བས་ངོས་གཉིས་མར་ཡོང་བས་སྒོ་ཕྱི་ལོགས་སུ་ངོས་ཀྱི་དགེ་ཕྲུག་གཉིས་ནས་སྒུགས་འདུག་སྟབས་ཁྲིམ་རྩོད་པ་དང་ངེད་གཉིས་ཀྱི་གདོང་གི་འཛུམ་མདངས་མཐོང་བ་དང་མཉམ་དུ་ཁོ་རང་གཉིས་དགའ་དྲག་ནས་ཕན་ཚུན་གཅིག་གིས་གཅིག་ལ་འཐམ་འཁྱུད་དང་གནམ་མཆོང་སོགས་བྱེད་ཀྱི་འདུག དེ་ནས་ང་ཚོ་ཕན་ཚུན་འཐམ་འཁྱུད་དང་ལག་གཏོང་སོགས་བྱས། ངོས་ཀྱི་སློབ་མ་གཉིས་པོ་དགའ་དྲག་ནས་མིག་ནས་མཆི་མ་འདོན་བཞིན་འདུག་ངོས་ཀྱང་ཧ་ཅང་དགའ་བོ་བྱུང་། དེ་ནས་ངོས་ཀྱི་ཁྲིམས་རྩོད་པ་དང་མཉམ་དུ་པར་རྒྱབ་པ་དང་ཕན་ཚུན་གྱེས་བྲལ་གྱི་འཐམ་འཁྱུད་དང་ལག་འཇུ་སོགས་ཅི་རིགས་བྱས་ནས་རང་རང་སོ་སོའི་གནས་སུ་སོང་། དེ་ནས་ངེད་གསུམ་རླངས་འཁོར་ནང་ནས་འཕགས་ཚག་རྒྱག་བཞིན་རླངས་འཁོར་ཁ་ཁར་མེལ་སོགས་ལ་བསྐོར་ནས་ཡོང་བས་ལམ་བར་དུ་ཨ་རིའི་ཟ་ཁང་ཞིག་ནང་ཉིན་གུང་ཟ་མ་མཉམ་དུ་ཟོས། དེ་ནས་ལམ་བར་དུ་ངོས་ཀྱི་དགེ་ཕྲུག་དང་གྲོགས་པོ་སོགས་ཚང་མར་ཁ་པར་གཏང་ནས་དེ་རིང་གི་དོན་འགྲུབ་པའི་གཏམ་བཟང་དེ་ཉིད་ཀྱང་ཕུ་སྒྲག་མདའ་སྒྲག་བྱས། ནང་དུ་འབྱོར་བ་དང་ངོས་ཀྱི་དགེ་ཕྲུག་ཀིམ་སླེབས་བྱུང་བས་མོ་རང་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་ནང་པའི་ཆོས་གཞུང་ལས་བྱ་བ་རླབས་ཆེན་འགྲུབ་པའི་སྐྱེས་བུ་ནང་བཞིན་གསུངས་པ་ལྟར་ཉལ་སར་གན་རྐྱལ་དུ་མལ་གསོ་ཅུང་བྱས་པས་ཆུ་ཚོད་བཞིའི་རིང་གཉིད་ཐུན་གཅིག་ལ་འགྲོ་འདུག དེ་ནས་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་ཨ་མའམ་རླངས་འཁོར་ཁ་ལོ་བ་ཉི་ཧོང་གི་ཨ་མ་སུ་སིན་རེད་འདུག མོ་རང་ནས་དོ་ནུབ་དགོངས་ཟས་ཞིམ་པོ་ཞིག་སྤྲད་ཀྱི་ཡིན་པས་ཟ་ཁང་གང་དགའ་འདོམས་གསུང་པས་ངོས་ནས་ནམ་རྒྱུན་ཟ་ཁང་དགའ་ཤོས་ཝེར་ནམ་་ཟ་ཁང་ཞིག་ཡོད་པ་དེར་མོས་མཐུན་བྱས་ནས་ངེད་གཉིས་ཆུ་ཚོད་དྲུག་པའི་སྐབས་སུ་དགོངས་ཟས་ཀྱི་ཆེད་དུ་ཟ་ཁང་ནང་དུ་སོང་ནས་ཐུག་པ་ཕོར་རྒན་གང་རེ་འཐུང་ནས་ནང་དུ་འབྱོར་ཞིང་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་ཡུན་རིང་ནད་ཀྱིས་མནར་བའི་ལོ་གྲངས་བརྒྱད་བཅུ་གྱ་གཉིས་ཅན་གྱི་ཨ་ཕྱི་རྒན་མོ་དེར་བསམ་ནས་ངོས་ཀྱི་གཅུང་མོར་ཁ་པར་ཞིག་གཏང་བས་ད་ཨ་མ་ཡུན་རིང་བསྡད་ས་མ་རེད་གང་ཡིན་ཞེ་ན་ཟ་མ་སྣ་གཅིག་ཁོག་ཏུ་འགྲོ་གི་མི་འདུག་མ་ཟད་ཟས་དང་སྨན་སོགས་ཚང་མ་སྐྱུག་ཡོང་གི་འདུག་ཁ་ཡང་གྲགས་ཐུབ་ཀྱི་མི་འདུག་ཟེར་ངས་ཀྱང་ཁ་པར་ཨ་ཕྱི་རྒན་མོའི་རྣ་འགྲམ་དུ་ཞོགས་ཟེར་ནས་འོད་མཚན་སོགས་སངས་རྒྱས་ཀྱི་མཚན་སྔགས་གང་མང་བགྲངས་བས་ཨ་ཕྱི་ནས་ང་ཡི་སྐད་ངོ་ཤེས་པའི་བརྡ་བསྟན་གྱི་འདུག་ཟེར་དེ་ནས་ངོས་ཀྱི་སྲིང་མོར་སེམས་གསོ་འདྲ་བྱས་ནས་གཉིད་དུ་ཡུར།། 

Monday, January 9, 2012

གཟའ་ཉི་མའི་བདེ་ཆེན་ཞིང་སྒྲུབ།

པར་པ་ཨོ་གཤང་ནས་བླངས་བའི་མཛེས་པའི་མེ་ཏོག
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་སོ་གདོང་སོགས་གཙང་མ་བྱས་ཤིང་། རང་གི་ཁ་འདོན་རྣམས་ཚར་བར་བྱས་ནས་ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ཞིག་ཟོས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་འགྲོ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་དགེ་ཕྲུག་གཤའ་རེན་རེད་འདུག་མོ་རང་ནས་ཟེར་ན་ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་དེ་རིང་ཉིན་གུང་ཟ་མ་མཉམ་དུ་བཟའ་དགོས་པ་དེ་རེད། ཆུ་ཚོད་བཅུ་གཉིས་སྐབས་སུ་གཤའ་རེན་འབྱོར་སོང་བས་ངེད་གཉིད་ཟུར་དུ་ཡོད་པའི་ངོས་ཀྱི་དགའ་ཤོས་ཝེར་ནམ་ཟ་ཁང་ནང་དུ་སོང་ནས་ཐུག་པ་ཕོར་རྒན་གང་ལ་རོལ་བཞིན་སྐད་བརྡའི་མགོ་འཛུགས་བྱས། གཤའ་རེན་ཞེས་པའི་སྐྱེ་དམན་འདི་ནི་ལོ་བཅུ་ཡི་ཡར་སྔོན་ནས་སྐད་གྲགས་ཅན་གྱི་འབྱོར་ལྡན་མ་ཞིག་ཡིན་སྐད་འདུག མོ་རང་ངོས་དང་ག་དུས་འཕྲད་ཀྱང་ཨེན་ཌོའི་ནེ་ཤའི་ཡ་ལ་ས་ཆ་དང་ཁང་པ་ཞིག་ཡོད་པ་དེ་ང་ལ་སྤྲད་དགོས་ཞེས་ཟེར་བས། ཚིག་དེ་གོ་བ་དང་མཉམ་དུ་བརྣབས་སེམས་ཀྱི་གཉིད་དུ་ཡུར་བའི་ཕུང་བྱེད་བདག་འཛིན་གྱི་མགོ་བོ་དེ་ཡར་ལ་བཀྱག་ནས་གལ་སྲིད་ཨེན་ཌོའི་ནེ་ཤའི་ཡ་ལ་ས་ཆ་དང་ཁང་པ་ཞིག་ཡོད་ན་ཆོས་ཚོགས་ཡག་པོ་ཞིག་མི་བཟོ་རེ་བསམ་པའི་བདག་འཛིན་གྱི་རྟོད་ཕུར་ཞིག་ཀྱང་ས་གནས་དེར་གདབ་ཚར་བྱུང་། གང་ཡིན་ཟེར་ན་ངོས་ལ་མ་ལེ་ཤའི་རུ་ཆོས་ཚོགས་ཡོད་པས་དེ་དང་ཐག་ཉེ་བོ་སོགས་བསམ་བློ་འདྲ་མིན་འཁོར་བྱུང་།  དེ་རིང་ཡང་སྐྱར་དེ་ཡི་སྐོར་མང་པོ་ཞིག་གླེང་བྱུང་། སྤྱིར་གཏང་ཨ་རིའི་མི་འདི་རྣམས་མང་ཤོས་ལ་རང་བཞིན་གྱིས་བསམ་པ་བཟང་ཀྱང་ཕལ་ཆེར་དེ་སེམས་ཁམས་མ་བདེ་བ་དང་། ཁ་དན་ཚིག་ལ་མི་གནས་པ། སྤྱོད་ལམ་སོགས་སྨྱོན་པ་ནང་བཞིན་འཁྲུགས་ཆ་དོད་པོ་ཅན་ཤ་སྟག་ཡིན། སྐྱེ་དམན་འདི་ནི་ཕར་ལྟས་ཚོད་ལ་བསམ་པ་བཟང་པོ་ཅན་ཞིག་དང་སེམས་གུ་ཡངས་པོ། ཆོས་ལ་ཡིད་ཆེས་བྱེད་མཁན་འདྲ་ཞིག་མཐོང་སོང་། དེ་ནས་ཟ་མ་ཚར་བ་དང་ལྷན་ཁྱིམ་དུ་འབྱོར་ནས་མལ་གསོ་ཅུང་ཙམ་བྱས་ཤིང་ཆུ་ཚོད་བཞི་པའི་སྐབས་སུ་ངོས་ཀྱི་དགེ་ཕྲུག་ཌོག་གེའི་དང་ལྷན་དུ་ཚིག་ཇ་འཐུང་ས་ཞིག་ནང་མཉམ་མཛོམས་བྱས་ནས་ངོས་ཀྱི་དྲ་རྒྱ་གསར་པ་བཟོ་རྒྱུའི་སྐོར་གླེང་མོལ་བྱས། ཆུ་ཚོད་དྲུག་པའི་སྐབས་སུ་འཆར་ཅན་གྱི་བདེ་ཆེན་ཞིང་སྒྲུབ་དེ་ཡིན་སྟབས་མི་མང་ཉི་ཤུ་ཙམ་འཛོམས་འདུག དེ་རིང་སྐད་བསྒྱུར་མེད་སྟབས་ངོས་ཀྱི་དབྱིན་ཇིའི་ཆག་རོ་དེ་མ་རྒྱབ་རང་རྒྱབ་བྱུང་སོང་། ལར་ནི་མི་རྣམས་ཀྱིས་ངོས་ཀྱི་དབྱིན་ཇིའི་གོབ་ཏོ་དེ་ལ་ཧ་ཅང་དགའ་མོས་བྱེད་ཀྱི་འདུག ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་བཤད་ནས་འོད་ཆོག་ཉིད་བོད་ཡིག་གི་སྒྲ་གདངས་ཐོག་ནས་འདུར་དབྱངས་ཀྱིས་བཏོན་ནས་ཆུ་ཚོད་གཅིག་ཙམ་ནང་ཚར་བར་བྱས་ཤིང་། དེ་རིང་གི་ཉིན་མོ་འདི་ནི་བོད་ཚེས་བཅོ་ལྔ་འོད་དཔག་མེད་ཀྱི་དུས་ཆེན་ཁྱད་པར་དུ་འཕགས་པ་ཡིན་སྟབས་ངོས་ཀྱི་གྲོགས་པོ་མེའུ་གོའི་ནས་ཉིན་གཉིས་སྔོན་ནས་གྲ་བསྒྲིགས་བྱས་ཟིན་པའི་ཨ་མི་དྷེ་ཝའི་བསྙེན་དབྱངས་དེ་ཉིད་piano འམ་མཛུབ་གནོན་སྒྲ་སྙན་འཕྲུལ་སྒམ་ཐོག་ནས་སྙན་འཇེབས་ཀྱི་དབྱངས་རྟ་ལ་སྐྱོན་ནས་གདངས་དང་མཉམ་གཏོང་བྱེད་རྒྱུ་དེ་རེད། དང་པོ་ཁོ་རང་ངོ་སྤྲོད་མདོར་བསྡུས་དང་བཅས་མི་མང་དང་ལྷན་དུ་ཨ་མི་དྷེ་ཝའི་བསྙེན་དབྱངས་བྱས་པས་ཚང་མས་ལག་པ་མཉམ་དུ་ཤུགས་དྲག་བརྡབས་ནས་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་སུ་སིན་ངེད་གཉིས་རླངས་འཁོར་ཁ་མོ་རིའི་ཎ་ལ་སྐོར་ཞིང་ཁྱིམ་དུ་འབྱོར་ནས་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, January 6, 2012

ཀུན་བཟང་མཉམ་དུ་ཟ་མ་ཟོས་པའི་ཉིན་མོ།

པར་པ་ཨོ་ཤང་ནས་བླངས་པའི་མཛེས་པའི་ཁར་མེལ་མེ་ཏོག
ཞོགས་པ་འཆར་ཅན་ངོས་ཀྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ཞིག་ཟོས་ནས་འདི་ཉིན་མོ་ནི་རྒྱ་གར་རྡོ་རྗེ་གདན་དུ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་དངོས་གཞི་དེ་ཡིན་སྟབས་ཡུལ་དུས་ཀྱིས་བསྐལ་ནས་རྡོ་རྗེ་གདན་དུ་དངོས་སུ་མ་སླེབས་ཀྱང་། མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་གསུངས་པ་ལྟར་གདན་ཐོག་ཏུ་བསྡད་ནས་ཁོ་བོས་བྲིས་པའི་བླ་སྒྲུབ་བྱིན་རླབས་ཆར་འབེབས་དེ་ཉིད་སྦྱོར་དངོས་རྗེས་གསུམ་ཚང་བའི་ཐོག་ནས་དལ་བུའི་ཚར་གཅིག་བཏོན་ཞིང་རང་གི་སྤྱི་བོའི་གཙུག་ཏུ་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ། ངོ་བོ་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། གོང་ས་སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་དང་། རྣམ་པ་གཉིས་མེད་རྒྱུད་སྡེའི་རྒྱལ་པོ་ཆེན་པོ་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཉིད་གསལ་དག་བརྟན་གསུམ་གྱི་ངང་ནས་ཐུན་ལ་ཞུགས་ཤིང་། ཐུན་གྱི་དངོས་གཞི་རུ་གོང་ས་སྐྱབས་མགོན་ཆེན་པོའི་མཚན་སྔགས་བཟླ་བཞིན་མཐར་བླ་མ་ཉིད་འོད་ཞུ་ནས་རང་གི་སྤྱི་བོའི་གཙུག་ཏུ་ཐིམ་པ་དང་། དབང་གཞི་ལེན་པ་སོགས་བྱས་པས་མོས་གུས་ཀྱིས་བསྐུལ་ནས་ད་ལྟའི་སེམས་འདི་ལ་རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་ཕྱག་ཆེན་སྨོན་ལམ་ལས་གསུངས་པ་ལྟར།
སྣང་ཡང་སེམས་ལ་སྟོང་ཡང་སེམས་ཡིན་པས། 
རྟོགས་ཀྱང་སེམས་ལ་འཁྲུལ་ཀྱང་རང་གི་སེམས། 
སྐྱེས་ཀྱང་སེམས་ལ་འགགས་ཀྱང་སེམས་ཡིན་པས། 
སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག
ཅེས་གསུངས་པའི་དོན་ལ་ཡིད་ཁུལ་གྱིས་ངོ་བོར་རྟོགས་ན་དབང་ངོ་མ་དེ་ཡིན་པར་སེམས་སོ། ནམ་རྒྱུན་བྱིན་རླབས་དང་། དངོས་གྲུབ་ཞེས་ཟེར་དུས་ཐོབ་བྱའི་དངོས་པོ་འདི་ཉིད་ཀྱང་གཞན་ཞིག་ཏུ་སེམས་ནས་མི་མང་ཁྲི་ཁྲག་མང་པོའི་དཀྱིལ་དུ་བང་འདྲ་ཞིག་བསྒྲིགས་ནས་ཁ་ལ་ཟ་རྒྱུ་ཞིག་དང་། མགོ་བོར་འཇོག་རྒྱུ་བསམ་བློ་ཡན་གར་བ་ཞིག་མ་འཁོར་བར། བླ་མ་ལ་བསྟེན་ནས་བྱིན་རླབས་དང་། ཡི་དམ་ལ་བསྟེན་ནས་དངོས་གྲུབ་འབྱུང་བ་འདི་ཉིད་ཀྱང་གཙོ་བོ་མོས་གུས་དང་དད་པ་ལ་རག་ལས་པས་དེ་ཉིད་ཀྱང་སོ་སོའི་སྒོམ་པའི་སྟོབས་ལས་བྱུང་ཡིན་པ་ཤེས་པར་བྱའོ། 
དེ་ནས་ཐུན་ཚར་བ་དང་མཉམ་དུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་རྡོ་རྗེ་གླིང་ནས་ཡིན་པའི་བུ་མོ་ཀུན་བཟང་ལགས་རེད་འདུག མོ་རང་གསུངས་ན་དེ་རིང་ང་ཚོ་མཉམ་དུ་རྒྱ་གར་ཟ་ཁང་ནང་དུ་ཟ་མ་ཟ་རུ་འགྲོ་ཞེས་པའི་སྐད་ཆ་དེ་རེད། ངོས་ནས་ཀྱང་མོས་མཐུན་བྱས་ནས་ང་ཚོ་མི་གསུམ་རྒྱ་གར་ཟ་ཁང་སོ་སོའི་གང་འདོད་ཟ་ཆོག་པའི་ཟ་ཁང་ཞིག་ནང་སོང་ནས་ཟ་མ་རྒྱག་ཚད་ཟོས་ཞིང་ནང་དུ་ལོག་ནས་ངོས་ཀྱི་རྩིས་འཁོར་གོབ་ཏེ་ཁ་ཕྱེས་ཞིང་འཛམ་གླིང་གི་སྒེའུ་ཁུང་ནང་ནས་དེ་རིང་གི་གནས་ཚུལ་གསར་པ་རྒྱུས་ལོན་གྱི་ཆེད་དུ་དྲ་རྒྱ་ཁག་ལྟ་ཉན་བྱས་པས། སེམས་སྐྱོ་དགོས་པ་ཞིག་ལ་ཡང་སྐྱར་ཨ་མདོ་རྔ་བ་ནས་སྐྱ་སེར་མི་གཉིས་ཀྱིས་གཟུགས་པོ་མེ་ཕུལ་བ་དེ་རེད། དེ་ནི་འདི་ལོའི་མདོ་སྟོད་སྨད་གཉིས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གཏང་བའི་གྲངས་ཀ་བཅུ་བཞི་པ་དེ་ཡིན། ཉིས་སྟོང་བརྒྱད་ནས་བཟུང་བོད་ས་སྟོད་སྨད་བར་གསུམ་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་བོད་རང་བཙན་གྱི་འབོད་སྒྲ་དེའི་མེ་ལྕེ་དེ་ད་དུང་འཛམ་བུ་གླིང་འདི་ཡི་སྒང་ནས་ལྷབ་ལྷབ་འབར་བཞིན་པ་འདི་རེད། ངས་དེ་ཡི་སྐོར་ལ་བློ་མནལ་དུ་ཕབས་ནས་འདིང་ཞིག་རྒྱབ་ན། དེ་སྔོན་ཁ་བརྡའི་དྲ་ཚིག་ཐོག་ཏུའང་གུས་པའི་བསམ་འཆར་འདི་ཐེངས་མ་ཁ་ཤས་གཏང་ཡང་བློ་རྒྱ་ནམ་མཁའ་ལས་ཡངས་ཤིང་། བསམ་བློ་ཕུག་རྒྱངས་རིང་པོར་གཏོང་ཐུབ་མཁན་གཟུ་བོར་གནས་པའི་མི་ཁ་ཤས་ལས་མ་གཏོགས་མི་མང་བྱིངས་ནས་ངོས་ལ་ཁ་བརྡུང་དང་། སྨ་འབེབས་བྱེད་མཁན་མང་པོ་ཞིག་བྱུང་སོང་། དེ་རིང་ཀྱང་དམངས་གཙོའི་ཁོར་ཡུགས་ཆུང་ཆུང་འདི་བདེ་སྤྱོད་བྱེད་ནས་ཚིགས་ཁ་ཤས་ཤིག་མི་བཤད་ཁ་མེད་བྱུང་སོང་། ང་ཚོའི་གྲངས་ཉུང་མི་རིགས་ལ་དེང་དུས་ཀྱི་ཤེས་ཡོན་ལྷག་བསམ་སོགས་ཡོད་མཁན་དེང་སང་གསོན་བསྲེགས་བྱེད་བཞིན་པའི་བོད་རིགས་ཀྱི་དཔའ་བོ་རེ་ཟུང་ལས་མེད་ཟེར་ནའང་ཕལ་ཆེར་མི་འགྲིག་རྒྱུ་གང་ཡང་མེད། ཁྱེད་རང་ཚོ་ལ་ལུས་སེམས་གཉིས་ཀྱི་སྡུག་བསྔལ་ནི་དམྱལ་བ་ཞེས་པའི་སངས་རྒྱས་པའི་རྗེས་དཔག་ཀྱི་ཡུལ་དུ་གྱུར་པ་དེ་ད་ལྟ་དངོས་སུ་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་མྱོང་བཞིན་པ་འདི་ལ་ཁག་གཏན་ནས་མེད། འོན་ཀྱང་ཞིབ་ཏུ་བསམ་བློ་གཏང་ན་ཁྱེད་རང་ཚོའི་སྐུ་ལུས་མེར་བསྲེགས་གཏང་བ་དེས་རྒྱལ་གཅེས་སྡིང་ཆའི་སྒང་ལ་གནས་སྐབས་ཁྱབ་སྒྲག་ཙམ་ལས། དོན་དུ་དགྲ་བོ་ལ་དགོས་རྒྱུ་ངོ་མ་དེ་སྤུན་ཟླ་ཁྱེད་རང་ཚོ་མེད་དགོས་པ་རེད། ཁྱེད་རང་ཚོ་མེད་པར་གྱུར་ན་དེ་ཡི་ཉིན་མོར་ཁོང་ཚོའི་བསམ་དོན་ལྷུན་གྱིས་འགྲུབ་ཡོད། ཁོང་ཚོའི་ཞེ་འདོད་དེ་ང་ཚོའི་བོད་མི་རིགས་འདི་རྩ་མེད་ལ་གཏོང་རྒྱུ་དེ་རེད། དེ་ལ་ཞིབ་ཏུ་བསམ་བློ་གཏང་ན་ད་ལྟ་མེས་འཚིག་བཞིན་པའི་རྒྱལ་གཅེས་ཀྱི་དཔའ་བོ་དཔའ་མོ་དེ་རྣམས་ང་ཚོའི་གྲངས་ཉུང་མི་རིགས་ཀྱི་སྲོག་རྩ་རང་ཡིན། ང་འདྲ་བ་བོད་རིགས་དཀྱུས་མ་བརྒྱ་ཡིས་ཀྱང་ད་ལྟ་ལྷབ་ལྷབ་ཏུ་འབར་ནས་འཚིག་བཞིན་པའི་མེ་དཔུང་ཁྲོད་ཀྱི་བོད་རིགས་དཔའ་བོ་གཅིག་ལའང་འགྲན་ཟླ་མེད། དེ་འདྲའི་བོད་རིགས་དཔའ་བོ་སྙིང་སྟོབས་སྟག་མོ་ལས་ཆེ་བ།  རྣམ་དཔྱོད་ནམ་མཁའ་ལས་ཡངས་པ། ཕུག་བསམ་རི་རྒྱལ་ལས་བརྟན་པའི་སྤུན་ཟླ་ཁྱེད་རྣམ་པ་ལུང་པ་ཁུག་ཀྱོག་ཞིག་ནང་དུ་བདེན་དོན་གྱི་དཔངས་རྟག་གང་ཡང་མེད་པར་སྐར་ཆ་ཁ་ཤས་ནང་དུ་ཐལ་བ་སྦར་མོ་གང་ལ་རྗེས་ན་དེ་ལས་འགྱོད་པ་ཆེ་བ་ཞིག་དང་། དེ་ལས་བླུན་ཆེ་བའི་ལས་ཀ་ཞིག་ངས་མ་མཐོང་། གལ་སྲིད་སྤུན་ཟླ་ཁྱེད་ལ་གཅེས་པའི་རང་ལུས་འདི་ཉིད་བོད་བསྟན་སྲིད་ཀྱི་དོན་དུ་བློས་གཏོང་བ་ལ་འཇིག་ཞུམ་སྤུ་ཙམ་ཡང་མེད་པ་དེ་འདྲའི་བློ་ཁོག་ཡོད་དུས། དེ་ཡང་བློས་གཏང་ན་གོ་ཆོད་པ་ཞིག་བྱས་ན་མི་ལེགས་སམ། བཙན་བྱོལ་བོད་མིའི་གཞུང་འདིས་ལངས་ཕྱོགས་འཚེ་མེད་ཞི་བ་ཞེས་པའི་གློ་བའི་བྱེ་ཐུག་འདྲ་བ་ཁ་ནས་ཡམ་ཡམ་དུ་བྱེད་པའི་གཏམ་སྙན་འདིས་ཁྱེད་རང་གི་མདུན་ལམ་ལ་བཀག་རྡོ་འདྲ་བྱས་སྲིད་ཀྱང་། འཚེ་བ་ཞེས་པ་དེ་རང་གཞན་གཉིས་ཀའི་ངོས་ནས་བསམ་བློ་གཏོང་དགོས། ཁྱེད་རང་ནས་ད་ལྟ་བསྲེག་བཞིན་པའི་གཟུགས་ཕུང་དེ་ཁྱེད་རང་གི་འཚེ་བ་ཡིན་དུས་དེ་དང་མཉམ་དུ་ཁྱེད་རང་གཞན་ལ་འཚེ་བ་བྱེད་ཀྱི་མེད་ཞེས་པ་དེ་ཁ་ནས་གནས་སྐབས་ཆབ་སྲིད་ཀྱི་ཆེད་དུ་སྙན་པོ་ཙམ་ལས་དོན་དུ་འཚེ་བ་རང་རེད། ད་ནི་ངོས་ཀྱི་བསམ་ཚུལ་འདི་ཡིན། སངས་རྒྱས་པའི་ཆོས་མདོ་ནས་གསུང་པ་ལྟར་དུ་བྱས་ན་མི་ལ་གནོད་བསྐྱལ་མཁན་དང་། སྡིག་པ་བྱེད་མཁན་ཡིན་ན་གང་ཟག་དེ་ཉིད། སྡིག་ཅན་ཡུན་རིང་གསོན་མི་རུང་ཞེས་ཚེ་ཐུང་དགོས་གསུངས་ཡོད། གསང་སྔགས་ཀྱི་སྐབས་སུ་ནས་བཤད་པ་ལྟར་དུ་བྱས་པ་ཡིན་ན་བསྒྲལ་བའི་ཞིང་བཅུ་ཞེས་དམན་པའི་ཆ་རྐྱེན་བཅུ་བགྲང་ནས་མི་དེ་ཉིད་བསད་དགོས། གལ་སྲིད་དེ་མ་བསད་པ་ཡིན་ན་གསང་སྔགས་ཀྱི་རྩ་ལྟུང་འབྱུང་ཞེས་གསུངས་ཡོད། བསྒྲལ་བའི་ཞིང་བཅུ་ནི་སངས་རྒྱས་ཀྱི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་གནོད་ཅིང་འཚེ་བའི་ལས་བྱེད་མཁན་ལ་བཤད་ཀྱི་ཡོད། ད་ལྟ་ང་ཚོའི་མདུན་ན་ཡོད་པའི་དགྲ་བོ་དེ་ལ་ཞིང་བཅུ་ལས་མ་ཟད་ཚང་རྒྱུ་ཡོད་ན་ཞིང་ཉི་ཤུ་ཙམ་ཞིག་ཚང་ཡོད་པའི་བསྟན་པའི་དགྲ་བོ་ངོ་མ་ཡིན། སྤུན་ཟླ་ཁྱེད་ལ་བློ་ཁོག་ཡོད་པའི་དོན་གོ་རུ། མེད་དགོས་པའི་སྙིང་རྗེའི་ཡུལ་དུ་གྱུར་པའི་སྡིག་རྒན་དམར་ཤོག་ཚོགས་པའི་ཕུང་རྒན་དེ་རྣམས་ཤུལ་དུ་བཞག་ནས། མེད་ན་ཐབས་མེད་པའི་སྤུན་ཟླ་ཁྱེད་སྐུ་གཟུགས་མེ་ལ་ཕུལ་བའི་དཔངས་རྟག་ལ་པར་དང་གློག་བརྙན་སོགས་གང་ཡང་མེད་པར། གོ་ཡུལ་ཙམ་གྱི་སྐར་མ་ཁ་ཤས་ནང་ཐལ་བ་སྦར་མོ་གང་ལ་བརྗེས་པ་འདི་ནི་ཁོ་བོའི་འགྱོད་པའོ། ད་ངས་ཡང་སྐྱར་རེ་འབོད་ཐ་མ་ནི། སྤུན་ཟླ་ཚོ་གཟིགས་དང་། ང་ཚོ་རང་བཙན་ལས་ཀྱང་རང་དབང་སླར་གསོ་བྱེད་རྒྱ་གལ་ཆེན་པོ་ཡིན། ང་ཚོ་ཉིན་མ་གཅིག་ནང་བོད་གཞི་བྱེས་མཉམ་དུ་འཛོམས་སྲིད་ཀྱང་། དེ་ལས་ང་ཚོའི་མདུན་ལ་ཡོད་པའི་བོད་ནང་འཛམ་གླིང་ནང་གི་གྲལ་དུ་ཚུད་པའི་བོད་པ་ཞིག་བྱེད་རྒྱུ་དེ་ཡིན། དེ་འདྲའི་ཡོང་བར་བྱེད་པ་ལ་དེང་སང་བོད་ནང་གི་བོད་པ་ཚོའི་དེང་དུས་དང་མཐུན་པའི་ཆེད་ལས་པ་ཐོན་རྒྱུ་གལ་ཆེན་པོ་ཡིན། ད་ང་ཚོའི་ལས་འགུལ་དེ་ཉིད་ཀྱང་གཟུགས་པོ་མེ་བསྲེགས་པའི་ལས་འགུལ་དེ་མ་ཡིན་པར་ཐབས་ལམ་གཞན་པའི་བརྒྱུད་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན། ངས་དཔེར་མཚོན་ཙམ་ཞིག་ཞུས་ན་སྔར་ལོ་ནང་ཆེན་རྫོང་གི་ཐོག་ནས་བོད་རིགས་རྣམས་ཀྱིས་རྒྱ་མིའི་ཚོང་རྫས་དང་མ་ཟད་ཤིང་ཐོག་དང་སྔོ་ཚལ་སོགས་ཉོ་རྒྱུའི་མཚམས་འཇོག་བྱས་ཤིང་དེ་ནས་བཟུང་སྟེ་བདུན་ཕྲག་གཅིག་ནང་ཚུད་བོད་རང་བཙན་ཡིན། རྒྱ་རྒྱ་ཡུལ་ལ་རྒྱུགས་ཞེས་མི་གཅིག་གིས་ཀྱང་ལབ་མ་དགོས་པར་རྒྱ་རིགས་མང་པོ་ཞིག་རང་ཡུལ་ལ་ལོགས་སོང་ཡོད། དེ་དང་ཆབས་ཅིག་ཏུ་སྔར་རྒྱ་མིའི་ཟིན་པའི་བོད་ཀྱི་ཁྲོམ་ས་ཆ་ཚང་བོད་རང་གི་ལག་པར་རགས་ཡོད། དེའི་ཤུགས་རྐྱེན་དེ་སྐྱེ་དགུ་མདོ་གཙོར་བྱས་པའི་རྫོང་ཁག་དྲུག་ནང་ལ་ཁྱབ་ནས་ད་ལྟ་ཡང་ལག་ལེན་སྤེལ་བཞིན་པ་འདི་རེད། དེ་འདྲ་བའི་ལས་འགུལ་དེ་བོད་མདོ་དབུས་ཁམས་གསུམ་ཚང་མའི་ནང་དུ་སྤེལ་ཐུབ་ན་ཧ་ཅང་དགེ་མཚན་ཆེན་པོར་མངོན། དེ་དང་ཆབས་ཅིག་ཏུ་སྤུན་ཟླ་ཁྱེད་རྣམ་པས་ཁམས་སོགས་ས་ཆ་མང་པོའི་ནང་དུ་བོད་པས་རྒྱ་སྐད་བེད་སྤྱོད་མི་གཏོང་རྒྱུ་དང་། གལ་སྲིད་རྒྱ་སྐད་ཁ་ནས་ཤོར་ན་དངུལ་གྱིས་ཉེས་ཆད་བཅད་པ་སོགས་གོ་རྒྱུ་འདུག་དེའི་སྐོར་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ལར་ནི་བོད་རིགས་མང་པོ་ཞིག་ནས་རྒྱ་མིའི་ཟེར་དུས་ད་ལྟ་ཁྱེད་རང་ཚོའི་ཟུར་ལ་འཚོ་བ་རང་ཁ་རང་གསོ་བྱས་ནས་བསྡད་པའི་རྒྱ་རྒན་གཉོམ་ཆུང་དེ་ལ་ཁོང་ཁྲོ་ཟ་སྲིད་ཀྱང་། དེ་ནི་ང་ཚོ་ཧ་ཅང་ནོར་འཁྲུལ་རེད། ༡༩༥༩ ལོའི་ནང་ཁྱེད་ཀྱི་ཕ་མ་བསད་མཁན་དང་དགོན་པ་གཏོར་མཁན་ཁོ་རང་ཡིན་རྒྱུ་མ་རེད གཅིག་བྱས་ན་ཁོ་རང་ཁྱེད་རང་གཉིས་ཀྱི་དཀའ་ངལ་གཅིག་མཚུངས་ཡིན་རྒྱུ་རེད། དེ་ནི་དེང་སང་རྒྱ་ནག་མི་མང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཉིན་རེ་བཞིན་ཇེ་མང་ལ་འགྲོ་བ་འདིས་ཤེས་ཐུབ།  དེར་བརྟེན་སྤུན་ཟླ་ཁྱེད་ནས་ངེས་པར་དུ་ཁ་དང་ཁ་སྤུ་དབྱེ་འབྱེད། རྒྱ་ནག་སྲིད་གཞུང་དང་རྒྱ་ནག་མི་མང་གཉིས་བར་ཧ་གོ་རྒྱུ་གལ་ཆེན་པོ་ཡིན། དེའི་སྐོར་ང་ཚོ་སྤྱང་གྲུང་བྱས་ནས་མ་བསྡད་ན་མ་གཏོགས་ཉེ་ཆར་ཟི་ཁྲོམ་རྒྱ་བོད་གཉིས་ཀྱི་སློབ་གྲྭའི་འཁྲུགས་འཛིང་དེ་བསམ་བཞིན་དུ་རྒྱ་ནག་གཞུང་ནས་བཟོས་པ་ཞིག་རེད། གང་ལྟར་མཐའ་སྡོམ་གྱི་སྒོ་ནས་ཞུས་ན། སྤུན་ཟླ་ཁྱེད་ཀྱིས་བོད་བསྟན་སྲིད་གཉིས་ཀྱི་དོན་དུ་གཅེས་པའི་སྲོག་ལུས་མེ་བསྲེགས་གཏང་བའི་ཁྱེད་ཀྱི་སྙིང་སྟོབས་ལ་སྙིང་ཐག་པ་ནས་ཡི་རངས་ཡོད་ཀྱང་། འོན་ཀྱང་སྤུན་ཟླ་ཁྱེད་ཀྱི་ཕུག་རྒྱངས་ཐུང་བའི་དགོངས་གཞི་དེར་ཅུང་བསམ་བློ་གཏང་ནས་ད་ནས་བཟུང་སྟེ་ཁྱེད་འདྲ་བའི་བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་སྐུ་ལུས་མེ་བསྲེགས་གཏང་བ་དེ་གནས་སྐབས་མཚམས་འཇོག་གནང་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བ་ཡིན།
 དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་དེ་རིང་གི་ཟིན་བྲིས་ཚར་བར་བྱས་ནས་གཉིད་དུ་ཡུར། 

Thursday, January 5, 2012

འདོན་པ་སྒྲ་འཇུག་བྱེད་ལ་སོང་བའི་ཉིན་མོ།

མཛེས་པའི་ཀི་ལི་ཧྥོ་ཉའི་མེ་ཏོག
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་འཆར་ཅན་གྱི་སོ་གདོང་སོགས་གཙང་མ་བྱས་ནས་ཞོག་འདོན་རྣམས་ཚར་བར་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ཞིག་ལ་རོལ། ཁ་སང་གི་དུས་ཆད་བྱས་པ་ལྟར་དེ་རིང་གི་ལས་ཀ་གཙོ་བོ་ནི་ཨེ་ཊ་ལི་ནས་ཡིན་པའི་ངོས་ཀྱི་གྲོགས་པོ་མེའི་གོའི་དང་ལྷན་དུ་ཆུ་ཚོད་བཅུ་པའི་སྐབས་སུ་ཐུག་རྒྱུ་བྱས་པ་དེ་ཡིན་པས་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་ཆུ་ཚོད་དགུ་དང་ཕྱེད་ཀར་སླེབས་བྱུང་བས་ངེད་གཉིས་རླངས་འཁོར་ཁ་མོན་ཊེའི་རེའི་སོགས་ལ་བསྐོར་ནས་སོང་བས་སྐར་མ་སུམ་བཅུ་ཙམ་གྱིས་དེར་འབྱོར་སོང་། མེའི་གོའི་ནི་ཕོ་གསར་ལོ་ཆུང་ཞིང་གདོང་གི་དབྱིབས་ཅུང་ནུར་ལ་རིང་ཞིང་། སྣ་ཡི་གཟེངས་མཐོ་ལ་མིག་གི་རྫི་མ་རིང་བ། ཁམས་གཙང་ལ་བག་དྲོ་བོ་ལྟས་ཚོད་ལ་རྒྱ་གར་གྱི་མི་རིགས་དང་འདྲ་བོ་ཞིག་འདུག དེ་ནས་ཁོ་རང་གི་ལས་ཁུངས་སུ་ཁྲིད་སོང་བས་ནང་དུ་piano སྐད་འབྱིན་མཛུབ་གནོན་འཕྲུལ་སྒམ་འདྲ་མིན་དང་། རིན་གོང་ཆེན་པོའི་སྒྲ་བསྡུད་འཕྲུལ་ཆས་སོགས་མང་པོ་ཞིག་མཐོང་རྒྱུ་འདུག ཁོ་རང་གི་ཆེད་ལས་པ་ནི་མི་ཚོགས་རྒྱ་སྟོང་མང་པོའི་དཀྱིལ་ནས་མཛུབ་གནོན་འཕྲུལ་ཆས་ཀྱི་སྒྲ་གདངས་གིས་མི་རྣམས་ལ་སྤྲོ་སེམས་ཀྱི་ཚོར་སྣང་སྟེར་བ་དེ་ཡིན་པ་མ་ཟད་གླུ་གཞས་སོགས་སྒྲ་འཇུག་བྱེད་ཀྱི་ཡོད། དེ་ནས་ངོས་ཀྱི་དབྱིན་སྐད་ཆག་རོ་དེ་སྐྱོན་ནས་དེ་རིང་ངོས་ཀྱི་ལས་ཀའི་སྐོར་ལ་སྐད་ཆ་མགོ་འཛུགས་བྱས་པ་ཡིན། ངོས་ཀྱི་ལས་ཀ་ནི་དེ་སྔོན་བླ་མ་རྒྱངས་འབོད་དང་། ཚོགས་གླུ་སོགས་སྡེ་ཚན་བདུན་བྱས་པའི་འོད་སྡེར་འཁོར་ཐག་ཞིག་བཟོས་པ་དེ་རིན་གོང་ཨ་སྒོར་ཉི་ཤུ་བྱས་པས་ངོས་ཀྱི་སློབ་མ་རྣམས་ཀྱིས་བོང་བུའི་རང་རྟུག་གསེར་རློན་གྱི་དཔེ་ལྟར་ཧ་ཅང་དགའ་མོས་བྱེད་ནས་འོད་སྡེར་འཁོར་ཐག་བརྒྱ་ཐམ་པ་དེ་རྫོགས་ལ་ཉེ་བས་ཡང་སྐྱར་འོད་སྡེར་འཁོར་ལོ་གཉིས་པ་ཞིག་སྒྲ་འཇུག་བྱེད་རྒྱུ་དེ་ཡིན། ངོས་ལ་མི་སེམས་རབ་ཏུ་འགུགས་པའི་སྐད་སྙན་མོ་ཞིག་ཡོད་བསམ་པའི་གདེངས་ཚོད་ཞིག་གཏན་ནས་མེད་ཀྱང་། བཀའ་དྲིན་འཁོར་མཐའ་བྲལ་བའི་ཕ་གཅིག་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཁོང་ཞིང་དུ་ཕེབས་ནས་བགྲང་བྱ་ཧྲིལ་པོ་བཅུ་འཁོར་བས་དེ་ཉིད་ཀྱི་རྗེས་དྲན་གྱི་ཆེད་དུ་བླ་མ་རྒྱངས་འབོད་སོགས་ཡོད་པའི་སྣ་ཚོགས་ཀྱི་འོད་སྡེར་འཁོར་ལོ་ཞིག་བཟོ་བསྐྲུན་བགྱིས་པས། མི་རྣམས་ནས་མ་བསམ་ས་ནས་གཅིག་ཙམ་མ་ཡིན་པར་མང་པོ་ཞིག་ནས། ༼ཁྱེད་རང་ལ་སྐད་སྙན་མོ་འདུག་༽ ཅེས་པའི་ཚིགས་དེ་ཉིད་ཀྱིས་ངོས་ལའང་མ་འོང་པར་འོད་སྡེར་བཟོ་རྒྱུར་སེམས་ཤུགས་འཕར་མ་ཞིག་སྤྲད་བྱུང་། དེ་ནས་ཕན་ཚུན་མ་འོང་པའི་འོད་སྡེར་སྐོར་དང་ཁོ་རང་གི་དུས་ཚོད་སོགས་གཏན་འབེབས་བྱས་ནས་ཉིན་གུང་ཟ་མའི་ཆེད་དུ་ཉི་ཧོང་གི་ཟ་ཁང་ཞིག་ནང་ངོས་ཀྱི་དགེ་ཕྲུག་ཇེམ་དང་། སུ་སིན། ཨོ་ཤང་སོགས་ཕན་ཚུན་མི་ལྔ་ནས་ཟ་མ་མཉམ་དུ་ཟོས་པས་ཉིན་གུང་ཟས་རིན་ཚང་མ་ཇེམ་ནས་སྤྲད་སོང་། དེ་ནི་ལུང་པ་འདི་ཡི་མི་ལ་ལྟོས་ན་ཧ་ཅང་མ་སྲིད་པ་འདྲ་ཞིག་རེད། ཕན་ཚུན་བརྩེ་བའི་སྙིང་གྲོགས། ཕ་མ་ནང་མི་སོགས་ཟ་མ་མཉམ་དུ་ཟ་བའི་སྐབས་སུ་ཟས་རིན་རྣམས་ཚང་མ་ཕན་ཚུན་བགོ་གཤའ་རྒྱབ་ནས་སྒོར་མོ་གཅིག་གི་ཁེ་ཕམ་མེད་པར་བྱེད་ནས་གཙང་མ་བྱེད་པའི་ལུགས་སྲོལ་འདུག དེ་ནས་སུ་སིན་དང་། ཨོ་ཤང་ངེད་གསུམ་ངོས་ཀྱི་ཉེར་སྤྱད་ཕྲན་ཚེགས་ཞིག་གི་ཆེད་དུ་ཚོང་ཁང་ནང་དུ་སོང་ཞིང་དེ་མ་ཐག་ངོས་ཀྱི་ནང་དུ་སོང་། དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Tuesday, January 3, 2012

སོས་དལ་བྱས་ནས་ནང་ལ་བསྡད་པའི་ཉིན་མོ།

མཐོང་གྲོལ་མཚན་དཔེའི་སྤྲས་པའི་སངས་རྒྱས་སྐུ། 
ཞོགས་པ་འཆར་ཅན་ལྟར་དུ་སོ་གདོང་སོགས་གཙང་མ་བྱས་ཞིང་ཁ་འདོན་རྣམས་ཚར་བར་བྱས་ནས་དེ་རིང་གི་ཉིན་མོ་འདི་ནི་ལྷོད་ལྷོད་བྱས་ནས་བསྡད་རྒྱུ་རྙེད་པའི་ཉིན་མོ་ཞིག་ཡིན་སྟབས་ཁ་པར་སྒོ་རྒྱབ་ནས་ང་རང་གཅིག་པུ་སོས་དལ་བྱས་ནས་ནང་དུ་བསྡད། གཅིག་པུར་ནམ་བསྡད་རྒྱུའི་ཉིན་མོ་འདི་ནི་གྲྭ་རྐྱང་ཞིག་གི་ངོས་ལ་ལྟོས་ན་ཧ་ཅང་སྐྱིད་པའི་ཉིན་མོ་ཞིག་ཡིན་པས་གོ་སྐབས་དེ་བཟུང་ནས། སྔ་ཐུན་ལ་མཆོག་གླིང་གསང་ཐིག་ཕུར་པའི་ཐུན་ཆུང་ཞིག་བཟུང་། ཐུན་བར་དུ་ངོས་ཀྱི་རིག་མཛོད་ནང་དུ་ཡོད་པའི་རིན་ཆེན་གཏེར་མཛོད་ཆེན་མོའི་ནང་ལོ་ཆེན་ཆོས་དཔལ་བཟང་པོས་མཛད་པའི་བཀའ་བརྒྱད་ཀྱི་ཟིན་བྲིས་དེ་མཇལ་བས་སེམས་ལ་ཧ་ཅང་ཕན་པོ་བྱུང་། དེ་ནས་ཉིན་གུང་ཟ་མ་རུ་འབྲས་དང་རྡ་ལི་ཚེ་བཅས་ཟོས་ནས་ཡང་སྐྱར་རྡོ་རྗེ་ཕུར་པའི་ཕྱི་ཐུན་ལ་ཞུགས། 
༼རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་གཞོན་ནུའི་ངང་དུ་རྫོགས་ཤིང་། ངོ་བོ་སྟོང་ལ་རང་བཞིན་གསལ་བའི་སྣང་ཆ་རྣམས་དངོས་མེད་སྒྱུ་མ་ལྟ་བུ་རྟོགས་བྲལ་ཤར་གྲོལ་དུས་མཉམ་འོད་གསལ་གྱི་ངང་དུ་མཉམ་པར་བཞག༽
ཅེས་པའི་རྫོགས་རིམ་གྱི་དོན་འདི་ངོས་ཀྱི་སེམས་ལ་བབས་ཤོས་ཞིག་ཡིན་པས་གང་ཤེས་དོན་ལ་བསམ་ཁུལ་བྱས། འོན་ཀྱང་གོང་གི་དོན་ལྟར་ཇི་བཞིན་ངེས་པར་དཀའ་ཡང་གོ་ཡུལ་བློ་ལ་ངེས་གང་ཐུབ་བྱས་པས་སེམས་ལ་བརྗོད་དུ་མེད་པའི་བདེ་བ་ཁྱད་པར་ཅན་རེ་སྐབས་སྐབས་སུ་འདུག དགོང་ཟས་སུ་མོག་མོག་ཞིག་ཟོས་ནས་ཉལ་སར་ཅུང་ངལ་གསོ་བྱས། དེ་ནས་ངོས་ཀྱི་ཨ་ཕྱི་རྒན་མོ་དེ་མལ་སར་ལྷུང་ནས་ཟླ་བ་གཅིག་ཙམ་ཡིན་སྟབས་བོད་ལ་ཁ་པར་ཞིག་གཏང་བས། སྲིང་མོ་ནས་ཨ་མ་དེ་རིང་གཅིག་པ་རེད་མགར་དགོན་པའི་བླ་གྲྭ་རྣམས་གདན་ནས་ཀུན་རིག་དབང་བརྒྱ་ཞུ་གི་ཡོད་ཟེར། དེ་ནི་ང་ཚོའི་ལུང་པར་མི་འཆི་ཁར་དབང་བརྒྱ་ཞུ་བའི་ལུགས་སྲོལ་ཞིག་ཡོད་པ་དེ་ལ་ཕྱི་འདིང་ཞིག་རྒྱབ་པ་ཡིན། དབང་ཞེས་པ་དེ་གསང་སྔགས་ཀྱི་ཡི་དམ་ལྷ་གང་རུང་ཞིག་ལ་འཇུག་པའི་ཆེད་དུ་དང་པོ་ནས་དབང་ཐོབ་དགོས་པ་དེ་རེད། དབང་མ་ཐོབ་ནས་ལྷ་དེ་སྒྲུབས་ན་འབྲས་བུ་མེད་ཅེས་གསུངས་ཡོད་པ་རེད། མི་ཞིག་དབུགས་ཕར་འགྲོ་ཚུར་ཡོང་གི་ས་མཚམས་སུ་དེ་སྔོན་ལྷ་ངོ་ཤེས་རྒྱུ་ཕར་ཞོག་མིང་ཙམ་ཡང་གོ་མྱོང་མེད་པར་སེམས་ལྷོད་ལ་བབས་རྒྱུ་ཕར་ཞོག་འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་རྦ་ཀློངས་དྲག་ཏུ་འཁྲུགས་བཞིན་པའི་སྐབས་སུ་ནད་པར་དབང་བསྐུར་ན་བསྐུར་མཁན་དེ་ཉིད་རྟོགས་པ་མཆོག་ལྡན་ཁྱད་པར་བ་ཞིག་ཡིན་ན་མ་གཏོགས་ལུགས་སྲོལ་གྱི་འགྲོས་ཙམ་ལ་གཙིགས་སུ་འཛིན་ནས་ནད་པར་དབང་བསྐུར་ན། གུ་རུ་རིན་པོ་ཆེའི་ཞལ་ནས། 
མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙམ་ཕྱིས།
རྣམ་ཤེས་བར་དོ་ཁྱི་གླན་བཞིན་དུ་འཁྱམས། 
མཐོ་རིས་དྲན་པར་དེ་ལ་དཀའ་ལས་ཡོད།
ཅེས་གསུངས་པ་ལྟར་དུ་མི་འགྲོ་བའི་ངེས་པ་མེད་པ་མེད་དོ། དེ་ནས་ངས་སྲིང་མོ་ལ་དགེ་སློང་ཚད་ལྡན་ཞིག་གདན་འདྲེན་ཞུས་ནས་ད་ལྟ་རིག་པ་གསལ་པོ་ཡོད་པའི་སྐབས་སུ་བར་དོ་ཐོས་གྲོལ་ཚར་ཁ་ཤས་ཞིག་རྣ་བར་བླུགས་ན་དེ་ལས་བཟང་བ་ཞིག་ཡོད་མ་རེད་ཟེར་བས་མོ་རང་ནས་ཀྱང་དོ་སྣང་བྱས་སོང་། དེ་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།   

Monday, January 2, 2012

ཉིས་སྟོང་བཅུ་གཉིས་ལོའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ།

བདེ་ཆེན་ཞིང་བཀོད་ཀྱི་ཐང་ཀ
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ཁྲུས་ཁང་ནང་དུ་སོང་ཞིང་ངོ་གདོང་སོགས་གཙང་མ་བྱས་ཤིང་། ཁ་འདོན་རྣམས་ཚར་བར་བྱས་ནས་ཐབ་ཚང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ཞིག་ཟོས། ཐོག་ཁར་ཡོང་བས་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་མ་ལེ་ཞཱ་རུ་ཡོད་པའི་ངོས་ཀྱི་དགེ་ཕྲུག་ཆོས་སྐྱིད་རེད་འདུག དེ་ནི་ཕྱི་ལུགས་ཀྱི་གནམ་ལོ་གསར་བཞད་ལ་བཀྲ་ཤིས་བདེ་ལེགས་གཅིག་པུ་རེད། ཉིན་གུང་ཟ་མ་རུ་འབྲས་དང་སྔོ་འདྲེས་མའི་ཐུག་པ་ཞིག་འཐུང་ནས་ཕྱི་ལོགས་སུ་འཕྲོད་བསྟེན་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་སོང་། དེ་རིང་གི་ལས་ཀ་གཙོ་བོ་ནི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཉིད་ཡིན་པས་ཆུ་ཚོད་ལྔ་པའི་སྐབས་སུ་རླངས་འཁོར་ཁ་ཕྱོགས་ཁར་མེལ་སོགས་ལ་བསྒྱུར་ནས་སོང་བས་མི་རྣམས་གཅིག་རྗེས་གཉིས་མཐུད་ནས་མི་གྲངས་བཅུ་བདུན་ཙམ་སླེབས་བྱུང་། གསར་པ་ཁ་ཤས་ལས་མང་ཤོས་རྙིང་པ་ཤ་སྟག་རེད། དེ་ནི་ངོས་ཀྱི་འཆར་ཅན་གྱི་ཆོས་ཁྲིད་སྐབས་མང་ན་མི་བདུན་བཅུ་བརྒྱད་བཅུ་དང་། ཉུང་ན་བཅོ་ལྔ་ཉི་ཤུ་ཙམ་ཡིན་དེ་རིང་གི་ཉིན་མོ་འདི་ནི་ཉིས་སྟོང་བཅུ་གཉིས་ལོའི་གནམ་ལོ་གསར་འཆར་སྐབས་ཡིན་པས་ངོས་ནས་ཀྱང་དེ་དང་འབྲེལ་བ་ཡོད་པའི་ཆོས་ཚིག་ཁ་ཤས་ཞིག་སྐད་བསྒྱུར་བརྒྱུད་ནས་བཤད་པ་ཡིན། 
༼ཡ་ད་དེ་རིང་ཡང་སྐྱར་ང་ཚོ་ཉིས་སྟོང་བཅུ་གཉིས་ལོའི་གནམ་ལོ་གསར་བཞད་ལ་བཀྲ་ཤིས་བདེ་ལེགས་དང་སྦྲགས་ནས་ལོ་གསར་འདི་དང་འབྲེལ་བ་ཡོད་པ་ཚིག་ཁ་ཤས་ཞིག་ཞུས་ན་བསམ་བྱུང་། ང་ཚོའི་འཛམ་བུ་གླིང་འདི་ཡི་སྒང་ནས་ཚང་མས་ཡོངས་གྲགས་སུ་སྐྱིད་པའི་ལོ་གསར་རམ་happy new year ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་ནས་མི་རྣམས་རང་བཞིན་གྱིས་ཉིན་མོ་འདི་ནི་དགའ་སྐྱིད་ཀྱི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་ཅིང་སོ་སོའི་ལུང་པའི་གོམས་གཤིས་དང་རིག་གཞུང་དང་མཐུན་པར་དགའ་སྤྲོའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་རེད། ངས་བསམ་བློ་ཞིག་གཏང་ན་དེ་ནི་ཚེ་ཟད་པ་ལ་ཐུགས་སྤྲོ་གཏང་བ་འདྲ་ཞིག་མཐོང་གི་འདུག དཔེར་ན་མི་ཞིག་ནས་འཛམ་གླིང་འདིའི་སྒང་ནས་རྩ་ཆེ་ཤོས་དེ་སུ་རེད་ཅེས་ཟེར་ན། ཆོས་ལུགས་མེད་མཁན་ཞིག་ཡིན་ན་ཕལ་ཆེར་དངུལ་རེད་ཟེར་མདོག་རེད། གར་སྲིད་ཆོས་ལུགས་ལ་ཞུགས་མཁན་ཡིན་ན་ཆོས་ལུགས་གང་རུང་གི་ཞིག་གི་མིང་ནས་བཟུང་སྟེ་དེ་རེད་ཟེར་མདོག་རེད། ངོས་ནས་དྲི་བ་དེ་ལ་ཐེ་ཚོམ་མེད་པར་དུས་ཚོད་རེད་ཅེས་ལན་རྒྱག་གི་ཡིན། རྒྱུ་མཚན་གང་ཡིན་ཞེ་ན་ཁྱོད་རང་དགོས་པའི་དངུལ་དང་། ཆོས་སོགས་ཚང་མ་དུས་ཚོད་ལ་རྟེན་ནས་བསྒྲུབས་དགོས་པ་མ་ཟད་ཁྱེད་རང་སྐད་ཅིག་ཉིད་ལ་འབྲལ་དུ་མེད་པའི་སྙིང་སྡུག་གི་གྲོགས་པོ་གྲོགས་མོ་རྣམས་ཀྱང་དུས་ཚོད་དང་བསྟུན་ནས་ཐུག་འཕྲད་བྱེད་དགོས། དེར་རྟེན་ང་ཚོ་ལ་དུས་ཚོད་འདི་ཧ་ཅང་ནས་ཀྱང་གལ་ཆེན་པོ་ཞིག་མཐོང་གི་འདུག ལོ་གསར་འདི་ཡི་སྐབས་སུ་སྐྱིད་པའི་ལོ་གསར་ཞིག་གཏང་གོ་ཆོད་པ་ཞིག་བྱེད་དགོས་ན་འདས་ཟིན་པའི་ཉིས་སྟོང་བཅུ་གཅིག་ལོ་འདི་ལ་ངས་ཆོས་ཡག་པོ་ཞིག་དང་། དེ་མ་ཡིན་ནའང་མི་ལ་ཕན་ཐོག་པའི་ལས་ཀ་འདྲ་སྐྱིད་པོ་གཏོང་གོ་ཆོད་པ་ཞིག་བྱས་འདུག་གམ་མི་འདུག་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གར་སྲིད་ངས་ལོ་སྔོན་མར་ཆོས་ཕྱོགས་དགེ་བ་སྣ་གཅིག་ཀྱང་མེད་པར། རང་ཁེ་གཞན་ཕམ་གྱི་ཆེད་དུ་དོན་མེད་མི་ལ་གནོད་བསྐྱལ་བ་སོགས་སྡིག་པ་འདྲ་ཞིག་བྱས་ཡོད་ན་སྐྱིད་པོ་གཏོང་རྒྱུ་ཕར་ཞོག་བཤགས་པ་བྱེད་དགོས་པ་རེད། དེ་དང་ཆབས་གཅིག་ཏུ་ཡོང་རྒྱུའི་ཉིས་སྟོང་བཅུ་གཉིས་ཀྱི་ལོ་གསར་པ་འདིའང་སྔ་ལོ་འདྲ་བའི་སྡིག་པའི་ལས་ཀྱི་དབང་དུ་མི་གཏང་བསམ་པའི་དམ་བཅའ་དང་འབྲེལ་ནས་ཐུགས་སྤྲོ་གཏང་ན་འགྲིགས་པ་རེད། ཆོས་པ་ཞིག་གི་ངོས་ནས་བཤད་ན་ཞོག་པ་ཡར་ལངས་ནས་དགོང་མོ་མར་ཉལ་སར་ཡོང་བའི་སྐབས་དེ་རིང་ངས་དགེ་བ་གང་འདྲ་བྱས་འདུ་སྡིག་པ་གང་འདྲ་བྱས་འདུག དགེ་བ་བྱས་ཡོད་ན་བསྔོ་བ་དང་ཡི་རངས། སྡིག་པ་བྱས་ཡོད་ན་བཤགས་པ་དང་སྡོམ་སེམས་སོགས་བྱེད་ཀྱི་ཡོད། ང་ཚོའི་ཉི་མ་རེ་རེ་བཞིན་དེ་འདྲ་མ་བྱུང་ནའང་ཟླ་བ་རེའི་མཇུག་དང་། ལོ་རེའི་མཇུག་ཏུ་ངེས་པར་བསམ་བློ་གཏོང་དགོས་པ་རེད། ཚང་མས་ཡོང་རྒྱུའི་གནམ་ལོ་གསར་འཆར་འདིའི་ནང་ནས་ཆོས་ཡག་པོ་ཞིག་དང་དེའི་རྒྱུད་ནས་ཉམས་ལེན་ཡག་པོ་ཞིག་བྱེད་ཀྱི་ཡིན་བསམ་པའི་དམ་བཅའ་དང་འབྲེལ་ནས་དེ་རིང་ཐུགས་སྤྲོ་དེ་གཏོང་རོགས།༽
ཞེས་སོགས་ཀྱི་སྔོན་འགྲོའི་ཆོས་བཤད་མདོར་བསྡུས་བྱས་པས་ཚང་མ་དགའ་བོ་བྱས་སོང་། དེ་ནི་བདེ་ཆེན་ཞིང་སྒྲུབས་ཉིད་བོད་ཀྱི་སྒྲ་གདངས་ཐོག་ནས་འདུར་དབྱངས་ཀྱིས་བཏོན་ནས་བསྙེན་པའི་སྐབས་སུ་དངོས་གཞི་ཆོས་ཁྲིད་རུ། བསྐྱེད་རིམ་དང་རྫོགས་རིམ་སོགས་ཀྱི་ངོ་སྤྲོད་མདོར་བསྡུས་བྱས་མཐར་ཆུ་ཚོད་གཅིག་གི་ལྷག་ཙམ་ནང་ཚར་བར་བྱས། སློབ་མ་རྣམས་ཀྱིས་ངོས་ལ་ཨེ་ཤའི་ལུགས་སྲོལ་ལྟར་ཤོག་ཁུག་དང་ཁ་གཏགས་བཟུང་ནས་བང་བསྒྲིགས་འདུག་པས་ཟུར་གཅར་རྣམས་ཚར་བར་བྱས་ཤིང་གྱེས་བྲལ་གྱི་ཕྱག་རྒྱ་དང་། འཐམ་འཁྱུད་སོགས་ཅི་རིགས་ཀྱིས་རང་རང་སོ་སོའི་གནས་སུ་བདེ་བར་སོང་ནས་ངོས་ཀྱང་ནང་དུ་འབྱོར་བ་དང་མཉམ་དུ་རྩིས་འཁོར་དེ་ཁ་ཕྱེས་ནས་དེ་རིང་གི་ཟིན་བྲིས་དེ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, January 1, 2012

ཆོས་གྲོགས་དང་འཕྲད་པའི་ཉིན་མོ།

རྡུལ་མཚོན་ལས་གཞེངས་པའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར།
ཞོགས་པ་འཆར་ཅན་ལྟར་ཆུ་ཚོད་དྲུག་པའི་སྐབས་སུ་ལངས་ནས་སོ་གདོང་སོགས་གཙང་མ་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་ལ་རོལ་ནས་རྒྱུན་ཁྱེར་གྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐོག་ཁར་ཡོང་བའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་གྲོགས་པོ་བླ་མ་ལེགས་བཤད་བཟང་པོ་ཁོང་རེད་འདུག ཁོང་ནི་ཕ་ཡུལ་འགུ་ལོག་ནས་རེད། ང་བོད་ལ་ཡོད་པའི་སྐབས་སུ་ནས་ངོ་ཤེས་པ་མ་ཟད་གྲོགས་པོ་ཡག་པོ་ཞིག་ཡིན། ཁོང་ནས་ང་ལ་རྩེད་མོའི་ཚུལ་དུ་འདི་འདྲ་གསུང་གི་འདུག དེ་རིང་ང་ཁྱེད་རང་གི་སྒོ་ནང་དུ་སླེབས་ཡོད་པས་གང་མགྱོགས་གྲ་སྒྲིག་གྱིས་ཤོག་ཟེར་དེ་ནི་ངེད་གཉིས་ཕན་ཚུན་འཆར་ཅན་གྱི་ཁ་རྒྱག་པ་བཤད་རེས་དེ་ཡིན། འོན་ཀྱང་ཁོང་ Santa cruz ་ལ་ཕེབས་ཡོད་པ་ངས་སྔར་ནས་ཤེས་ཀྱང་འདིར་ཕེབས་མིན་ནི་དེ་རིང་ལས་མ་གཏོགས་ཧ་མ་གོ་མ་སོང་། གང་ལྟར་མ་ཐུག་རྒྱུན་རིང་སོང་བའི་ངོས་ཀྱི་ཆོས་གྲོགས་དེ་བསམ་ནས་ཁ་སང་གི་དུས་ཆད་བྱས་པའི་མགོ་སེར་མི་ཚང་ཁ་ཤས་ཞིག་ནང་ལོ་གསར་ལ་ཡོངས་རྒྱུ་བྱས་ཟིན་ཀྱང་གནས་སྐབས་ཕྱིར་འཐེན་བྱས་ནས་ཉིན་གུང་རྒྱབ་ལོགས་ཆུ་ཚོད་དང་པོའི་སྐབས་སུ་སྐད་གྲགས་ཅན་གྱི་ཁར་མེལ་རྒྱ་མཚོའི་འགྲམ་དུ་ཁོང་དང་འཕྲད་རྒྱུའི་དུས་ཆད་བྱས་ནས་སུ་སིན་ངེད་གཉིས་ཀྱང་རླངས་འཁོར་ཁར་མེལ་སོགས་ལ་བསྐོར་ནས་སོང་བས། ཉིན་མོ་འདི་ནི་ཉིས་སྟོང་བཅུ་གཉིས་གནང་ལོ་གསར་བཞད་ཡིན་པ་མ་ཟད། གཟའ་ཉི་མའི་གུས་སང་དང་མཉམ་དུ་ཁེལ་ཡོད་སྟབས་རྒྱ་མཚོའི་འགྲམ་གྱི་མི་ཚོགས་ནི་གྲོག་ཚང་ཁ་རྡོལ་བ་ནང་བཞིན་རེད་འདུག མི་རིགས་སྣ་མང་ལས་གྲུབ་པའི་རྒྱ་མཚོ་ཆེན་པོ་དེ་ཡི་འགྲམ་དུ་མི་རྣམས་ནི་ཁྱུ་ཁྱུ་བྱས་ནས་བྱེ་ཐང་ནང་དུ་གུར་ཕུབ་ནས་བསྡད་པ་དང་། བུ་མོ་རྣམས་ནི་རྣམ་རྟོག་གི་རྒྱུ་བ་ཆོད་པའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་འཁོར་འདས་རུ་ཤན་ལྟར་ངོ་ཚའི་སྒྲིགས་གཡོགས་གསང་ཁེབ་དང་། ནུ་ཤུབ་ཙམ་ལས་གང་ཡང་མེད་པར་དམར་ཧྲང་དུ་བྱེ་མའི་ནང་ཧྲེང་ཉལ་བྱེད་པ་སོགས་ལྟས་ཀྱང་མིག་གི་བུ་ལོན་ལ་རྫོགས་དུས་མེད་པ་ཞིག་འདུག དེ་ནས་ཅུང་ཙམ་རྗེས་སུ་བླ་མ་ལེགས་བཤད་བཟང་པོ་ནི་མིག་ཤེལ་ཇ་མདོག་ཅན་ཞིག་མིག་ལ་གྱོན། སྟོད་ཐུང་ལི་ཁྲིའི་མདོག་ཅན་ཞིག་སྟོད་དུ་གྱོན། ཞབས་ཞུ་མའམ་རླངས་འཁོར་ཁ་ལོ་ཡིན་མདོག་ཅན་ཞིག་རོལ་དུ་ཁྲིད་ནས་རྫིག་ཉམས་དང་བཅས་ཕེབས་བྱུང་། དེ་ནས་ཕན་ཚུན་ལག་འཇུ་དང་། ཕྱག་རྒྱ་སོགས་ཀྱིས་ཁམས་འདྲིར་གྲུབ་མཚམས་མི་ཚོགས་ཀྱི་དཀྱིལ་ནས་ཡར་མར་རྐང་འགྲོས་ཀྱིས་སྐད་ཆུ་ཚོད་གཅིག་ཙམ་སོང་ཞིང་དེ་ནས་ཝེར་ནམ་ཟ་ཁང་ཞིག་ནང་དུ་ཐུག་པ་འཐུང་ལ་སོང་། ཕན་ཚུན་སྐད་ཆ་བཤད་བཞིན་ཐུག་པ་ཕོར་རྒན་གང་གིས་འགྲངས་བར་བྱས་ནས་ཕན་ཚུན་གྱེས་བྲལ་གྱིས་ལག་གཡུགས་དང་། འཐམ་འཁྱུད་སོགས་ཅི་རིགས་བྱས་ནས་རང་ཁྱིམ་དུ་འབྱོར་བ་དང་མཉམ་དུ་རྩིས་འཁོར་གོབ་ཏོ་དེ་ཁ་ཕྱེས་ནས་ནོར་ཝེའི་རླུང་ཕྲིན་ཁང་སོགས་འཛམ་གླིང་གི་སྒེའུ་ཁུང་རྣམས་ནས་ཉན་ལྟ་བྱས་པས། དེ་ནི་དེང་སང་དིར་དིར་དུ་གྲགས་བཞིན་པ་དང་། ཡོམ་ཡོམ་དུ་འགུལ་བཞིན་པའི་གནས་ཚུལ་གསར་པ་ནི་རྒྱལ་བ་ཐམས་ཅད་མཁྱེན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དེ་རེད། ད་ཐེངས་ཀྱི་དུས་འཁོར་དབང་ཆེན་འདི་ཡི་སྐབས་སུ་བོད་སོགས་འཛམ་གླིང་གི་ས་ཆ་གང་སར་ནས་ཆོས་ཞུ་བ་འབུམ་གཉིས་ཙམ་འཛོམས་པའི་འཆར་གཞི་བྱེད་ཀྱི་འདུག ནོར་ཝེའི་རླུང་ཕྲིན་ནང་ནས་ཙེར་ཙེར་གྱི་སྒྲ་ཞིག་གོ་རྒྱུ་ཞིག་ལ་གོང་ས་མཆོག་ཕེབས་ལམ་ནས་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ནས་ངུ་གདངས་བསྒྲིགས་ནས་ཐམས་ཅད་མཁྱེན་པ་གང་མགྱོགས་བོད་ལ་ཕེབས་རོགས། ང་ཚོའི་ཁྱེད་སྒུག་ཚོད་མི་འདུག ང་ཚོ་ལ་རང་དབང་མེད། སོགས་ཀྱི་ངུ་སྐད་དེ་རེད། ངོས་ནས་སྐད་དེ་གོ་བ་དང་མཉམ་དུ་མིག་གཉིས་ནས་མཆི་མ་རང་དབང་མེད་པར་ཤོར་སོང་། ད་ནི་དེ་རིང་དུས་འཁོར་དབང་ཆེན་གྱི་སྐབས་ཡིན་པས་དབང་དེ་ཉིད་མ་ཞུས་པའི་སྔོན་ནས་དབང་གི་ཕན་ཡོན་དང་། དུས་འཁོར་གྱི་ལོ་རྒྱུས་བརྒྱུད་རིམ་བཅས་དོན་གཉེར་ཅན་རྣམས་ཀྱི་ཆེད་དུ་གཤམས་ནས་དྲ་རྒྱ་གཞན་ནས་ཟུར་བཏོན་བྱས་པ་ཞིག་སྤྱན་འབུལ་ཞུ་གི་ཡིན་པས་དེ་ལུགས་ངེས་པར་ཡོང་བར་ཞུ།
 དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་རིམ་པ་ཁག་ཅིག་གི་ངོ་སྤྲོད། 

༡ དུས་འཁོར་རྩ་རྒྱུད་ཐོག་མར་གསུངས་པའི་གནས་ཀྱི་ངོ་སྤྲོད།

       སྟོན་པ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་པའི་ནང་ནས། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཐོག་མར་གསུངས་པའི་གནས་ནི། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་མ་ཧཱ་ཙེ་ཏ་ཡ ( Maha cetiya)དང་ཉེ་ཁུལ་དུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི་བུམ་པའི་ནང་ཡིན་ལ། ད་ལམ་གྱི་དུས་དབང་གནང་བའི་དུས་ཚོད་ནི། སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་གྲངས་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་འཁོར་བའི་དུས་ཚེས་ཁྱད་པར་ཅན་དང་སྟབས་འཁེལ་ཡོད།
       འབྲས་སྤུངས་མཆོད་རྟེན་ནི། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱིའི་གླིང་དུ་ཡོད་ཅིང༌། དེ་ནི་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་དུས་དགེ་སློང་ཞིག་གིས་མུ་གེས་ཉམ་ཐག་པའི་སེམས་ཅན་ལ་ཕན་ཕྱིར་ཉིན་ལམ་བཅུ་གཉིས་ཀྱི་སར་འབྲས་སོ་བའི་ཆར་པ་ཕབ ནས་སེམས་ཅན་ཚིམ་པར་བྱས་པའིའབྲས་ལྷག་རྫུ་འཕྲུལ་གྱིས་བསྡུས་ཏེ་མཆོད་རྟེན་ཆེན་པོ་ཞིག་བཞེངས་པ་ལ་བརྟེན་ནས་འབྲས་སྤུངས་མཆོད་རྟེན་ནམ་འབྲས་ཕུང་མཆོད་རྟེན་ཞེས་མིང་ཐོགས་པ་ཞིག་ཡིན།
       དེ་ནི་དེང་གི་ཨན་ད་ར་མངའ་སྡེའི་(Andhra Pardesh)ཁོངས་ཀྱི་ཝི་ཟ་ཝ་དཱ་(Bezwada)ས་གནས་ཀྱི་ན་ག་རྫུ་ན་ཀོ་(Nagarjunakonda)སྟེ་ལྷོ་ཕྱོགས་དཔལ་གྱི་རི་ནས་ཀེ་ལོ་མི་ཊར་བརྒྱ་དང་ལྔ་བཅུའི་སར་དྷ་ན་གོ་ཊ་ཞུ་བ་དེ་ཡིན། རྒུན་དུར་(Guntur)གྲོང་ཁྱེར་ནས་འགྲུལ་འཁོར་ཐོག་ཆུ་ཚོད་གཅིག་གིས་སླེབས་འབྱོར་ཐུབ་སྐོར་གནས་ཡིག་ཁག་ནང་གསལ།
       འབྲས་སྤུངས་མཆོད་རྟེན་གྱི་གནས་ཡུལ་ངོས་འཛིན་ཐད་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ནང༌། " ཀ་ལིང་ཀའི་ལྷོ་ནུབ་ཀྱི་ཆ་དང་སྦྲང་རྩིའི་ཡུལ་བཅས་པ་ལ་དེང་སང་མངྷ་ར་ས་བྱ་བར་འབོདཅེས་དང༌།  "མ་རྡ་ར་སའི་གྲོང་དེ་ནས་་་་་་་་་་་སླར་བྱང་ངོས་སུ་སོང་བས་ཆུ་བོ་ཀྲྀཥ྄ཎའི་འགྲམ་དུ་རྡ་ན་ཀོ་ཊ་སྟེ་འབྲས་སྤུངས་ཡོད། འབྲས་སྤུངས་ཀྱི་ལྷོ་ངོས་སུ་ཉིན་ཕྱེད་ལྷག་པའི་ས་ན་ན་ག་རྫུ་ན་ཀྭ་ཥ་ན་འམ་(Nagarjunakonda)ཤྲི་པཏཏ་ལྷོ་ཕྱོགས་དཔལ་གྱི་རི་ཡོད་ཅེས་དང༌། "འབྲས་ སྤུངས་འདི་ཕལ་ཆེར་གནའ་དུས་ཀྱི་མཆོད་རྟེན་བཟོ་ལུགས་ལ། ཝུ་བ་དང་འབྲས་སྤུངས་པ་ལྟ་བུ་སོགས་བཞིན་ཡོད་པས་དབྱིབས་ཀྱི་མིང་བཏགས་པ་ཞིག་ མིན་ནམ་སྙམ་ལ། མིང་གཞན་ལ་ཨ་མར་བ་ཏི་(Amarvati)བྱ་ངེསཞེས་དང༌། "མཁས་ པ་ཐོས་ལྡན་རྣམས་ཀྱིས་སྔོན་རབས་ཀྱི་ལོ་རྒྱུས་འཁྲུལ་མེད་རིགས་དང་བསྡུར་ཏེ་ གོང་ནས་གོང་དུ་ངེས་པ་བསྐྱེད་པར་འགྱུར་ངེས་པ་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་དགོསཞེས་དང༌། རྣམ་པ་ཐམས་ཅད་དུ་བརྟག་དཔྱད་བརྒྱ་ཕྲག་བྱས་ཏེ་ངོ་འཕྲོད་ཚེ་ཡིན་པ་ཡིན་པར་སྨྲ་བ་ལ་བརྩོན་པར་བརྩམས་པས། ལེགས་པར་ཡིད་ཆེས་པས་རིགས་སོ།།"ཞེས་གསུངས་པའི་གནས་ག་ལ་བ་ནི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཡིན།

༢ དུས་ནམ་ཞིག་ལ་གསུངས་པའི་ངོ་སྤྲོད།

        དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནི། སྟོན་པ་བཅོམ་ལྡན་འདས་དགུང་ལོ་ཉེར་དགུ་པར་རབ་ཏུ་བྱུང་བ་དང༌། དེ་ནས་ལོ་དྲུག་རིང་དཀའ་བ་སྤྱད་དེ་དགུང་གྲངས་སོ་ལྔ་པ་ལ་སངས་རྒྱས་ཤིང༌། དགུང་གྲངས་སོ་དྲུག་པ་སྟེ་སངས་རྒྱས་པའི་ཕྱི་ལོའི་ནག་ཟླའི་ཉ་ལ་གསུངས་ཤིང༌། དེ་ཡང་དགྲ་བཅོམ་པ་རབ་འབྱོར་སོགས་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་ངོར་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་གསང་སྔགས་འཁོར་ཐུན་མོང་མ་ཡིན་པ་རྣམས་ཀྱི་ངོར་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པ་ཡིན། དེ་ཚུལ་ནི། དུས་འཁོར་རྩ་རྒྱུད་དུ། སྟོན་པས་བྱ་རྒོད་ཕུང་པོའི་རིར།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།། ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ།། དེ་བཞིན་གསང་སྔགས་ཚུལ་རབ་བསྟན།། ཞེས་གསལ་པོར་གསུངས་ཡོད།


དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་འཕེལ་ཚུལ།

 ༡ ཤམ་བྷ་ལར་དར་ཚུལ་གྱི་ངོ་སྤྲོད།

         རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཐོག་མར་གསུང་ཡུལ་དང་ཆེད་དུ་བྱ་བའི་གདུལ་བྱ་ནི། བྱང་ཤམ་བྷ་ལའི་རྒྱལ་པོ་ཉི་མའི་འོད་དང་བཙུན་མོ་ལྷ་མོ་རྣམ་པར་རྒྱལ་མའི་སྲས་ཆོས་རྒྱལ་ཟླ་བ་བཟང་པོས་སེམས་ཅན་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་དོན་དུ་སྟོན་པ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ཅིང༌།སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་རྒྱལ་ཟླ་བ་བཟང་པོས་གཙོ་བོར་བྱས་པའི་ཤམ་བྷ་ལ་བ་རྣམས་སྐལ་བ་དང་ལྡན་པ་ཉིད་དུ་གཟིགས་ནས་རྒྱུད་ཀྱི་རྒྱལ་པོ་དུས་འཁོར་རྩ་རྒྱུད་ཐོག་མར་གསུངས་པ་ཞིག་ཡིན།
        ཆོས་རྒྱལ་ཟླ་བཟང་གིས་སྟོན་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་རྣམས་ཐུགས་ལ་བཟུང་སྟེ་ཤམ་བྷ་ལར་བྱོན། སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་ཐུགས་ངོར་གསལ་བའི་རིམ་པ་རྣམས་ཤམ་བྷ་ལའི་སྐད་ཀྱིས་རྩ་རྒྱུད་དང་དེའི་འགྲེལ་བ་གླེགས་བམ་ལ་བྲིས་ཏེ་ལོ་གསུམ་གྱི་བར་དུ་རྒྱ་ཆེར་སྤེལ་བ་དང༌། དེ་ནས་སེམས་ཅན་ཐམས་ཅད་ཀྱིས་དངོས་གྲུབ་ཐོབ་པའི་སླད་དུ་ཤམ་བྷ་ལར་དུས་འཁོར་བློས་བསླངས་གསར་དུ་བཞེངས་པ་ནས་ཆོས་རྒྱལ་བདུན་དང༌། རིགས་ལྡན་ཉེར་ལྔ། འཁོར་ལོ་ཅན་གྱི་རྒྱལ་རྒྱུད་བཅུ་གཉིས་ཏེ་དུས་འཁོར་རྩ་རྒྱུད་ནས་ཇི་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱིས་ལུང་གིས་བསྔགས་པའི་རྒྱལ་པོ་བཞི་ཅུ་རྩ་གསུམ་གྱིས་ཤམ་བྷ་ལའི་ཡུལ་དུ་དུས་ཀྱི་འཁོར་ལོའི་བསྟན་པ་རྒྱ་ཆེར་སྤེལ་ལོ། 

༢ རྒྱ་གར་དུ་དར་ཚུལ་ངོ་སྤྲོད།

         ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་རྒྱལ་དཀའི་རྒྱལ་སྲིད་སྐྱོང་བའི་སྐབས་སུ། རྒྱ་གར་གྱི་མཁས་པ་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེ་ཞེས་མདོ་སྔགས་ཀུན་ལ་མཁས་པ་ཞིག་བྱོན་པ་དེ་རྒྱ་གར་ནས་བྱང་གི་ཕྱོགས་སུ་ཕེབས་ཏེ། མཐར་ཤམ་བྷ་ལར་བྱོན་ནས་རིགས་ལྡན་དངོས་དང་མཇལ་བ་དེ་བླ་མར་བསྟེན་ནས། དུས་ཀྱི་འཁོར་ལོས་གཙོས་པའི་རྒྱུད་སྡེ་མང་པོ་གསན་པ་དང༌། དེ་ཡང་འགའ་ཞིག་ཐུགས་ངོར་བཞེས། འགའ་ཞིག་གླེགས་བམ་དུ་བྲིས་ཏེ་རྒྱ་གར་དུ་གདན་དྲངས་པ་ནི་འཕགས་པའི་ཡུལ་དུ་དུས་འཁོར་གྱིས་གཙོས་པའི་རྒྱུད་སྡེའི་བསྟན་པ་རྒྱ་ཆེར་དར་བའི་མགོ་ཚུགས་པ་ཞིག་ཡིན།
དེ་ནས་དུས་ཞབས་པ་རང་གི་སློབ་མ་དུས་ཞབས་པ་ཆུང་བ་ཤྲི་བྷ་དྲས་དུས་ཀྱི་འཁོར་ལོའི་བསྟན་པ་ས་དར་རྡོ་དར་དུ་བརྡལ་ཁྱབ་བཏང༌། དེའི་སྲས་བྱང་ཆུབ་བཟང་པོ་དང་དེའི་སློབ་མ་ཁ་ཆེ་ཟླ་བ་མངོན་དགའ་སོགས་ཀྱིས་དུས་ཀྱི་འཁོར་ལོའི་བསྟན་པ་ཕྱོགས་ནས་མུ་མེད་པར་སྤེལ།
        དེ་ལྟར་རྒྱ་གར་དུ་ཐོག་མར་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེས་དར་བར་བྱས་ཤིང༌། དེས་དུས་ཞབས་པ་ཆུང་བ་ཤྲཱི་ངྷ་དྲ་དང༌། དེས་སྲས་བྱང་ཆུབ་བཟང་པོ། དེས་ཁ་ཆེའི་པཎ་ཆེན་ཟླ་མགོན་ལ་བསྩལ་བས་མཚོན་རྒྱ་གར་དུ་དུས་འཁོར་གྱི་བསྟན་པ་རྒྱ་ཆེར་དར།

 ༣ བོད་དུ་དར་ཚུལ་གྱི་ངོ་སྤྲོད།

          ཁ་ཆེའི་པཎ་ཆེན་ཟླ་མགོན་གྱིས་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་གཉིས་བསྣམས་ནས་ཐོག་མར་གཙང་ཁ་རག་དང་དེ་ནས་འཕན་ཡུལ་དུ་བྱོན་པ་ན། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཞུས་ཤིང༌། བསྡུས་རྒྱུད་དང་འགྲེལ་་བསྒྱུར་བ་ནི་བོད་ཀྱི་མཁས་པས་དུས་འཁོར་གྱི་དབང་རྒྱུད་གདམས་ངག་ཞུས་པ་ཐོག་མ་དང༌། རྒྱུད་དང་འགྲེལ་་བོད་སྐད་དུ་བསྒྱུར་བའང་ཐོག་མ་ཡིན། ཁོང་གིས་ལྷ་རྗེ་སྒོམ་པ་དཀོན་མཆོག་བསྲུང་ལ་དབང་གི་བཀའ་དང་བཤད་པའི་ལུང༌། མན་ངག་གི་བཀའ་བཅས་གནང་བ་རིམ་བརྒྱུད་ཀྱིས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞབས་ལས་བླ་མ་རྒྭ་ལོས་གསན་པ་དང༌། ཡང་དེ་དང་ཕྱོགས་མཚུངས་པར། རྭ་ལོ་ཙཱ་བ་ཆོས་རབ་ཀྱིས་དུས་ཞབས་པའི་སློབ་མ་མཉཛུ་ཀིརྟི་དང་དེའི་སློབ་མ་བལ་བོ་ཡེ་རང་པ་ས་མན་ཊ་ཤྲཱི་བྷ་དྲ་ཞུ་བ་བོད་དུ་གདན་དྲངས་ནས་དུས་འཁོར་རྒྱུད་འགྲེལ་བསྒྱུར་འབྲེལ། དབང་རྒྱུད་མན་ངག་དང་བཅས་པ་ཞུས་ཤིང༌། དེས་ཡེ་ཤེས་སེངྒེ་ལ་གནང༌། དེས་བླ་མ་རྒྭ་ལོ་ལ་གནང་བ་ནས་རྭ་འབྲོ་ལུགས་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར། བོད་འདིར་དུས་འཁོར་གྱི་རྒྱུད་འགྲེལ་བཅུ་དྲུག་ཙམ་ཡོད་པ་ལས་རྭ་འབྲོའི་འགྱུར་ གཉིས་ལ་དབང་གི་བཀའ་དང༌། བཤད་པའི་བཀའ། མན་ངག་གི་བཀའ་གསུམ་ཚང་བས་གཙོ་བོར་བྱེད་པ་ཡིན།
       བརྒྱ་ཕྲག་བཅུ་གསུམ་པའི་ནང་བྱོན་པའི་བུ་སྟོན་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་རིང་ལའངརྭ་འབྲོའི་ལུགས་དར་ཁྱབ་ཆེ་བ་སྟེ། དེ་ཡང་བུ་སྟོན་རིན་ཆེན་གྲུབ་ཀྱིས་འཆད་ཉན་ཕྱག་ལེན་དང་བཅས་པའི་རིམ་པས་གཙང་ཞ་ལུའི་ཕྱོགས་སུ་ཆེས་ཆེར་དར་བར་མཛད་པ་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོས་བུ་སྟོན་གྱི་དངོས་སློབ་མཁས་གྲུབ་ཁྱུང་པོ་ལྷས་པ་ནས་དབང་རྒྱུན་དང༌། བདེ་ཆེན་དཔལ་བ་ནས་རྒྱུད་འགྲེལ་གྱི་བཤད་པ་དང་ཕྱག་ལེན་གྱི་མཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ཁྲིད་སོགས་ཡོངས་སུ་རྫོགས་པར་ཞུས་འབྲེལ་སྲས་ཀྱི་ཐུ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ལྷག་མེད་དུ་གནང་སྟེ། རྩ་རྒྱུད་འགྲེལ་བཤད་དང་བཅས་པའི་ལྗགས་བཤད་ཁྱབ་བརྡལ་དུ་བཏང་གནང་བ་དེ་འདྲ་ནི་སྔར་གྱི་བསྟན་འབྱུང་ལོ་རྒྱུས་ནང་མ་བྱུང་བ་ལྟ་བུ་ཡིན་སྟབས། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱིས་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ནི་སྨོན་ལམ་གྱི་མཐུ་གྲུབ་པའི་སྐྱེས་བུ་ལགས་པས་གཞན་གྱིས་བརྒྱ་ཚར་བཤད་པ་ལས་རྗེ་འདིས་དུས་འཁོར་ལན་གཅིག་གསུངས་པ་དེས་སའི་སྟེང་ཁྱབ་པ་བྱུང་ཞེས་བསྔགས་བརྗོད་གནང་བ་ལྟར་དང༌། ཕྱིས་ན་མཁས་གྲུབ་རྗེས་དུས་འཁོར་ཊིཀ་ཆེན་དེ་ཉིད་སྣང་བ་མཛད་པས་ཐོག་དྲངས་འབྲེལ། དུས་འཁོར་དང་འབྲེལ་བའི་བསྟན་བཅོས་མང་དུ་མཛད་པ་ལ་བརྟེན་ནས་དགེ་ལུགས་པའི་གྲུབ་མཐའི་ནང་དར་ཁྱབ་ཆེན་པོ་བྱུང་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་མཆོག་ལྔ་པ་ཆེན་པོ། རྒྱལ་དབང་སྐལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་དགེ་ལུགས་པའི་སྐྱེས་ཆེན་དུ་མ་རིམ་བརྒྱུད་ཀྱིས་དགའ་ལྡན་ཁྲི་ཐོག་གོ་བརྒྱད་པ་ྋསྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་མཆོག་གི་ཞལ་སྔ་ནས་བོད་ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་ཕོ་བྲང་པོ་ཏཱ་ལའི་ཚོམས་ཆེན་དུ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ། བདག་ཅག་གངས་ཅན་པ་རྣམས་ཀྱི་ཚེ་རབས་གཏན་གྱི་སྐྱབ་གཅིག་མགོན་གཅིག ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་གྱི་གདམས་པ་ཡོངས་སུ་རྫོགས་པ་གསན་བཞེས་གནང་སྟེ། ད་ཕན་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ཉེར་དགུ་སྨིན་སྩོལ་གྱི་བཀའ་དྲིན་བསྐྱངས་པས་མཚོན། འཛམ་གླིང་སྐྱེ་འགྲོ་ཡོངས་སུ་རྫོགས་པ་ཞི་བདེའི་ངང་འཚོ་སྡོད་ཀྱི་གཞི་རྩ་སོགས་ལ་ཆེད་དམིགས་ཀྱིས་ཕྱོགས་ནས་མུ་མེད་པར་དར་སྤེལ་གནང་མུས་ཀྱི་སྐབས་འདི་ལགས་ སོ།།

༤ དཔལ་དུས་ཀྱི་འཁོར་ལོའི་དབང་ཞུས་པའི་ཕན་ཡོན།

         དཔལ་དུས་ཀྱི་འཁོར་ལོའི་དབང་ཞུས་པའི་ཕན་ཡོན་ནི། ཚེ་འདིར་རྐྱེན་ངན་བར་ཆད་ཞི་བ་དང༌། ཆོས་མཐུན་གྱི་བསམ་དོན་ཡིད་བཞིན་འགྲུབ་པ། དཔལ་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་འགྲུབ་བྱེད་ཀྱི་བག་ཆགས་ཁྱད་པར་ཅན་འཇོག་པ་སོགས་གནས་སྐབས་ཀྱི་ཕན་ཡོན་དང༌། མཐར་ཐུག་གི་ཕན་ཡོན་ནི། སྐྱེ་བ་ཕྱི་མར་ཡང་རིག་འཛིན་གྱི་གནས་ཤམ་བྷ་ལ་ཡི་ཞིང་དུ་སྐྱེ་བའམ་རིགས་ལྡན་ ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་རྨག་མེད་དུ་བཅོམ་པའི་མཐར་སླར་ཡང་སྔགས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པའི་དུས་དེར་སྐྱེས་ནས་རིགས་ལྡན་དངོས་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་དང་བཅས་པའི་གསུང་གི་བདུད་རྩི་དངོས་སུ་མྱོང་བ་ལ་བརྟེན་ནས་དུས་ཀྱི་འཁོར་ལོའི་ས་ལམ་མྱུར་དུ་འགྲུབ་པ་སོགས་དང༌། གཞན་ཡང་ཕྱི་ནང་གི་དུས་ཀྱི་འཁོར་ལོ་གཉིས་ནི་གཞན་དུས་ཀྱི་འཁོར་ལོ་སྦྱང་གཞི་ཡིན་པའི་གནད་ཀྱིས་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཆེན་པོ་ཡོད་པ་བཅས་སོ།།  


དུས་འཁོར་དབང་གི་ངོ་སྤྲོད་མདོར་བསྡུས།

        ན་མོ་གུ་རུ་ཤྲཱི་ཀ་ལ་ཙ་ཀྲ་ཡ། བླ་མ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན།། སྲིད་གསུམ་སྐྱེ་དང་འཇིག་པ་མེད།། ཤེས་དང་ཤེས་བྱ་གཅིག་པའི་སྐུ།། དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ།། ཞེས་བླ་མ་དང་ཡི་དམ་དབྱེར་མེད་པའི་དཔལ་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ་ལ་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། སྐབས་དོན་གླེང་བར་བྱ་བ་ནི། དེ་ཡང་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ལམ་འབྲས་བུ་དང་བཅས་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང༌། བསོད་ནམས་མཆོག་གི་སྐལ་བ་དང་ལྡན་པ། སྐོམ་པས་ཆུ་འདོད་ལྟར་དུས་ཀྱི་འཁོར་ལོའི་དབང་དོན་དུ་གཉེར་བའི་དོན་གཉེར་ཅན་དག་གིས་དུས་ཀྱི་འཁོར་ལོའི་དབང་ཞུ་བ་ལ། དང་པོར་སྐྱབས་འགྲོ། ངེས་འབྱུང༌། བྱང་སེམས། ཡང་དག་པའི་ལྟ་བ་སོགས་བཅོས་མ་ཚུན་ཆད་ཀྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་ནས། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཞན་དང་བཤད་སྲོལ་ཐུན་མོང་མ་ཡིན་པ་དུས་ཀྱི་འཁོར་ལོའི་དབང་གི་ངོ་བོ་དང༌། དབང་གི་གྲངས། དེ་དག་གི་སྐབས་སུ་དམིགས་པ་ཡིད་ལ་བྱ་ཚུལ། རྡོ་རྗེ་སློབ་དཔོན་གྱིས་ཇི་ལྟར་བརྡ་སྤྲད་པ་ལྟར་བརྡ་འཕྲོད་ངེས་སུ་བྱས་ཏེ། སེམས་ལ་འགྱུར་བ་ཐེབས་པ་ཞིག་ངེས་པར་དགོས། དཔེར་ན། རང་ཅག་རྣམས་ཀྱི་རྒྱུད་ལ་ཆགས་སྡང་མངོན་དུ་གྱུར་པའི་ཚེ། རྒྱུན་གྱི་སེམས་དང་མི་འདྲ་བར་སེམས་ལ་འགྱུར་བ་ཞིག་ཐེབས་བཞིན་པ་དེ་ཡི་དབང་གིས་ལུས་ངག་གི་སྤྱོད་པ་ལ་ཡང་འགྱུར་བ་ཐེབས་པ་དེ་བཞིན། དབང་གི་སྐབས་སུ་ཡང་སེམས་ལ་འགྱུར་བ་ཞིག་ཐེབས་པ་གལ་ཆེ། བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཙམ་ཐེབས་པ་དེ་ཙམ་གྱིས་དབང་ཐོབ་པ་ལ་ཕན་ཐོགས་ཆེ། དབང་གྲལ་དུ་དུས་གཅིག་ཏུ་མི་མང་འཚོགས་ནའང་དབང་བརྡ་འཕྲོད་མ་འཕྲོད་དང་ཀུན་སློང་འཁྱེར་ཚུལ། དམིགས་པ་ཡིད་ལ་བྱ་ཚུལ་བཅས་ཀྱི་དབང་གིས་དབང་ཐོབ་ཚུལ་རིམ་པ་དུ་མ་ཞིག་འབྱུང་བར་ངེས་ཏེ། དེ་ཡང་ཕྱག་ན་པདྨོ་སྐལ་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་དཀྱིལ་ཆོག་ལས། བླ་མས་རང་རང་གི་གོ་བ་དམིགས་ཕྱེད་པ་ལེགས་པར་བཤད་ནས། རང་འདོད་ལྷ་ཡབ་ཡུམ་དུ་མོས་པ་དང༌། དེ་འདྲ་བའི་ཡུམ་ལ་འཁྱུད་ཅིང་ནུ་མ་ལ་རེག་པ་དང་སྙོམས་པར་ཞུགས་པ་སོགས་སུ་མོས་པས། དབང་རྣམས་ཐད་སོ་ཐད་སོའི་དགའ་བ་སྐྱེས་པ་དང༌། བདེ་བ་དེ་སྟོང་པ་ཉིད་དང་སྦྱར་བ་སོགས་སུ་མོས་པ་སྒོམ་དུ་གཞུག་ཅིང༌། དེའི་ཐོག་ནས་དབང་དོན་ངོ་སྤྲོད་པར་བྱ་ལ། དེ་དག་གིས་བརྡ་འཕྲོད་མ་འཕྲོད་ཀྱི་ཁྱད་པར་གྱིས་དུས་གཅིག་ཏུ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་མནོས་པར་མཚུངས་པ་ལ་ཡང་དབང་གི་ཐོབ་ཚུལ་རིམ་པ་དུ་མ་ཞིག་འབྱུང་བ་ཡོད་དོ།། ཞེས་གསུངས་པ་ལྟར་རོ།།
        ཐོག་མཐའ་གཉིས་ལ་བྱ་བ་གཉིས།། ཞེས་གསུངས་པ་ལྟར། ཐོག་མར་ཀུན་སློང་བཅོས་ཚུལ་གལ་ཆེ་བས། རྡོ་རྗེ་སློབ་དཔོན་གྱིས་ཀུན་སློང་བཅོས་ཚུལ་བརྡ་ཇི་ལྟར་སྤྲད་པ་ལྟར། ཚེ་འདིར་ནད་མེད་པ་དང་ཚེ་རིང་བ། ཕྱི་མར་མངོན་མཐོ་ལྷ་མིའི་གོ་འཕང་དོན་དུ་གཉེར་བ་སོགས་ཀྱི་ཀུན་སློང་ངན་པ་རྣམས་སྤང་ནས། སེམས་ཅན་ལ་དམིགས་པའི་བྱམས་པ། སྙིང་རྗེ། དེས་དྲངས་པའི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཀྱིས་ཟིན་པ་ངེས་པར་དགོས་ལ། ཐེག་པ་ཆེན་པོའི་ཆོས་སུ་འགྲོ་མི་འགྲོ་ནི་སེམས་འདི་ཉིད་ལ་རག་ལས་པའི་ཕྱིར།
        དེ་ཡང་སྤྱིར་དབང་གི་ཆོ་ག་ལ། དབང་གི་འགག་སྡོམ་ས་བཅད་ཆེན་མོ་གསུམ།། ཞེས་གསུངས་པ་ལྟར། ས་ཡི་ཆོ་ག སྟ་གོན་གྱི་ཆོ་ག དངོས་གཞིའི་ཆོ་ག་དང་གསུམ། དང་པོ་ལའང་ས་བརྟག་པ། ས་སྦྱང་བ། ས་སློང་བ། ས་བཟུང་བ། སྲུང་བཞིན་བྱིན་གྱིས་བརླབ་པ་སོགས་ལྔ་དང༌། སྟ་གོན་གྱི་ཆོ་ག་ལ་ས་ལྷ་ལྷག་གནས་དང༌། བུམ་པ་ལྷག་གནས། དཀྱིལ་འཁོར་ལྷག་གནས། ལྷ་ལ་གསོལ་འདེབས། སློབ་མ་ལྷག་གནས་བཅས་ལྔ་དང༌། ལྔ་པ་སློབ་མ་སྟ་གོན་ལ་ཀུན་སློང་བཅོས་བཞིན་དབང་བསྐུར་བ། གསོལ་བ་བཏབ་ཅིང་འཛིན་དུ་ཞུགས་པ། སྡོམ་པ་སྲུང་ཞིང་བྱིན་གྱིས་བརླབས་པ། སཱུ་ཤིང༌། ཁྱོར་ཆུ། ཀུ་ཤ སྲུང་སྐུད་སྦྱིན་པ། སྤྲོ་བ་བསྐྱེད་པ། བགེགས་སྲུང་བ། རྨི་ལམ་བརྟག་པར་གདམས་པ་བཅས་ལས། དང་པོ་ཀུན་སློང་བཅོས་ཚུལ་གོང་དུ་བཤད་པ་ལྟར་དང༌།
        ནང་དབང་བསྐུར་ཚུལ་ནི། མཁས་གྲུབ་རིན་པོ་ཆེས་མཛད་པའི་དུས་འཁོར་དཀྱིལ་ཆོག་ལས། རང་ཉིད་དུས་ཀྱི་འཁོར་ལོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་སློབ་མ་རྣམས་རེ་རེ་ནས་དྲངས། རང་གི་ཞལ་དུ་ཞུགས། ཡུམ་གྱི་པདྨར་ཞུ་བ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་དུས་ཀྱི་འཁོར་ལོ་ཞལ་གཅིག་ཕྱག་གཉིས་པར་བསྐྱེད་པ་ལ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་རང་གི་ཞལ་ནས་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་བྱུང་བས། སློབ་མ་ཤེས་རབ་ཀྱི་པདྨར་གནས་པ་རྣམས་ལ་དབང་བསྐུར། ཡུམ་གྱི་པདྨ་ནས་ཕྱུང་སྟེ་རང་རང་གི་གནས་སུ་བཞག་པར་བསྒོམ་པར་བྱའོ།། ཞེས་གསུངས་པ་ལྟར་རོ།།
        ནང་དབང་བསྐུར་བའི་དགོས་པ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དབང་བསྐུར་བ་ལ། དེ་ཡི་རིགས་སུ་སྐྱེས་པ་ཞིག་དགོས་པ་བཞིན། ལྷ་དེ་དང་དེའི་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བ་ལའང་དེ་ཡི་རིགས་སུ་སྐྱེས་པ་ཞིག་དགོས་པ་དེའི་ཆེད་དུ་ཡིན།
        གསོལ་བ་བཏབ་པ་ནི། སྐྱེ་རྒ་འཆི་བ་ན་ཀྲ་ཡི།། ཞེས་སོགས་ཀྱི་ཚིག་དོན་དྲན་པའི་སྒོ་ནས་དབང་གི་དོན་དུ་བླ་མ་ལ་གསོལ་བ་ལན་གསུམ་འདེབས་དགོས་པ་ཡིན།
        འཛིན་དུ་ཞུགས་པ་ནི། བུ་ཁྱོད་ཚུར་ཤོག་ཐེག་ཆེན་པོ།། ཞེས་སོགས་ཀྱི་སྔགས་ཀྱི་ཕན་ཡོན་བཤད་པའི་སྒོ་ནས་སློབ་མ་རྣམས་སྔགས་ལ་མོས་པ་བརྟན་པོ་འཛིན་དུ་ཞུགས་པ་ཡིན།
        སྡོམ་པ་བཟུང་བ་ནི། དབང་བཞི་རྫོགས་པར་ཐོབ་པ་ལ་བྱང་སྡོམ་དང་སྔགས་སྡོམ་གཉིས་ཀ་བཟུང་དགོས་པ་ཡིན། དེའི་ཚུལ་ནི་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་ལན་གསུམ་གྱི་སྒོ་ནས་ཐུན་མོང་བ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་དགོས་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།།  ཞེས་སོགས་ལན་གསུམ་གྱིས་ཐུན་མོང་མ་ཡིན་པ་སྔགས་ཀྱི་སྡོམ་པ་བཟུང་དགོས།
        བྱིན་གྱིས་བརླབས་པ་ནི། རང་ལ་ཐ་མལ་གྱི་སྣང་ཞེན་བཟློག་པའི་ཆེད་དུ་སློབ་མའི་གནས་གསུམ་དུ་ཡི་གེ་བཀོད་ནས་སྒོ་གསུམ་བྱིན་གྱིས་བརླབས་པ་ཡིན། སོ་ཤིང༌འདོར་བ་ནི། ཞི་སོགས་ཀྱི་དངོས་གྲུབ་གང་འགྲུབ་བརྟག་པའི་སླད་དུ་སོ་ཤིང་འདོར་བ་ཡིན།
        ཁྱོར་ཆུ་སྦྱིན་པ་ནི། གཙོ་བོ་རྫུན་ལ་སོགས་པ་ངག་གི་ཉེས་པ་དག་པའི་ཆེད་དུ་ཡིན། ཀུ་ཤ་སྦྱིན་པ་ནི། ཀུ་ཤ་གཙང་བྱེད་ཡིན་པས་གྲིབ་དང་མི་གཙང་བ་བསལ་ནས་རྨི་ལམ་གསལ་པོ་ཡོང་བའི་ཆེད་དུ་ཡིན། སྲུང་སྐུད་སྦྱིན་པ་ནི། ཕྱི་ནང་གི་བགེགས་སྲུང་བའི་ཆེད་དུ་ཡིན།
        སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས།། ཨུ་དུམ་ཝ་རའི་མེ་ཏོག་བཞིན།། ཞེས་སོགས་ཀྱི་དོན་བཤད་པའི་སྒོ་ནས་སྤྱིར་སངས་རྒྱས་འབྱུང་བ་དཀོན་པ། དེ་ལས་ཀྱང་སྔགས་ཀྱི་བསྟན་པ་དང་མཇལ་བ་དཀོན་པ། ད་ལྟ་སྔགས་ཀྱི་བསྟན་པ་དང་མཇལ་བ་འདི་བསོད་ནམས་ཀྱི་སྐལ་བ་ཁྱད་པར་ཅན་ཡིན་པ་ སོགས་བརྗོད་པའི་སྒོ་ནས་གདུལ་བྱ་ལ་སྤྲོ་བ་བསྐྱེད་པ་ཡིན།
        རྨི་ལམ་བརྟག་པ་ནི། མཚན་གྱི་ཆ་ཐ་མར་རང་ལ་རྨི་ལམ་བཟང་ངན་གང་འབྱུང་བརྟག་དགོས་པ་ཡིན། རྨི་ལམ་ངན་པ་བྱུང་ན་རྡོ་རྗེ་སློབ་དཔོན་གྱི་སྲུང་འཁོར་བསྒོམ་པ་དང་སྔགས་བཟླས་ པ་སོགས་ཀྱི་སྒོ་ནས་བཟློག་པར་བྱ་དགོས་པ་ཡིན།
        དངོས་གཞིའི་ཆོ་ག་ལ་དཀྱིལ་འཁོར་དུ་ཞུགས་པ་དང༌། ཞུགས་པ་ལ་དབང་བསྐུར་བ་གཉིས། དང་པོ་ལ་གདོང་གཡོག་དང་བཅས་ཏེ་ཞུགས་པ་དང༌། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་ཞུགས་པ་སོགས་ཡོད།
        དཀྱིལ་འཁོར་དུ་ཞུགས་པའི་སྐོར་ལ། གལ་ཆེ་བ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པར་གྱུར། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པར། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པ་ཅན་དུ་བསྒོམ་པའི་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་འདི་ནི་དབང་ཆོག་གང་གི་སྐབས་སུའང་གལ་ཆེ་བས། ཐབས་མཁས་ཀྱི་འཕྲུལ་ཆེན་པོ་ཡིན་པར་གསུངས་ཏེ། སྔགས་རིམ་ཆེན་མོ་ལས།  འདི་ལེགས་པར་བརྡ་འཕྲོད་ན། སྔགས་ཀྱི་ཐབས་མཁས་ཀྱི་ཐེག་པ་ཆེན་པོར་རིགས་ངེས་པར་བྱེད་པ་ཁྱད་པར་ཅན་ཞིག་སྣང་བས། ལྟ་བའི་སྟེང་ནས་དོན་དམ་པའི་སེམས་བསྐྱེད་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ་གཉིས་དམིགས་ཕྱེད་པར་བྱས་ནས། ཟླ་བ་རྡོ་རྗེའི་རྣམ་པར་བསྐྱེད་པར་བྱ་སྟེ། འདི་དང་འདི་འདྲ་བ་གཞན་རྣམས་ཀྱང་ཚིག་སྤྱི་ལ་མ་ལུས་པར་བརྡ་འཕྲོད་པར་བྱས་ན་རྟེན་འབྲེལ་ཁྱད་པར་ཅན་དུ་མ་ཞིག་འགྲིག་པས་དབང་བསྐུར་བ་ལ་བསྔགས་པ་ཤིན་ཏུ་ཆེ་བ་ཡིན་ནོ།། ཞེས་གསུངས་པ་མ་ཟད། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་འདི་ལ་ནན་ཏན་ཆེན་པོ་མཛད་ཀྱིན་ཡོད་པས། གོ་བརྡ་ལེགས་པར་འཕྲོད་པ་གལ་ཆེའོ།།
        སྐབས་འདིར་དུས་འཁོར་གྱི་དབང་གི་གྲངས་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན་དང༌། གོང་མ་ཀུན་རྫོབ་འཇིག་རྟེན་པའི་དབང་ལ་བུམ་དབང༌། གསང་དབང། ཤེར་དབང༌། དབང་བཞི་པ་དང་བཞི། གོང་ཆེན་དོན་དམ་འཇིག་རྟེན་ལས་འདས་པའི་དབང་ལའང༌། བུམ་དབང༌། གསང་དབང༌། ཤེར་དབང༌། ཚིག་དབང་བཅས་བཞི་དང༌། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཅས་བཅུ་དྲུག་ཡོད།
        སྤྱིར་དབང་གི་ངོ་བོ་ནི། དཀྱིལ་ཆོག་གི་སྐབས་སུ། རྫས་སྔགས། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་བསྐྱེད་པའི་བདེ་སྟོང་གི་ཡེ་ཤེས་དང༌། སྐུ་བཞི་གང་རུང་སྒྲུབ་པའི་ནུས་པ་ཁྱད་པར་ཅན་ཞིག་ལ་འཇོག
        དབང་བཞི་སོ་སོའི་ངོ་བོ་ནི། རྫས་སྔགས་ཏིང་འཛིན་གསུམ་ལ་བརྟེན་ནས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དང༌། འབྲས་བུ་སྤྲུལ་སྐུ་སྒྲུབ་པའི་ནུས་པ་ཁྱད་པར་ཅན་གཉིས་ལ་བུམ་དབང་གི་ངོ་བོར་འཇོག
        གསང་དབང་གི་ངོ་བོ་ནི། གོང་ལྟར་རྫས་སོགས་གསུམ་ལ་བརྟེན་ནས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དང༌། འབྲས་བུ་ལོངས་སྐུ་སྒྲུབ་བྱེད་ཀྱི་ནུས་པ་ཁྱད་པར་ཅན་གཉིས་ལ་གསང་དབང་གི་ངོ་བོར་འཇོག
        ཡང་གོང་ལྟར་རྫས་སོགས་གསུམ་ལ་བརྟེན་ནས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དང༌། འབྲས་བུ་ཆོས་སྐུ་སྒྲུབ་བྱེད་ཀྱིནུས་པ་ཁྱད་པར་ཅན་ཞིག་ལ་ཤེར་དབང་གི་ངོ་བོར་འཇོག
        དབངབཞི་པ་ནི། དབང་གསུམ་པ་དཔེར་བྱས་ནས་སྐུ་དག་པ་སྟོང་གཟུགས་ཡབ་ཡུམ་གྱི་སྐུ་དང༌། ཐུགས་དག་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཉིས་ཟུང་དུ་འཇུག་པའི་ཟུང་འཇུག་གི་གོ་འཕང་དེ་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ།། ཞེས་ཚིག་གི་སྒོ་ནས་སློབ་མ་ལ་བརྡ་སྤྲད་པས་སློབ་མས་ཟུང་འཇུག་ལ་གོ་བ་ཆགས་པ་དེ་དབང་བཞི་པ་ཚིག་དབང་གི་ངོ་བོ་ཡིན།
        དེ་ལྟར་གོང་དུ་བཤད་པའི་དབང་བཞི་འཐོབ་པའི་ཆ་རྐྱེན་གྱི་གཙོ་བོ་ནི། བཤེས་གཉེན་བསྟེན་ཚུལ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་སོགས་ལམ་ཐུན་མོང་བ་ལས་ཀྱང་ཤུགས་དྲག་ལ་རྒྱུན་རིང་བ་ཞིག་དགོས། སློབ་མ་ལྷར་བསྐྱེད་པ་ལ་དབང་བསྐུར་བ་ཡིན་པས། ལྷ་ཡི་ང་རྒྱལ་དང་གསལ་སྣང་བརྟན་པོ་དགོས། དེའི་ཆེད་དུ་སློབ་མ་ལ་གཙུག་ཏོར་དང་ཅོད་པཎ། སྟོད་གཡོག་སོགས་ལྷ་ཡི་ཆས་གོས་སྦྱིན་པ་ནི་དེའི་ཆེད་དུ་ཡིན།
       སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤེས་པའི་སྒོ་ནས་སྔགས་ལ་དད་པ་དང་དོན་གཉེར་ཤིན་ཏུ་བརྟན་པོ་ཞིག་དགོས། དབང་གི་རྨང་གཞི་བདེ་སྟོང་གི་ཡེ་ཤེས་ཡིན་པས། སྟོང་ཉིད་ལ་གོ་བ་གནད་དུ་འཁེལ་བ་ཞིག་དགོས་པ་བཅས་ནི་ཆ་རྐྱེན་གྱི་གཙོ་བོ་ཡིན། ཆ་རྐྱེན་གྱི་གཙོ་བོ་དེ་དག་རང་ལ་ཚང་དང་མ་ཚང་ལེགས་པར་བརྟག་ནས་ཚང་ན་དགའ་བ་སྒོམ། མ་ཚང་ན་ཚང་བའི་ཆེད་དུ་ཚོགས་གཉིས་གསོག་པ་དང་སྒྲིབ་པ་སྦྱོང་བ་ལ་འབད་དགོས། འོ་ན། ཆ་རྐྱེན་དེ་དག་མ་ཚང་ན་དུས་ཀྱི་འཁོར་ལོའི་དབང་ཞུས་པ་དོན་མེད་པ་ཡིན་ནམ་ཞེ་ན་གཏན་ནས་མ་ཡིན་ཏེ། ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན། ཞེས་གསུངས་པ་ལྟར། ཞིང་ཁྱད་པར་ཅན་གནས་ཕུན་སུམ་ཚོགས་པ་ཆོས་རྒྱལ་ཟླ་བཟང་པོ་ལ་སོགས་པ་སར་གནས་ཀྱི་སེམས་དཔའ་མཐའ་ཡས་པ་ཞིག་ལ་སྟོན་པ་རྡོ་རྗེ་འཆང་རང་ཉིད་དཔལ་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བདག་པོར་བཞེངས་ནས། དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པའི་གནས་ཁྱད་པར་ཅན་དཔལ་ལྡན་འབྲས་སྤུངས་དང༌། སྟོན་པ་ཁྱད་པར་ཅན་སེམས་འགྲེལ་སྐོར་གསུམ་གྱི་ནང་ནས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་མཛད་པ་པོ་འཇིག་རྟེན་དབང་ཕྱུག་གི་རྣམ་རོལ་རིགས་ལྡན་པདྨ་དཀར་པོ་དེ་ཉིད་མཐོན་མཐིང་རལ་བའི་ལན་བུ་དོར་ཏེ། དུས་མཐའ་འདིར་གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་པར་རོལ་བ། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ། སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང༌། ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཀུན་གྱི་ཡང་རྩེ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ ཕ་རྒྱུད་མ་རྒྱུད་གཉིས་ཀྱི་ཡ་གྱལ། མ་རྒྱུད་དཔལ་དུས ཀྱི་འཁོར་ལོའི་ཟབ་མོ་དབང་གི་རིམ་པ་ཁྱད་པར་ཅན་དང༌། དབང་གང་དུ་ཐོབ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཅས་དང༌། འཁོར་ཕུན་སུམ་ཚོགས་པ་ལུང་རྟོགས་ཀྱི་ཡོན་ཏན་ལ་དབང་འབྱོར་བའི་སྐལ་ལྡན་སེར་སྐྱ་ཕོ་མོ་མཐའ་ཡས་པ་བཅས། དེ་ལྟ་བུའི་ཞིང་ཁྱད་པར་ཅན་ལ་བརྟེན་ནས་བསོད་ནམས་རླབས་པོ་ཆེ་ཞིག་ཐོབ་པར་ཐེ་ཚོམ་མེད་དོ་ཞེས་བརྗོད་ཆོག་པ་ཡིན་ཏེ། མདོ་ལས། བསམ་མི་ཁྱབ་ལ་དད་བྱེད་པའི།། རྣམ་པར་སྨིན་པའང་བསམ་མི་ཁྱབ།། ཅེས་གསུངས་པ་ལྟར་རོ།།
        དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་ལྟར་འཇུག་པའི་དབང་བདུན་གྱི་ངོ་སྤྲོད་ཅུང་ཟད་ཞུས་ན། དང་པོ་བྱིས་པ་སྐྱེས་མ་ཐག་ཆུས་བཀྲུ་བ་དང་མཐུན་པ་དཔལ་དུས་ཀྱི་འཁོར་ལོའི་བྱང་ཕྱོགས་སྐུ་ཡི་ཞལ་དཀར་པོའི་ཐད་དུ་སློབ་མ་སྐུ་རྡོ་རྗེར་བསྐྱེད་ནས་གཤེགས་མ་ལྔས་བུམ་དབང་བསྐུར། བུམ་ཆུ་མྱངས་པ་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ། བདེ་བས་སྟོང་པ་ངེས་པས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་བྱུང་ སྙམ་པ་དང༌། ཁམས་ལྔ་ཡི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་ཐོབ་བྱུང་སྙམ་པའི་མོས་པ་བརྟན་པོ་བྱ་དགོས། དེ་ལྟར་བུམ་ཆུ་མྱངས་པ་ལ་བརྟེན་ནས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དང་ཁམས་ལྔཡི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་གཉིས་ལ་དབང་བདུན་གྱི་དང་པོ་ཆུ་དབང་གི་ངོ་བོར་འཇོག དབང་གི་དགོས་པ་ནི་དེ་ནི་བྱིས་པ་སྐྱེས་མ་ཐག་པ་མ་ཡིས་ཆུས་འཁྲུད་པ་དང་ཆོས་མཐུན་ཞིང༌། ཁམས་ལྔ་ཡི་དྲི་མ་འཁྲུད། ཡུམ་ལྔ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་སྒྲུབ་པ་ལ་དབང༌། ཡུམ་ལྔ་ཡི་ས་བོན་རྒྱུད་ལ་འཇོག འབྲས་བུ་ས་དང་པོ་འཐོབ་པའི་ནུས་པ་ཅན་དུ་བྱས་པ་ཡིན་ནོ།། སྦྱང་གཞི་ཁམས་ལྔ་ནི། ས་ཆུ་མེ་རླུང་བཞི་དང༌། ནམ་མཁའི་ཁམས་བཅས་ལྔ་ཡིན་ལ། དབང་བསྐུར་བ་པོས་གཤེགས་མ་ལྔ་ནི། ལུས་ཀྱི་ནམ་མཁའི་ཁམས་རྣམ་པར་དག་པའི་དག་ཆ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་ཁུ། ལུས་ཀྱི་རླུང་ཁམས་རྣམ་པར་དག་པའི་དག་ཆ་སྒྲོལ་མ་ནག་མོ། ལུས་ཀྱི་མེ་ཁམས་རྣམ་པར་དག་པའི་དག་ཆ་གོས་དཀར་མོ་དམར་མོ། ལུས་ཀྱི་ཆུ་ཡི་ཁམས་རྣམ་པར་དག་པའི་དག་ཆ་མཱ་མ་ཀིའ་དཀར་མོ། ལུས་ཀྱི་ས་ཡི་ཁམས་རྣམ་པར་དག་པའི་དག་ཆ་སྤྱན་མ་སེར་མོ་བཅས་ཡིན་ནོ།།
        གཉིས་པ་ནི། བྱིས་པ་གཙུག་ཕུད་འཇོག་པ་དང་མཐུན་པ་བྱང་ཕྱོགས་སྐུ་ཡི་ཞལ་དཀར་པོའི་ཐད་དུ་ སློབ་མ་སྐུ་རྡོ་རྗེར་བསྐྱེད་ནས། གཤེགས་པ་ལྔས་ཅོད་པཎ་གྱི་དབང་བསྐུར། ཅོད་པཎ་མགོ་ལ་བསྐོན་པ་ལ་བརྟེན་ནས་བདེ་བ་ཁྱད་པར་ཅན་སྐྱེ།བདེ་བས་སྟོང་པར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་བྱུང་སྙམ་པ་དང༌། ཕུང་པོ་ལྔ་ཡི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་ཐོབ་བྱུང་སྙམ་པའི་མོས་པ་བརྟན་པོ་དགོས། དེ་ལྟར་ཅོད་པན་བསྙོན་པ་ལ་བརྟེན་ནས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དང༌། ཕུང་པོ་ལྔ་ཡི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་གཉིས་ལ་དབང་གཉིས་པ་ཅོད་པན་གྱི་དབང་གི་ངོ་བོར་འཇོག དབང་གི་དགོས་པ་ནི། བྱིས་པ་གཙུག་ཕུད་བཞག་པ་དང་ཆོས་མཐུན། ཕུང་པོ་ལྔ་ཡི་དྲི་མ་འཁྲུད། སངས་རྒྱས་ལྔ་ཡི་སྒོ་ནས་དངོས་གྲུབ་སྒྲུབ་པ་ལ་དབང༌། སངས་རྒྱས་ལྔ་ཡི་ས་བོན་རྒྱུད་ལ་བཞག འབྲས་བུ་ས་གཉིས་པ་ཐོབ་པའི་ནུས་པ་ཅན་དུ་བྱས་པ་ཡིན་ནོ།། སྦྱང་གཞི་ཕུང་པོ་ལྔ་ནི། གཟུགས། ཚོར་བ། འདུ་བྱེད། འདུ་ཤེས། རྣམ་ཤེས་ཀྱི་ཕུང་པོ་བཅས་ལྔའོ།། དབང་བསྐུར་བ་པོས་གཤེགས་པ་ལྔ་ནི། རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་དག་ཆ་མི་བསྐྱོད་པ་ལྗང་ཁུ། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའི་དག་ཆ་དོན་གྲུབ་ནག་པོ། ཚོར་བའི་ཕུང་པོ་རྣམ་པར་དག་པའི་དག་ཆ་རིན་འབྱུང་དམར་པོ། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་དག་ཆ་འོད་དཔག་མེད་དཀར་པོ། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་དག་ཆ་རྣམ་སྣང་སེར་པོ་བཅས་ཡིན།
        དབང་གསུམ་པ་ནི། བྱིས་པ་རྣ་བ་འབུག་པ་དང་ཆོས་མཐུན་པ། དཔལ་དུས་ཀྱི་འཁོར་ལོའི་ལྷོ་ཕྱོགས་སུ་གསུང་གི་ཞལ་དམར་པོའི་ཐད་དུ་སློབ་མ་གསུང་རྡོ་རྗེར་བསྐྱེད་ནས་ལྷ་མོ་ནུས་མ་བཅུས་དར་དཔྱངས་ཀྱི་དབང་བསྐུར། དར་དཔྱངས་མགོ་ལ་རེག་པ་ལ་བརྟེན་ནས་བདེ་བ་ཁྱད་པར་ཅན་སྐྱེ་ བདེ་བའི་སྟོང་པར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་བྱུང་སྙམ་པདང༌། རླུང་བཅུའི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་ཐོབ་བྱུང་སྙམ་པའི་མོས་པ་བརྟན་པོ་དགོས། དར་དཔྱངས་མགོ་ལ་རེག་པ་ལ་བརྟེན་ནས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དང༌། རླུང་བཅུའི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་གཉིས་ལ་དབང་གསུམ་པ་དར་དཔྱངས་ཀྱི་དབང་གི་ངོ་བོར་འཇོག དབང་གི་དགོས་པ་ནི། བྱིས་པའི་རྣ་བ་འབུག་ཅིང་རྒྱན་འདོགས་པ་དང་ཆོས་མཐུན། རླུང་བཅུའི་དྲི་མ་འཁྲུད་ཅིང་ལས་རུང་དུ་བྱས། ནུས་མ་བཅུ་ཡི་སྒོ་ནས་དངོས་གྲུབ་སྒྲུབ་པ་ལ་དབང༌། ཕ་རོལ་ཏུ་ཕྱིན་པ་བཅུའི་ནུས་པ་འཇོག་ཅིང༌། འབྲས་བུ་ས་གསུམ་པ་འཐོབ་པའི་ནུས་པ་ཅན་དུ་བྱས་པ་ཡིན་ནོ།། སྦྱང་གཞི་རླུང་བཅུ་ཡི་ངོས་འཛིན་ནི། མཉམ་གནས། ཐུར་སེལ། གྱེན་རྒྱུ། སྲོག་འཛིན། ཁྱབ་བྱེད་དང་བཅས་རྩ་བའི་རླུང་ལྔ། ཀླུ་དང་རུས་སྦལ། རྩངས་པ། ལྷས་སྦྱིན། ནོར་ལས་རྒྱལ་བཅས་ཡན་ལག་གི་རླུང་ལྔའོ།།
        རླུང་མཉམ་གནས་དང་རླུང་རུས་སྦལ་རྣམ་པར་དག་པའི་དག་ཆ་འབར་མ་ནག་མོ་དང་དུབ་མ་ནག་མོ་ གཉིས། རླུང་གྱེན་རྒྱུ་དང་རྩངས་པ་རྣམ་པར་དག་པའི་དག་ཆ་དམར་མོ་འབར་མ་དང་སྨིག་རྒྱུ་མ་དམར་མོ་གཉིས། རླུང་ཁྱབ་བྱེད་དང་ལྷས་སྦྱིན་རྣམ་པར་དག་པའི་དག་ཆ་དཀར་མོ་འབར་མ་དང་མཁའ་སྣང་མ་ གཉིས། རླུང་ཀླུ་དང་ནོར་ལས་རྒྱལ་གཉིས་རྣམ་པར་དག་པའི་དག་ཆ་སེར་མོ་འབར་མ་དང་མར་མེ་མ་ གཉིས། རླུང་སྲོག་འཛིན་རྣམ་པར་དག་པའི་དག་ཆ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྗང་ཁུ། རླུང་ཐུར་སེལ་རྣམ་པར་དག་པའི་དག་ཆ་སྣ་ཚོགས་ཡུམ་སྔོན་མོ་བཅས་ཡིན།
        དབང་བཞི་པ་ནི། བྱིས་པ་དགོད་ཅིང་སྨྲ་བ་དང་མཐུན་པར་ལྷོ་ཕྱོགས་སུ་གསུང་ཞལ་དམར་པོའི་ཐད་དུ་སློབ་མ་གསུང་རྡོ་རྗེར་བསྐྱེད་ནས་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་གཉིས་ཀྱི་རྡོར་དྲིལ་གྱི་དབང་བསྐུར་བས་བདེ་བ་ཆེན་པོ་སྐྱེ། བདེ་བས་སྟོང་པར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་བྱུང་སྙམ་པ་ དང༌། རྩ་རོ་རྐྱང་གཉིས་ཀྱི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་ཐོབ་བྱུང་སྙམ་པའི་མོས་པ་བརྟན་པོ་བྱ་དགོས།
        དབང་གི་དགོས་པ་ནི། དེ་ནི་བྱིས་པ་དགོད་པ་དང་སྨྲ་བར་བྱེད་པ་དང་ཆོས་མཐུན། རྩ་རོ་རྐྱང་གཉིས་ཀྱི་དྲི་མ་འཁྲུད་ཅིང༌། རོ་རྐྱང་གཉིས་དབུ་མར་བསྡོམ་པའི་ནུས་པ་བཞག ཐུགས་མི་འགྱུར་བའི་བདེ་བ་ཆེན་པོ་དང་གསུང་རྣམ་པ་ཐམས་ཅད་པའི་ས་བོན་འཇོག་ཅིང༌། གཙོ་བོ་ཡབ་ཡུམ་གྱི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་ཉི་ཟླ་གཅིག་ཏུ་དག་ཅིང་ས་བཞི་པ་ཐོབ་པའི་ནུས་པ་ཁྱད་པར་ཅན་དུ་བྱེད་པ་ཡིན་ནོ།།
        སྦྱང་གཞི་རྩ་རོ་རྐྱང་གཉིས་དང་ དབང་བསྐུར་བ་པོ་ནི་གཙོ་བོ་ཡབ་ཡུམ་གཉིས་ཡིན་ནོ།།
        ལྔ་པ་ནི། བྱིས་པས་འདོད་ཡོན་ལ་ལོངས་སྤྱོད་པ་དང་མཐུན་པ། དཔལ་དུས་ཀྱི་འཁོར་ལཱུའི་རྩ་ཞལ་སྔོན་པོ་ཐུགས་ཀྱི་ཞལ་གྱི་ཐད་ཀར་སློབ་མ་ཐུགས་ རྡོ་རྗེར་བསྐྱེད་ནས་སེམས་དཔའ་དང་སེམས་མས་མཐེ་བོའི་ རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་བསྐུར་བས་བདེ་བ་ཁྱད་པར་ཅན་སྐྱེས། བདེ་བའི་སྟོང་པར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་བྱུང་སྙམ་པ་དང༌། སློབ་མའི་དབང་པོ་ལྔ་དང་ཡུལ་གཟུགས་སོགས་ལྔ་ཡི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་ཐོབ་བྱུང་སྙམ་པའི་མོས་པ་བརྟན་པོ་བྱ་དགོས།
        དབང་གི་དགོས་པ་ནི། བྱིས་པ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་དང་ཆོས་མཐུན། དབང་པོ་དང་ཡུལ་གྱི་དྲི་མ་འཁྲུད། སེམས་དཔའ་སེམས་མའི་དངོས་གྲུབ་སྒྲུབ་ཅིང༌། རང་བཞིན་ཤེས་པའི་སྒོ་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ལ་དབང༌།རྡོ་རྗེ་སྐྱེ་མཆེད་འགྲུབ་པ་དང༌། འབྲས་བུ་ས་ལྔ་པ་ཐོབ་པའི་ནུས་པ་ཁྱད་པར་ཅན་དུ་བྱེད་པ་ཡིན་ནོ།།
        སྦྱང་གཞི་ནི། མིག་སོགས་དབང་པོ་ལྔ་དང་གཟུགས་སོགས་ཡུལ་ལྔ་བཅས་ཡིན།
        དབང་བསྐུར་བ་པོ་ནི། དབང་ལྔ་ཡུལ་ལྔ་དང་བཅས་པ་རྣམ་པར་དག་པའི་དག་ཆ་སེམས་དཔའ་དང་སེམས་མ་རྣམས་ཡིན་ནོ།།
        དབང་དྲུག་པ་ནི། བྱིས་པར་མིང་འདོགས་པ་དང་མཐུན་པར། ཤར་ཕྱོགས་སུ་རྩ་ཞལ་སྔོན་པོ་ཐུགས་ཀྱི་ཞལ་གྱི་ཐད་ཀར་སློབ་མ་ཐུགས་རྡོ་རྗེར་བསྐྱེད་ནས་ཁྲོ་བོ་དང་ཁྲོ་མོས་གདུ་བུའི་དབང་བསྐུར་བས་བདེ་བ་ཆེན་པོ་སྐྱེ། བདེ་བས་སྟོང་པར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བྱུང་སྙམ་པ་དང༌། སློབ་མའི་ལས་དབང་ལྔ་ཡི་བྱ་བ་དང་བཅས་པའི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་ཐོབ་བྱུང་སྙམ་པའི་མོས་པ་བྱ་དགོས།
        དབང་གི་དགོས་པ་ནི། དེ་ནི་བྱིས་པ་ལ་མིང་འདོགས་པ་དང་ཆོས་མཐུན། ལས་དབང་བྱ་བ་དང་བཅས་པའི་དྲི་མ་འཁྲུད། ཁྲོ་བོ་ཁྲོ་མོའི་དངོས་གྲུབ་སྒྲུབ་པ་ལ་དབང༌། ཚད་མེད་བཞིས་བདུད་བཞི་འཇོམས་པ་དང༌། འབྲས་བུ་ས་དྲུག་པ་ཐོབ་པའི་སྐལ་བ་ཅན་དུ་བྱེད་པ་ཡིན་ནོ།།
        སྦྱང་གཞི་ལས་དབང་ནི། དྲི་ཆུའི་དབང་པོ་དང༌། ཁ་ཡི་དབང་པོ་དང༌། ལག་པའི་དབང་པོ་དང༌།
རྐང་ པའི་དབང་པོ་དང༌། བཤང་བའི་དབང་པོ་དང༌། མཆོག་གི་དབང་པོ་བཅས་ལས་དབང་དྲུག་དང༌། དེ་དག་གི་བྱ་བ་དྲུག་ནི། དྲི་ཆུ་འཛག་པ་དང༌། བྱ་བ་བརྗོད་པ་དང༌། ལེན་པ་དང༌། འགྲོ་བ་དང༌། བཤང་བ་འདོར་བ་དང༌། ཁུ་བ་འཕོ་བ་བཅས་ཡིན་ནོ།།
        དབང་བསྐུར་བ་པོ་ནི། ལས་དབང་དང་དེ་དག་གི་བྱ་བ་དང་བཅས་པ་རྣམ་པར་དག་པའི་དག་ཆ་ཁྲོ་བོ་དང་ཁྲོ་མོ་རྣམས་ཡིན་ནོ།།
        དབང་བདུན་པ་ནི། བྱིས་པར་ཕ་མ་སོགས་ཀྱིས་ཡི་གེ་འབྲི་ཀློག་སློབ་པ་དང་མཐུན་པ། དཔལ་དུས་ཀྱི་འཁོར་ལོའི་ནུབ་ཕྱོགས་རྒྱབ་ཞལ་སེར་པོའི་ཐད་ཀར་སློབ་མ་ཡེ་ཤེས་ རྡོ་རྗེར་བསྐྱེད་ནས་རྗེས་གནང་དང་དེ་ཡི་འདོགས་སྔགས་གཏད་སོགས་བཞི་ཡི་དབང་བསྐུར་བས་བདེ་བ་ཁྱད་པར་ཅན་སྐྱེ། བདེ་བས་སྟོང་པར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བྱུང་སྙམ་པ་དང༌། ལུས་ངག་ཡིད་གསུམ་ཡིད་ཤེས་དང་བཅས་པའི་དྲི་མ་སྦྱོང་བའི་ནུས་པ་ཁྱད་པར་ཅན་ཐོབ་བྱུང་སྙམ་པའི་མོས་པ་དགོས།
        དབང་གི་དགོས་པ་ནི། དེ་ནི་བྱིས་པ་ལ་ཕ་ཡིས་ཀློག་ལ་སོགས་པ་སྟེར་བར་བྱེད་པ་དང་ཆོས་མཐུན། བྱིས་པ་སྐྱེས་མ་ཐག་ཡེ་ཤེས་ཀྱི་རླུང་རྒྱུ་བར་བྱེད་པ་བཞིན་རྗེས་གནང་འདོགས་བཅས་ཀྱི་དབང་གིས་ཡེ་ཤེས་ཀྱི་དྲི་མ་འཁྲུད། རྡོ་རྗེ་སེམས་དཔའི་ས་བོན་འཇོག་པའི་ཕྱིར་ཡེ་ཤེས་ཀྱི་ཁམས་སྦྱོང་བར་བྱེད་ཅིང༌། འབྲས་བུ་ས་བདུན་པ་ཐོབ་པའི་ནུས་པ་ཁྱད་པར་ཅན་དུ་བྱེད་པ་ཡིན་ནོ།།
        སྦྱང་གཞི་ལུས་ངག་ཡིད་གསུམ་ཡིད་ཤེས་དང་བཅས་པ་ཡིན།
        དངོས་སུ་དབང་བསྐུར་པ་པོ་ནི། རྡོ་རྗེ་སློབ་དཔོན་ཡིན་ནོ།།
        དེ་ལྟར་བྱིས་པ་ལྟར་འཇུག་པའི་དབང་བདུན་ཐུན་མོང་གི་དགོས་པ་ནི། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར། རས་བྲིས་ཀྱི་དཀྱིལ་འཁོར། ལུས་ཀྱི་དཀྱིལ་འཁོར། བསམ་གཏན་གྱི་དཀྱིལ་འཁོར་བཅས་དཀྱིལ་འཁོར་བཞི་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བདུན་པོ་ཐམས་ཅད་ལ་ཆུ་ཡི་བྱ་བ་རྗེས་སུ་འགྲོ་བའི་ཕྱིར། ཆུའི་དབང་ཞེས་པ་དེ་ཉིད་ཐོབ། སྡིག་པའི་དྲི་མ་འཁྲུད། ལམ་བསྐྱེད་པའི་རིམ་པ་སྒོམ་པ་དང་འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་དབང༌། བསོད་ནམས་ཀྱི་ཚོགས་ཀྱི་ནུས་པ་འཇོག བསྐྱེད་རིམ་དང་འབྲེལ་བའི་སྤྱོད་པ་དང་གྲོལ་བ་སྟེར་བ་བཅས་གསང་སྔགས་ཀྱི་དགེ་ བསྙེན་དུ་གྱུར་ཏེ། མཐོང་བའི་ཆོས་ལ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ་བྱས་ན་ཚེ་འདིར་ས་བདུན་གྱི་དབང་ཕྱུག་ཏུ་འགྱུར་ཞིང༌། མཐོང་བའི་ཆོས་ལ་དེ་ལྟར་མི་བྱེད་ཅིང་མི་དགེ་བ་བཅུ་དང་བྲལ་བར་གནས་ན་སྐྱེ་བ་བདུན་གྱིས་ས་བདུན་གྱི་དབང་ཕྱུག་ཐོབ།
        གོང་མ་ཀུན་རྫོབ་འཇིག་རྟེན་པའི་དབང་ལ་བཞི་ལས།
        དང་པོ་བུམ་དབང་ནི། རང་ཉིད་ཀྱིས་སྒོམ་པའི་ཕྱག་རྒྱ་མ་དཀར་མོ་ལ་འཁྱུད་པ་དང༌། དེའི་ནུ་མ་ལ་རེག་པ་སྒོམ་པ་སོགས་ལས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ། བདེ་བའི་སྟོང་བར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བྱུང་སྙམ་པ་ དང༌། རྒོད་པའི་འདོད་ཆགས་ལམ་དུ་བྱེད་ནུས་པའི་ནུས་པ་ཁྱར་པར་ཅན་སྐྱེ་བྱུང་སྙམ་པའི་མོས་པ་བརྟན་པོ་དགོས།
        དབང་གཉིས་པ་གསང་དབང་ནི། བླ་མ་ཡབ་ཡུམ་སྙོམས་པར་བཞུགས་པའི་བྱང་སེམས་དཀར་དམར་སློབ་མས་མྱངས་པ་ལ་བརྟེན་ ནས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས། བདེ་བའི་སྟོང་བར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་བྱུང་སྙམ་པ་དང༌། བལྟ་བའི་བདེ་བ་ལམ་དུ་བྱེད་ནུས་པའི་ནུས་པ་ཁྱར་པར་ཅན་སྐྱེ་བྱུང་སྙམ་པའི་མོས་པ་བརྟན་པོ་དགོས།
        དབང་གསུམ་པ་ཤེར་དབང་ནི། རང་ཉིད་ཀྱིས་བསྒོམ་པའི་ལྷ་མོ་དང་སྙོམས་པར་ཞུགས་པ་ལས་བདེ་བ་ཁྱད་པར་ཅན་སྐྱེ། བདེ་བའི་སྟོང་བར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེས་བྱུང་སྙམ་པ་དང༌། ལག་བཅང་གི་བདེ་བ་ལམ་དུ་བྱེད་ནུས་པའི་ནུས་པ་ཁྱར་པར་ཅན་སྐྱེ་བྱུང་སྙམ་པའི་མོས་པ་བརྟན་པོ་དགོས།
        དབང་བཞི་པ་ནི། དབང་གསུམ་པའི་སྐབས་ཀྱི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་དགའ་བ་བཞི་ཡི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་ཡིན་ནོ་ཞེས་སློབ་མ་ལ་བརྡ་སྤྲད་པས་སློབ་མས་བརྡ་འཕྲོད་པ་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ། བདེ་བའི་སྟོང་བར་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བྱུང་སྙམ་པ་དང༌། དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱེད་ནུས་པའི་ནུས་པ་ཁྱད་པར་ཅན་ཐོབ་བྱུང་ སྙམ་པའི་མོས་པ་དགོས།
        གོང་ཆེན་དོན་དམ་འཇིག་རྟེན་ལས་འདས་པའི་དབང་ལ་བཞི་ལས།
        དང་པོ་བུམ་དབང་ནི། རང་ཉིད་ཀྱིས་བསྒོམ་པའི་ཕྱག་རྒྱ་མ་བཅུའི་ནུ་མ་ལ་རེག་པ་ལས་རེག་པས་ཁམས་དཀར་པོ་གཙུག་ཏོར་ནས་དཔྲལ་བར་བབས་པས་དགའ་བ་ཁྱད་པར་ཅན་སྐྱེ། དགའ་བའི་སྟོང་པར་ངེས་པས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བྱུང་སྙམ་པའི་ མོས་པ་དགོས།
        གཉིས་པ་གསང་དབང་ནི། ཕྱག་རྒྱ་མ་དགུ་དང་བླ་མ་སྙོམས་པར་བཞུགས་པའི་བྱང་སེམས་དཀར་དམར་མྱང་བའི་ཁམས་དཀར་པོ་དཔྲལ་བ་ནས་སྙིང་ཀའི་བར་བབས་པས་མཆོག་དགའ་ཁྱད་པར་ཅན་སྐྱེ། མཆོག་དགའི་སྟོང་བར་ངེས་པས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བྱུང་སྙམ་པའིམོས་པ་དགོས།
        གསུམ་པ་ཤེར་དབང་ནི། ཕྱག་རྒྱ་མ་དགུ་དང་སློབ་མ་སྙོམས་པར་བཞུགས་པའི་ཁམས་དཀར་པོ་སྙིང་ཀ་ནས་གསང་གནས་ཀྱི་བར་བབས་པས་ཁྱད་པར་གྱི་དགའ་བ་སྐྱེ༌། ཁྱད་དགའི་སྟོང་པར་ངེས་པས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བྱུང་སྙམ་པའི་མོས་པ་དགོས།
        དབང་བཞི་པ་ཚིག་དབང་ནི། མི་འགྱུར་བའི་བདེ་བ་ཆེན་པོའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་བ་ཉིད་རྟོགས་པའི་ཐུགས་དང་སྟོང་གཟུགས་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་དུ་ཤར་བ་ངོ་བོ་གཅིག་པའི་གོ་བ་དཔྱིས་ཕྱིན་པ་སློབ་དཔོན་གྱི་བརྡ་སྤྲད་དེ། སློབ་མས་བརྡ་འཕྲོད་པ་ནི་ངེས་དོན་འཇིག་རྟེན་ལས་འདས་པའི་དབང་བཞི་པ་ཡིན་ནོ།།
        རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་ལ་ལྔ། སྔོན་འགྲོ་དམ་བཅའ་བ། གསོལ་བ་བཏབ་ཅིང་དབང་སྟེགས་ལ་བཞག་པ། ཁྱིམ་པ་དགེ་ཚུལ་དགེ་སློང་རྣམས་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན་པོ་སོ་སོར་བསྐུར་ཞིང་རྗེས་གནང་བྱིན་པ། བྱིས་པ་ལྟར་འཇུག་པའི་དབང་བདུན་ཐོབ་པས་དགེ་བསྙེན། བུམ་དབང་ཐོབ་པས་དགེ་ཚུལ་གསང་དབང་ཐོབ་པས་དགེ་སློང༌། ཤེར་དབང་ཐོབ་པས་གནས་བརྟན་རྒན་པོ། དབང་བཞི་ཐོབ་པས་སྐྱེ་རྒུའི་བདག་པོར་ངོ་སྤྲད་ནས་དབང་གི་རྣམ་དག་བསྟན་པ། སྐུ་གསུང་ཐུགས་རྡོ་རྗེའི་དབང་བསྐུར་བའི་རྗེས་སུ་རྡོ་རྗེ་སློབ་དཔོན་གྱི་དམ་ཚིག་བསྟན་པ་སོགས་ལ་བརྟེན་ནས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་ཐོབ་བྱུང་སྙམ་པའི་མོས་པ་བརྟན་པོ་དགོས།
        དེ་ལྟར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པར་བསྐུར་བའི་རྡོ་རྗེ་སློབ་དཔོན་ནི། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་ཞིང༌། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང༌། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང༌། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོར་འགྱུར་བ་ཡིན་ནོ།།
        དེ་ལྟར་དུས་འཁོར་དབང་ཞུ་བ་པོ་རྣམས་ལ་རེ་སྐུལ་ཞུ་རྒྱུར། ལམ་ཐག་རིང་པོ་ནས་ལམ་གྲོན་དང་དཀའ་ངལ་ལ་མ་འཛེམས་པར་དུས་འཁོར་གསུང་ཆོས་ཞུ་བར་ཕེབས་པའི་དགོས་དོན་སྙིང་པོ་ཤིན་ཏུ་རྙེད་པར་དཀའ་བའི་གོ་སྐབས་བཟང་པོ་འདི་འདྲ་ཆུད་ཟོས་སུ་མ་བཏང་བར། བླ་མའི་གསུང་ཆོས་ཀྱི་དོན་གོ་མིན་ལ་མ་ལྟོས་པར་གཟབ་གཟབ་བྱས་ནས་ཉན་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། ཆོས་ནམ་གསུངས་པའི་སྐབས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་ནན་ཏན་ཆེན་པོ་མཛད་ཡོད། ཇི་ལྟར་གཟབ་གཟབ་ཀྱི་ཉན་པ་དེ་ཙམ་གྱིས་བསོད་ནམས་ཆེན་པོ་ཐོབ་པ་སྨྲོས་མ་དགོས་པ་ ནན་སྐུལ་ཞུ་རྒྱུ་ཡིན།


རྣམ་བཅུ་དབང་ལྡན་གྱི་མཚོན་དོན་ངོ་སྤྲོད།

         རྣམ་བཅུ་དབང་ལྡན་ནི་དཔལ་དུས་ཀྱི་འཁོར་ལོའི་སྙིང་དོན་གཅིག་ཏུ་བསྒྲིལ་བའི་མཚོན་བྱེད་ཡིན་ལ། དེ་ནི་ལེགས་སྦྱར་སྐད་ཀྱི་ཡིག་གཟུགས་དབུ་ཅན་ལྟར་བྲིས་པ་སྟེ། ཧ། ཀྵ། མ། ལ། བ། ར། ཡྃ། ཞེས་པའི་ཡིག་འབྲུ་བདུན་དང༌། སྣ་ལྡན་ནམ་ཟླ་ཚེས། ཐིག་ལེ། སྲོག་གི་ཨ་ཡིག་མཚོན་བྱེད་ཀྱི་ནཱ་ད་བཅས་བསྣན་པས་ཡི་གེ་རྣམ་པ་བཅུ་རིམ་བརྩེགས་ ཀྱིས་གནས་པ་ཞིག་ཡིན།
        འདི་ལ་ཕྱི་ནང་གཞན་གསུམ་གྱི་མཚོན་དོན་སྣ་ཚོགས་པ་མཆིས་པ་ལས། དང་པོ་ཕྱི་ལ་སྦྱར་བའི་མཚོན་དོན་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སྣ་ཚོགས་པ་མཚོན་ཞིང༌། གཞི་ནམ་མཁའ་ལ་ས་ཆུ་མེ་རླུང་བཞི་དང་རི་རྒྱལ་ལ་སོགས་པའི་སྣོད་ཀྱི་བཀོད་པ་ཆགས་པ་དང་ཆོས་མཐུན་པའི་མཚོན་དོན་དུ་ཡ་རླུང་གི་ཁམས། ར་མེའི་ཁམས། བ་ཆུའི་ཁམས། ལ་སའི་ཁམས་ཏེ། བརྟན་པ་སྣོད་ཀྱི་འཇིག་རྟེན་འབྱུང་བ་རིམ་བརྩེགས་ཀྱིས་མཚོན་པ་དང༌། ཧ། ཀྵ། མ་གསུམ་གྱིས་རིམ་བཞིན་ཁམས་གསུམ་སྟེ་འདོད་ཁམས་དང༌། གཟུགས་ཁམས། གཟུགས་མེད་ཁམས་ན་གནས་པའི་གཡོ་བ་བཅུད་ཀྱི་སེམས་ཅན་རྣམས་མཚོན། ཟླ་ཚེས་དང༌། ཐིག་ལེ། ནཱ་ད་གསུམ་གྱིས་དེ་དག་ལ་གནས་པའི་སེམས་ཅན་གྱི་སྲོག་དང༌། དྲོད། ནམ་མཁའ་སྟོང་པའི་ཁམས་རྣམས་མཚོན་པ་དང༌། ནང་ལ་སྦྱར་བའི་མཚོན་དོན་ནི། གཞི་མངལ་སྐྱེས་ཁམས་དྲུག་ལྡན་གྱི་མིའི་སྤྱི་གཙུག་ནས་དཔྲལ་བའི་བར་གྱི་རླུང་གི་དཀྱིལ་འཁོར་མཚོན་དོན་དུ་ཡ་ཡིག དཔྲལ་བ་ནས་མགྲིན་པའི་བར་གྱི་མེའི་དཀྱིལ་འཁོར་མཚོན་པར་ར་ཡིག མགྲིན་པ་ནས་སྙིང་གའི་བར་གྱི་ཆུའི་དཀྱིལ་འཁོར་མཚོན་པ་བ་ཡིག དེ་ནས་ལྟེ་བའི་བར་གྱི་ས་དཀྱིལ་མཚོན་པར་བྱེད་ལ། ལྟེ་བ་ནས་གསང་གནས་བར་གྱི་བདེ་སྐྱོང་མཚོན་པ་ལ་མ་ཡིག་དང༌། ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པའི་རགས་པའི་ལུས་མཚོན་པ་ལ་ཀྵ། སྤྱི་བོར་གནས་པའི་བྱང་སེམས་མཚོན་པ་ཧཾ། ཟླ་ཚེས་དང༌། ཐིག་ལེ། ནཱ་ད་གསུམ་ནི་རིམ་བཞིན་ཟླ་བ་དང༌། ཉི་མ། སྒྲ་གཅན་འཛིན་ཏེ་རོ་རྐྱང་དབུ་མ་གསུམ་གྱི་རྩ་གསུམ་མཚོན།
        གཞན་ཡང༌། མ་དག་པའི་སྣོད་དང་སྐྱེ་གནས། དེ་དག་ལ་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་ལེན་གྱི་ནུས་པ་སྦྱོང་བའི་སྦྱོང་བྱེད་སྐྱེད་རིམ་གྱི་ལམ་གྱི་རྣམ་གཞག་དང་ཆོས་མཐུན་པའི་མཚོན་བྱེད་དང༌། ལུས་ཁམས་སོགས་སྒྲིབ་བྲལ་དུ་བྱེད་པའི་རྫོགས་རིམ་གྱི་ལམ་གྱི་རྣམ་པ་དང་མཐུན་པའི་མཚོན་བྱེད་དང༌། ད་དུང་སྦྱངས་འབྲས་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཆོས་ཀྱི་སྐུ་དང༌། མཆོག་ཏུ་མི་འགྱུར་བའི་གཏན་བདེ་ཆེན་པོའི་ཐུགས་མཚོན་ཚུལ་སོགས་མང་ངོ༌།།
        ཚོན་མདོག་ནི། འོག་གི་ས་ཆུ་མེ་རླུང་བཞི་སོ་སོའི་རང་མདོག་སྟེ། ཡ་ལྗང་ཁུ། ར་དམར་པོ། བ་དཀར་པོ། འ་སེར་པོ་བཅས་དང༌། འདོད་ཁམས་ཀྱི་འདོད་པའི་ཡོན་ཏན་ལྔ་མཚོན་བྱེད་ཁ་དོག་ལྔ་ལྡན་ཏེ་ཀྵ་ཡིག་དཀར་པོ། ཧ་སྔོན་པོ། ཟླ་ཚེས་ཟླ་ཁམས་མཚོན་པའི་དཀར་པོ། ཐིག་ལེས་ཉི་མའི་ཁམས་མཚོན་པས་དམར་པོ། ནཱ་དས་ནམ་མཁའི་ཁམས་མཚོན་བྱེད་སྔོན་པོ་དང༌། གཞན་ཡང༌། ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི། ཟླ་བ། རི་རབ། པདྨ། སྒྲ་གཅན་འབྱུང་བ་བཞི་དང་རི་རབ་སྟེ་བརྟན་པ་རྣམ་ལྔ་དང༌། འདོད་གཟུགས། གཟུགས་མེད། ཉི་ཟླ་བཅས་གཡོ་བ་རྣམ་བཞི། ཀུན་ཁྱབ་སྒྲ་གཅན་ནམ་མཁའ་ལྡིང་དང་བཅས་བཅུའོསོགས། མདོར་ན་ཁམས་གསུམ་གྱི་སྣོད་བཅུད་མཐའ་དག་མཚོན་པ་མ་ཟད། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་མཐའ་དག་བསྡུས་ཡོད་པས། ཁང་པའམ། གཙུག་ལག་ཁང་སོགས་ཀྱི་ནང་དུ་བྲིས་ན་ཐོག་སེར་དང༌། ཤ་འོད། གཟའ་སྐར་གྱི་གནོད་པ། འབྱུང་བ་བཞིའི་འཇིགས་པ་སོགས་ས་དཔྱད་ངན་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་བཀྲ་ཤིས་པར་བྱེད། ལུས་ལ་འཆིང་བའམ་དེའི་དོན་དྲན་པར་བྱས་ན། གནས་སྐབས་རྒྱལ་པོ་དང༌། ཆོམ་རྐུན། དུག་མཚོན། གཅན་གཟན་གདུག་པ་ཅན་དག་གི་འཇིགས་པ་དང༌། རྐྱེན་ངན་བར་ཆད་ཐམས་ཅད་སེལ་ཞིང་སྲུང་བ། ཡུལ་གྱི་ལོ་ལེགས་ཤིང་ཅི་བསམ་ཡིད་བཞིན་དུ་འགྲུབ་པ། མཐར་ཐུག་རང་ཉིད་འཁོར་བ་ལས་ཡོངས་སུ་ཐར་ཏེ་དཔལ་ལྡན་དུས་ཀྱི་འཁོར་ལོའི་གོ་འཕང་ མངོན་དུ་བྱེད་ནུས་པ་སོགས་དགེ་མཚན་ཡོད་པ་ཡིན་ནོ།།