Monday, February 6, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

སྨན་འདམ་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ།
ཞོགས་པ་འཆར་ཅན་ལྟར་དུ་ངོས་ཀྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོར་དུ་ཨ་ཕྱི་རྒན་མོའི་ཆེད་དུ་འོད་དཔག་ཆོ་ག་དང་སྤྱན་རས་གཟིགས་འཁོར་བ་དོངས་སྤྲུགས་སོགས་ངན་སོང་སྦྱོང་བརྒྱུད་ཀྱི་ལྷ་རྣམས་ཀྱི་སྨོན་ལམ་སོགས་གང་དྲག་བྱས་ནས་འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་དགེ་ཕྲུག་གསར་པ་ཆོས་མིང་དུ་ཀརྨ་ཆོས་སྒྲོན། ཡུལ་མིང་དུ་རྗེ་ནེའི་རེད་འདུག། དེ་ནི་དེ་རིང་མོ་རང་གི་ནང་དུ་ཉིན་གུང་ཟ་མ་བཟའ་རྒྱུ་བྱས་པ་དེ་རེད། མོ་རང་ནས་གསུངས་ན་ཉིན་གུང་ཆུ་ཚོད་བཅུ་གཉིས་སྐབས་སུ་མོ་རང་གི་གྲོགས་པོ་ཁེལ་ལེའི་ཡོང་གི་ཡོད་པས་ང་ལ་འགྲོ་ཆེས་གྲ་སྒྲིག་གྱིས་ཞེས་པའི་རྟིང་བསྐུལ་དེ་རེད། ངོས་ཀྱང་རྒྱབ་ཁུག་དང་། ལག་འཛིན་ཁ་པར་སོགས་ཁུར་ནས་འགྲོ་ཆེས་བྱས་ནས་བསྡད་པས་མི་རིགས་ནག་པོའི་རྒད་པོ་ཨ་ར་ཅན་འཇིགས་སུ་རུང་བ་ཞིག་སླེབས་སོང་བས་ངེད་གཉིས་སྐད་ཆ་བྱེད་བཞིན་རྗེ་ནེའི་ནང་དུ་ཤར་རྒྱག་སོང་བས་རྗེའི་ནེའི་ནི་དེང་དུས་ཨ་རིའི་མི་ཚང་གི་ཁང་པའི་ཕྱི་དབྱིབས་སུ་དགྲ་སྟྭ་གྱེན་ལ་སླངས་འདྲ་ཁང་པ་མཛེས་ཤིང་ཡིད་དུ་འོང་བ་ཞིག་གི་ནང་དུ་གཙང་སེང་ངེ་བག་དྲོ་མདོག་ཁ་བོ་བྱས་ནས་བསྡད་འདུག ང་ནང་དུ་སླེབས་པ་དང་མཉམ་དུ་བོད་པའི་ལུགས་སྲོལ་བྱེད་ནས་སྒོ་ནང་ནས་ཁ་གཏགས་ཁུར་ནས་བསུ་མ་བྱེད་ཀྱི་འདུག དེ་རིང་གི་ཟ་མ་རུ་ངོས་ཀྱི་ཟ་མ་དགའ་ཤོས་འབྲས་དང་རྡ་ལི་ཡིན་པར་ཤེས་ནས་མོ་རང་ནས་ཆེད་དུ་བཟོས་པ་ཡིན་ཟེར་མོ་རང་གི་གྲོགས་མོ་ངོས་ཀྱི་སློབ་མ་ཁ་ཤས་སྡོམ་པས་མི་གྲངས་བརྒྱད་ཙམ་འདུག་པས་ང་ཚོ་མཉམ་དུ་ཉིན་གུང་ཟ་མ་ལ་རོལ། དེ་ནས་ཨ་ཧྥི་རི་ཀ་ནས་ཡིན་པའི་མི་རྒན་ནག་པོ་དེས་ངོས་ནང་དུ་བསྐྱལ་བྱུང་བས་བདུན་ཕྲག་གཅིག་རིང་ལ་འཁྲུ་རྒྱུ་མ་བྱུང་བའི་བེམ་གོག་དེ་ཉིད་བཀྲུས་ནས་སྐར་མ་སུམ་ཅུ་ཙམ་ཉལ་སར་ངལ་གསོ་བྱས། དེ་ནས་ཆུ་ཚོད་ལྔ་དང་ཕྱེད་སྐབས་སུ་ཀུན་བཟང་དབང་མོའམ་སུ་སིན་སླེབས་བྱུང་བས་ངེད་གཉིས་ཤར་རྒྱག་ཆོས་ཚོགས་ཕྱོགས་སུ་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་རྣམས་རིམ་བཞིན་འབྱོར་སོང་སྡོམ་པས་དེ་རིང་གི་ཞིང་སྒྲུབས་སྐབས་སུ་མི་གྲངས་ཉེར་ལྔ་ཙམ་ཞིག་འདུག དེ་རིང་གི་སྔོན་འགྲོའི་ཆོས་བཤད་ལ་ཀུན་སློང་བཅོས་སྟངས་སྐོར་དང་། དངོས་གཞིའི་ཆོས་ཁྲིད་ལ་སྐྱབས་འགྲོའི་ཕན་ཡོན་དང་བསླབ་བྱ་སོགས་སྐད་བསྒྱུར་བརྒྱུད་ནས་བཤད་པས་མི་རྣམས་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་དེ་རིང་གི་བདེ་ཆེན་ཞིང་སྒྲུབ་ཉིད་བོད་པའི་སྒྲ་གདངས་ཐོག་ནས་འདུར་དབྱངས་ཀྱིས་བཏོན་པས་ཨ་མི་དྷེ་ཝའི་བསྙེན་པའི་སྐབས་སུ་མེ་གོའི་ནས་མཛུབ་གནོན་སྒྲ་སྙན་ནམ་ piano ཐོག་ནས་མི་མང་གི་བསྙེན་དབྱངས་དང་མཉམ་དུ་གདངས་གཏང་བྱུང་བས་མི་མང་ནས་དགའ་བོ་བྱས་པ་མ་ཟད་ཁ་ཤས་མིག་ནས་མཆི་མ་གཏོང་བཞིན་འདུག འདོན་པ་ཚར་བ་མཉམ་དུ་དེ་རིང་ཆོས་ཚོགས་ཀྱི་འཚོགས་མི་རྣམས་ནས་ཟླ་རེར་ཨ་སྒོར་ཉི་ཤུ་ཆོས་ཚོགས་ཀྱི་ཆེད་བསྡུ་དགོས་པའི་དུས་ཚོད་ཡིན་སྟབས་ཆོས་ཚོགས་ཀྱི་དངུལ་གཉེར་སི་ཊེའི་ཧྥུ་ནེའམ་ཆོས་མིང་དུ་པདྨ་སྒྲོལ་མ་ནས་མི་མང་སར་དངུལ་བསྡུ་ནས་ཟིང་ཟིང་ལོང་ལོང་འདྲ་བྱེད་ཀྱི་འདུག ངོས་ནས་ཟུར་བཅར་མཁན་རྣམས་ལ་རིམ་བཞིན་ཐུག་འཕྲད་དང་། གྱེས་བྲལ་གྱི་ཕྱག་རྒྱ་དང་། ལག་འཇུ་སོགས་བྱས་ནས་སུ་སིན་དང་ལྷན་དུ་རླངས་འཁོར་ཁ་མོ་རིའི་ན་སོགས་སུ་བསྒྱུར་ནས་ནང་དུ་འབྱོར་བ་དང་ལྷན་དེ་རིང་ངོས་ཀྱི་ལས་ཀའི་བྲེལ་ཟིང་དང་ཞིང་སྒྲུབས་སོགས་མཉམ་ཁེལ་གྱིས་ཧ་ཅང་ཐང་ཆད་སོང་བས་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment