Wednesday, February 15, 2012

ཨ་རིའི་མཛའ་གྲོགས་ཀྱི་དུས་ཆེན་ཉིན་མོ།

པར་པ་ཨོ་ཤང་ནས་བླངས་པའི་མེ་ཏོག
ཞོགས་པ་ལངས་ནས་ངོས་ཀྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། དེ་རིང་གི་ཉིན་མོ་འདི་ནི་ཨ་རིའི་མཛའ་གྲོགས་ཀྱི་དུས་ཆེན་ཡིན་སྟབས་ངོས་ཀྱི་དགེ་ཕྲུག་རྣམས་ནས་ཀྱང་ཁ་པར་ཆད་མེད་དུ་འབྱོར་གྱི་འདུག སྔར་ཉིན་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་སྐབས་སུ་ངོས་ལ་མི་མང་ནས་མེ་ཏོག་མང་པོ་ཞིག་སྤྲད་བྱུང་བ་དེ་ཉིད་ཀྱང་དུས་ཆེན་འདི་ཡི་ཆེད་དུ་ཡིན་པ་གཞི་ནས་ཧ་གོ་སོང་། ཉིན་མོ་འདིར་ངོས་ཀྱི་དགེ་ཕྲུག་གཤའ་རེན་ནམ་ཆོས་མིང་དུ་ཀརྨ་ཆོས་སྒྲོན་གྱིས་མགྲོན་འབོད་ལྟར་དུ་སྟབས་བདེའི་ཟ་ཁང་ནང་དུ་ཚིག་ཇ་མཉམ་དུ་འཐུང་ལ་འགྲོ་དགོས་པ་དེ་རེད། དེ་ནས་ཉིན་གུང་ཆུ་ཚོད་དང་པོའི་སྐབས་སུ་ངེད་གཉིས་ངོས་ཀྱི་ཟུར་ལ་ཡོད་པའི་སྟབས་བདེའི་ཟ་ཁང་ཞིག་ནང་དུ་སོང་ནས་སོ་སོའི་འདོད་པ་བཞིན་འཐུང་ཆུ་མངར་མོ་དང་ཚིག་ཇ་སོགས་མཉམ་འཐུང་བྱས་ནས་ཆུ་ཚོད་གཅིག་ཙམ་ཁ་བརྡ་འདྲ་མིན་བྱས་ནས་བསྡད་པ་ཡིན། དེ་ནས་དགོང་ཟས་སུ་བུ་མོ་ལིའི་རྫའི་ནང་མི་རྣམས་ཀྱི་འདོད་པ་ལྟར་དུ་རྒྱ་ནག་ཟ་ཁང་ཞིག་ནང་དུ་སོང་ནས་དགོང་ཟས་སུ་མཉམ་དུ་རོལ་ནས་ནང་དུ་འབྱོར་ཞིང་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་ཡིན་པའི་རྒྱ་ནག་དམར་ཤོག་མཐོ་རིམ་མི་སྣ་ཞིག་ཨ་རིར་ལྟ་སྐོར་འབྱོར་ནས་ཉི་ཡོག་གཙོར་བྱས་པའི་བོད་རིགས་བརྒྱ་ཕྲག་མང་པོས་ངོ་རྒོལ་དང་སྐད་འབོད་བྱེད་ཀྱི་ཡོད་པ་དེ་རེད། དེ་ནས་ཚེ་ལས་འདས་ནས་བདུན་གསུམ་ཙམ་ལས་མ་ཕྱིན་པའི་ངོས་ཀྱི་ཨ་ཕྱི་རྒན་མོ་དེ་ཉིད་ཀྱི་བུ་མོ་ངོས་ཀྱི་སྲིང་མོ་མཚོ་སྐྱིད་ལ་ཁ་པར་ཞིག་གཏང་བས་མོ་རང་ནས་ཟེར་ན་དེང་སང་དགོན་ཞབས་དགོན་པའི་བླ་གྲྭ་རྣམས་ཀྱིས་མི་འཁྲུགས་པའི་སྒོ་ནས་ཞེ་དགུ་འདོན་བཞིན་ཡོད་ཟེར། ངེད་མིང་སྲིང་གཉིས་སྐར་མ་ཁ་ཤས་སྐད་ཆ་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment