Monday, February 27, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

ངོས་ཀྱི་གྲོགས་པོ་ལུས་རྩལ་དགེ་རྒན་དང་མཉམ་དུ། 
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ནས་ལངས་ཏེ་ངོས་ཀྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། སྔར་ཉིན་ནས་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་དགེ་ཕྲུག་ཀེའི་ཐེའི་ཡི་ཕ་རྒན་ནད་བབས་ལྗི་བས་ངོས་ཐུག་འཕྲད་ལ་འགྲོ་རྒྱུ་བྱས་པ་དེ་ཡིན། ཆུ་ཚོད་དགུ་པའི་སྐབས་སུ་ཀེའི་ཐེའི་སླེབས་བྱུང་བས་ངོས་གཉིས་ཤར་རྒྱག་ཁོ་རང་གི་ཕ་རྒན་ནང་དུ་སོང་། ཁར་མེལ་ཝ་ལེའི་ཞེས་མི་ཚང་འབྱོར་ལྡན་བསྡད་སའི་ས་གནས་སུ་ཁང་པ་ཧ་ཅང་རྒྱ་ཆེན་པོ་ཞིག་གི་ནང་དུ་ཕ་རྒན་ལོ་གྲངས་བརྒྱད་བཅུ་གྱ་གཉིས་ཅན་རྒན་པོ་བྲོད་གོག་དང་གཟུགས་སྟོབས་སོགས་ཧ་ཅང་ཆེན་པོ་ཅན་ཞིག་ནས་རྐང་འཁོར་རྐུབས་སྟེགས་ཀྱི་ཐོག་ཏུ་བསྡད་ནས་གསར་ཤོག་ཀློག་བཞིན་འདུག་པ་དེ་ནི་ཁེའི་ཐེའི་ཕ་རྒན་རེད་འདུག ངོས་ནས་ལུང་པ་འདི་ཡི་འགྲོ་སྟངས་ལྟར་དུ་ལག་འཇུའི་ཞོར་དུ་ཁམས་འདྲི་དང་མིང་སོགས་ངོ་སྤྲོད་བྱས་ནས་ལྷོད་ལྷོད་ཀྱིས་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་རྒྱབ་ནས་ཁ་བརྡ་བྱས་པས་མི་རྒན་ལོ་གྲངས་ཆེ་བ་དང་ནད་ཡུན་རིང་ཚོད་རིག་པ་ཧ་ཅང་གསལ་པོ་ཡོད་པ་མ་ཟད་སེམས་པ་སྐྱིད་མདོག་ཁ་བོ་མཚར་གཏམ་ལ་ཧ་ཅང་དགའ་བོ་ཅན་ཞིག་འདུག ཟུར་དུ་མ་རྒན་མགོ་དཀར་པོ་ཅན་ལྟས་ཚོད་ཁོ་རང་ལས་ཅུང་ཆུང་བ་ཡོད་པ་དེ་ནི་ཁོ་རང་གི་གཟའ་ཟླ་རེད་འདུག ཆུ་ཚོད་གཅིག་ཙམ་རིང་མི་རྒན་དང་མཉམ་དུ་བསྡད་ནས་ཁ་བརྡ་འདྲ་མིན་བྱས་ནས་དེ་ནས་ཁོ་རང་གི་འདོད་པ་ལྟར་དུ་ཐེའུ་ལན་ཟ་ཁང་ཞིག་ནང་དུ་ཉིན་གུང་ཟ་མ་བཟའ་རུ་སོང་ནས་ཟ་མ་འགྲངས་ཚད་ཟོས་ནས་ཉིན་རྒྱབ་ཆུ་ཚོད་གསུམ་པའི་སྐབས་སུ་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌེའི་ནང་དུ་སོང་། འདི་ལོའི་ངོས་ཀྱི་མཛད་མཆར་ཁག་དང་། ཟླ་བ་རྗེས་མའི་སྤྱི་ཚེས་གསུམ་ཉིན་ས་གནས་གཞན་དག་ཞིག་ཏུ་ཆོས་བཤད་ལ་འགྲོ་དགོས་པས་དེའི་སྐོར་སྐད་ཆ་མདོར་བསྡུས་ཞིག་བྱས་ནས་ཆུ་ཚོད་དྲུག་པའི་སྔོན་ནས་མལ་གསོ་ཅུང་ཙམ་བྱས། དེ་ནས་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྐབས་སུ་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་གྲངས་ཉི་ཤུ་ཙམ་འདུག་པས་ཆོ་ག་མ་བཏོན་པའི་སྔོན་ནས་དེ་རིང་ཡང་སྐྱར་ངོས་ཀྱི་དབྱིན་ཇི་གོབ་ཏོ་རྒྱབ་ནས་ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་བཤད། དེ་རིང་གི་ཆོ་ག་ཉིད་བོད་ཀྱི་སྒྲ་གདངས་ཐོག་འདུར་དབྱངས་ཀྱི་བཏོན་ཅིང་སྐབས་སྐབས་སུ་མེའི་གོའུ་ནས་མཛུབ་གནོན་སྒྲ་གདངས་སམ་ piano ཐོག་ནས་ཨ་མི་དྷེ་ཝའི་བསྙེན་དབྱངས་མི་མང་གི་སྐད་གདངས་དང་མཉམ་དུ་གཏང་བྱུང་བས་མི་མང་པོ་ཞིག་ནས་དགའ་ཉམས་ཀྱིས་ཁ་ནམ་མཁའ་རུ་གདངས་ནས་འདོན་པ་འདོན་བཞིན་མགོ་བོ་ལིང་ལིང་བྱེད་ཀྱི་འདུག དེ་ནས་ཆུ་ཚོད་དགུ་པའི་སྐབས་སུ་ཆོ་ག་རྣམས་ཚར་བར་བྱས་ཤིང་ཞོར་དུ་ཟུར་གཅར་དང་དམིགས་བསལ་དགོས་རིགས་རྣམས་ཀྱི་སོ་སོའི་འདོད་པ་ཇི་བཞིན་བསྐངས་ནས་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་། ལག་གཡུགས་སོགས་བྱས་ནས་ཤར་རྒྱག་ནང་དུ་སོང་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།   

No comments:

Post a Comment