Friday, March 30, 2012

ཡེ་ཤུའུ་ལྷ་ཁང་ཞིག་ནང་དུ་ཆོས་བཤད་པའི་ཉིན་མོ།

ཡེ་ཤུའི་ལྷ་ཁང་ནང་དུ་ཆོས་བཤད་བྱེད་བཞིན་པ།
ཞོགས་པ་ལངས་ནས་འཆར་ཅན་ལྟར་དུ་ཁ་འདོན་རྣམས་ཚར་བར་བྱས་ཤིང་། འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ་ནས་དེ་རིང་གི་ཉིན་མོའི་གནམ་གཤིས་ཧ་ཅང་བཟང་བས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་ཕྱི་རོལ་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ལྷག་སོང་ནས་ནང་དུ་འབྱོར། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་བྷོ་སི་ཏྲོན་ལ་ཡོད་པའི་ཡེ་ཤེས་དང་དཀོན་མཆོག་གཟའ་མི་གཉིས་རེད་འདུག ཁོ་རང་གཉིས་རྒྱ་གར་ལ་གནས་སྐོར་ལ་སོང་ནས་ཟླ་བ་མང་པོ་ཕྱིན་ཅིང་གཞི་ནས་ཚུར་བྱོར་ནས་ངོས་ལ་ཁམས་འདྲིའི་ཁ་པར་རེད་འདུག དེ་ནས་དྲ་ངོས་སུ་ཉུལ་བས་ཡང་སྐྱར་སེམས་སྐྱོ་དགོས་པ་ཞིག་ལ་ཨ་མདོ་ཀིརྟི་དགོན་པའི་ཟུར་ནས་གྲྭ་ཆུང་གཉིས་ནས་དུས་གཅིག་ཏུ་གཟུགས་པོ་མེ་ལ་ཕུལ་བའི་ཆེས་ཡ་ང་བའི་གནས་ཚུལ་ཞིག་དང་མ་ཟད་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཕུང་རྡ་རམ་ས་ལ་གདན་འདྲེན་ཞུ་སྐབས་བོད་རིགས་སྐྱ་སེར་སྟོང་ཕྲག་མང་པོའི་ལག་ཏུ་ཁ་གཏགས་བཟུང་ནས་ངུ་གདངས་ཀྱིས་བང་སྒྲིགས་ནས་ཕེབས་བསུ་བྱེད་པ་ཆེས་ཡ་ང་བའི་གནས་ཚུལ་མི་འདོད་བཞིན་དུ་མཐོང་རྒྱུ་འདུག ད་ཡིན་ན་དུས་རབས་འདི་ཡི་བོད་རིགས་རྣམས་སྐྱིད་མིན་སྡུག་གི་ཁུར་པོ་དེ་འདས་པའི་མི་ལོ་ལྔ་བཅུའི་རིང་ཁུར་ཀྱང་སྡུག་ཁུར་པོ་གཉིས་དེ་ཁུར་བཞིན་ཇི་ལྗི་ཞེས་པའི་དཔེ་ལྟར་དུ་ཉིན་རེ་བཞིན་མི་འདོད་ཀྱང་སེམས་ཁྲལ་དང་སྡུག་བསྔལ་ཇེ་ཆེ་རེད། ངོས་ལ་ལྟོས་ན་དེ་རིང་གི་ཉིན་མོ་འདི་ཟླ་བ་ཁ་ཤས་སྔོན་ནས་གྲ་སྒྲིག་བྱས་པའི་ཡེ་ཤུའི་ལྷ་ཁང་ཞིག་ནང་དུ་ཆོས་བཤད་རྒྱུ་དེ་ཡིན་སྟབས་ཉིན་གུང་ཟ་མ་ཞིག་ཟོས་ནས་གཟུགས་པོ་བཀྲུས་ཤིང་ཆོས་བཤད་ལ་འགྲོ་བའི་གྲ་སྒྲིག་བྱས་ནས་བསྡད། ཆུ་ཚོད་ལྔ་པའི་སྐབས་སུ་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་སླེབས་བྱུང་བས་ངེད་གཉིས་ཤར་རྒྱགས་ཆོས་བཤད་ས་རུ་སོང་བས་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌིའི་དང་སེའི་ཊེའི་ཧྥེའུ་ནེ་གཉིས་ནས་མཆོད་གཤམས་དང་གྲ་སྒྲིག་བྱེད་བཞིན་འདུག ཆུ་ཚོད་བདུན་པའི་སྐབས་སུ་ཆོས་བཤད་མགོ་འཛུགས་བྱས་པས་ཁང་པ་དེའི་ནང་གི་རྐུབ་སྟེགས་ཕལ་ཆེར་ཁེངས་འདུག དེ་རིང་གི་ཆོས་བཤད་ཀྱི་བརྗོད་བྱའི་གཙོ་བོ་ནི་ happiness in a troubled world,བོད་ཡིག་ནང་དུ༼འཛམ་བུའི་གླིང་རྙོག་དྲའི་སྐབས་སུ་བདེ་སྐྱིད་འཚོལ་བ་༽ ཞེས་པ་ཞིག་ལ་ཤུགས་བསྟེན་དུ་གོ་ཨི་དགོས་ན་སྙམ། བརྗོད་བྱ་དེ་ཉིད་གཞི་རྩར་བྱས་ནས་ངོས་ཀྱི་སྐད་བསྒྱུར་བྱམས་པ་མཐར་ཕྱིན་བརྒྱུད་ནས་ཆོས་བཤད་བྱས་པས་མི་མང་པོ་ཞིག་ནས་ཧ་ཅང་དགའ་བོ་བྱས་སོང་། དེ་རིང་གི་ཆོས་བཤད་སྐབས་སུ་སྡོམ་པས་མི་གྲངས་བརྒྱད་བཅུ་འདུག་ཞེས་ངོས་ཀྱི་ཆོས་ཚོགས་འགན་འཛིན་ནས་དགའ་བཞིན་དུ་བཤད་བྱུང་། དེ་ནས་ཆོས་བཤད་གྲུབ་མཚམས་སུ་པར་བླངས་པ་དང་སོ་སོའི་ཟུར་འཕྲད་ངོ་སྤྲོད་སོགས་ཀྱིས་ཆོས་ཞུ་བ་རྣམས་ཀྱི་བློ་ཁ་ཡོངས་སུ་བཀང་ནས་ནང་དུ་འབྱོར་ཞིང་དགོངས་ཟས་སུ་ཁ་སང་ཐུག་ལྷག་དེ་ཚ་བོ་བྱས་ནས་འཐུང་ཅིང་ཉལ་སར་སོང་ནས་གཉིད་དུ་ཡུར། 

Wednesday, March 28, 2012

ངལ་གསོ་བྱས་ནས་ནང་ལ་བསྡད་པའི་ཉིན་མོ།


རྒྱལ་གཅེས་དཔའ་བོ་རྟའུ་འཇམ་དཔལ་ཡེ་ཤེས། 
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོགས་ཟས་ལ་རོལ། དེ་ནས་ཐོག་ཁར་སོང་ནས་རྩིས་འཁོར་གོབ་ཏོ་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་དུས་སེམས་སྐྱོ་དགོས་པ་ཞིག་ལ་ཁམས་རྟའུ་ནས་ཡིན་པའི་བོད་རིགས་ན་གཞོན་རང་ལོ་༢༧ ཡིན་པའི་འཇམ་དཔལ་ཡེ་ཤེས་ལགས་ནས་གཟུགས་པོ་མེ་ལ་ཕུལ་བའི་བརྙན་པར་ལྟ་མི་བཟོད་པ་ཞིག་དྲྭ་ངོས་སུ་བཀོད་འདུག་སྟབས་ཁོང་གི་སྙིང་སྟོབས་ལ་ཚད་མེད་པའི་ཡི་རངས་སྐྱེས་ཀྱང་ཁོང་གི་ཕྱག་ལས་ཀྱི་རིགས་སུ་གྱུར་པ་རྣམས་ལ་ངོས་ནས་ཆོས་སྲིད་གང་གི་ཐད་ནས་དཔྱད་ཀྱང་འཕྲད་སེལ་རང་ཕུང་ཚབ་ཆེན་གྱི་ལས་ཀ་ཞིག་ལས་ཡོད་ཚད་བློས་གཏང་ཚོད་ལ་འབྲས་བུ་དེ་ཙམ་མེད་པའི་ཧ་ཅང་ཧུས་ཐུག་གི་ལས་ཀ་ཞིག་ལ་མཐོང་གི་ཡོད། འོན་ཀྱང་ད་ལྟའི་འདས་པོ་དེས་གཙོར་བྱས་པའི་སྔ་ཕྱི་བོད་རིགས་དཔའ་བོ་བཅུ་ཕྲག་གསུམ་ཙམ་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ལུས་མེ་ལ་ཕུལ་བའི་རླབས་ཆེན་གྱི་སྙིང་སྟོབས་དེར་བསམ་ནས་བདེ་ཆེན་ཞིང་གི་སྨོན་ལམ་ཚར་གཅིག་དལ་བུས་བཏོན་ནས་བསྔོ་སྔོན་སོགས་གང་དྲག་བྱས། དེ་ནས་ཡང་སྐྱར་ཁ་བརྡའི་དྲ་ངོས་སུ་ཉུལ་བས་གླིང་ཚ་མ་བུ་གསུམ་ཀྱང་གོམས་བགྲོད་ལྡི་ལིའི་ཐག་ཉེ་ས་ཞིག་ནས་ཉེན་གཏོགས་པས་བཙན་འཁྲིད་བྱས་པའི་གནས་ཚུལ་ཡ་ང་བ་ཞིག་མཐོང་བྱུང་བས་ཁོ་རང་མ་སྨད་གསུམ་ལ་ཡི་གེ་འདི་འདྲ་ཞིག་ཁ་བརྡའི་ནང་དུ་བཞག
སྙིང་ནས་བརྩེ་བའི་གླིང་ཚ་མ་བུ་གསུམ་ལ། 
ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་དང་ཆོད་སེམས་འགྱུར་བ་མེད་པ་ལ་གུས་རང་ནས་ཀྱང་ཡི་རངས་བླ་མེད་ཞུ་བ་དང་ཆབས་གཅིག་ཡུལ་དུས་ཀྱིས་བསྐལ་ནས་ཁྱེད་མ་སྨད་གསུམ་གྱི་ལག་ཏུ་སྒོར་མོ་བཞག སྐེ་ལ་ཁ་གཏགས་གཡོགས། ཁ་རུ་ཟ་མ་སྤྲད་པ་སོགས་ནོར་ཟང་ཟིང་གི་ཕེབས་རྫོང་ཁོ་བོའི་མ་འགྲུབ་ཀྱང་། ངོས་ཀྱང་མི་ཚེ་འདིར་གསང་སྔགས་ཟབ་མོའི་ཆོས་ལ་ཡིད་ཆེས་ཡོད་མཁན་མ་ཟད་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཉིན་ལྟར་ཁྱེད་མ་བུ་གསུམ་གྱི་ཕེབས་ལམ་དུ་བར་ཆད་མེད་པའི་སྨོན་ལམ་འདི་འདྲ་བ་ཞིག་གི་སྐྱེལ་རྫོང་བྱེད་ཀྱི་ཡོད།  
སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔
འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔
ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མར་བཅས༔
གདུག་པའི་སེམས་ཅན་སྤྲོད་པར་ཐེ་ཚོམ་མེད༔
ཨོ་རྒྱན་པདྨ་འབྱང་གནས་ལ་གསོལ་བ་འདེབས༔ 
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔


 ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ 
བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ 
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ 
ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ 
ཙོ་ར་མི་རྒོད་རྔམས་སེམས་རླག་པར་བྱེད༔ 
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ 
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ 
ཞེས་པ་འདི་ཉིད་ཁྱེད་མ་བུ་གསུམ་ནས་ཀྱང་འགྲོ་ཞོར་ཁ་འདོན་དུ་གནང་ན་ཧ་ཅང་དགེ་མཚན་ཆེ། ལྷག་པར་དུ་བུ་ཚེ་བརྟན་རྡོ་རྗེ་ལགས་ནས་དུས་ཚོད་དང་ཆ་རྐྱེན་འཛོམས་སྐབས་ཁྱེད་མ་བུ་གསུམ་གྱི་གནས་སྟངས་སྐོར་ཉིན་ཐོར་བྱས་ནས་གཏང་ན་དེ་ལས་ཀྱང་ཡག་པོ་འདུག མ་བུ་གསུམ་གྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་བཅས་དྲ་གྲོགས་དེས་ཨ་རིའི་བྱང་ཕྱོགས་ཀི་ལི་ཧྥོ་ཉ་ནས་གུས་པས་ཕུལ།། 
དེ་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཕྱི་ལོགས་སུ་ཆུ་ཚོད་གཅིག་ཙམ་སོང་ནས་ནང་དུ་འབྱོར་ཞིང་ཉིན་གུང་ཟ་མ་ཟོས་ནས་ཆུ་ཚོད་གཉིས་པའི་སྐབས་སུ་ཉེར་མཁོ་ཞིག་གི་ཆེད་དུ་ཚོང་ཁང་ནང་དུ་སོང་ནས་ཅ་དངོས་ཁ་ཤས་ཉོས་ཤིང་ནང་དུ་འབྱོར་ནས་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, March 23, 2012

རྒྱ་མཚོའི་འགྲམ་དུ་སྤྲོ་སེང་ལ་སོང་བའི་ཉིན་མོ།

ཁར་མེལ་རྒྱ་མཚོའི་འགྲམ་དུ་བླངས་པའི་འདྲ་པར།
 ཞོགས་པ་ལངས་ནས་འཆར་ཅན་ལྟར་ངོས་ཀྱི་ཁ་འདོན་རྣམས་ཚང་མ་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། དེ་རིང་གི་ཉིན་མོ་འདི་ནི་གནམ་གཤིས་ཧ་ཅང་བཟང་བས་ངོས་ཀྱང་སྐད་གྲགས་ཅན་གྱི་ཁར་མེལ་རྒྱ་མཚོའི་འགྲམ་དུ་འགྲོ་འདོད་བྱུང་། རླངས་འཁོར་ཁ་ལོ་བ་སུ་སིན་ལ་ཁ་པར་གཏང་ནས་སྐར་མ་ཉི་ཤུ་ཙམ་གྱི་སར་ཡོད་པའི་རྒྱ་མཚོའི་འགྲམ་དུ་སོང་བས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཡུལ་སྐོར་བ་རྣམས་གྲོག་ཚང་ཁ་རྡོལ་བ་ནང་བཞིན་རྒྱ་མཚོའི་འགྲམ་དུ་འཚང་ཁ་ཤིག་ཤིག་རེད་འདུག སུ་སིན་ངེད་གཉིས་ཀྱང་ཟུར་ཞིག་ནས་རྒྱ་མཚོའི་རྦ་རླབས་མཁའ་རུ་རྩེན་པའི་ཤག་སྒྲ་དང་། མི་རིགས་སྣ་མང་འདུས་པའི་ཁྲོམ་ས། བུད་མེད་ལོ་ཆུང་གཞོན་ནུ་མ་རྣམས་ཀྱིས་ནུ་ཤུབས་དང་གསང་ཁེབ་ལས་གང་ཡང་མེད་པར་འཕོང་ཚོས་དང་སྐེད་པར་ངོམས་ནས་ཡར་འགྲོ་མར་འགྲོ་བྱེད་པ་དང། ཁ་ཤས་བྱེ་མའི་ནང་དུ་སྲོག་བྲལ་བེམ་པོ་ནང་བཞིན་ཧྲེང་ཉལ་བྱེད་པ་སོགས་སྔར་མཐོང་མྱོང་མེད་པའི་ལྟད་མོ་སྣ་ཚོགས་ལ་རོལ་བཞིན་བསྡད། དེ་ནས་བྱེ་མའི་ནང་དུ་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་སོང་ནས་ཟུར་དུ་ཡོད་པའི་རྒྱ་གར་ཟ་ཁང་ཞིག་ནང་དུ་སོང་ནས་ཨ་སྒོར་བཅུ་གསུམ་གྱིས་ཟ་མ་འགྲངས་ཚད་ཅིག་ཟོས་ནས་ནང་དུ་འབྱོར། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་ས་གནས་གཞོན་ནུའི་ཚོགས་གཞོན་གྲོགས་པོ་མགོན་པོ་ལགས་རེད་འདུག་ཁོང་ནས་གསུངས་ན་ཤིང་གཟའ་རིན་པོ་ཆེའི་གཙོས་པའི་རྒྱལ་གཅེས་དཔའ་བོ་གསུམ་ནས་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་སྐད་འདུག ངེད་གཉིས་ནམ་རྒྱུན་ཁ་པར་ནང་ནས་ཀུ་རེ་དང་མཚར་གཏམ་ཤ་སྟགས་ཡིན་སྟབས་དེ་རིང་ཡང་ཁོང་ལ་མཚར་གཏམ་ཚུལ་དུ་ཁ་བརྡ་ཁ་ཤས་བྱས་ནས་ཐོག་ཁར་ཡོད་པའི་རྩིས་འཁོར་གོབ་ཏོ་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་ལྟ་ཙམ་བྱས་པས་བོད་རིགས་དཔའ་བོ་གསུམ་གྱིས་ཟས་བཅད་ངོ་རྒོལ་བྱས་ནས་ཟླ་བ་གཅིག་ཏག་ཏག་དེ་རིང་གི་ཉིན་མོ་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་ཞིག་དང་། འགྲོ་བ་མི་ཡི་ལྟ་རྟོགས་ཚོགས་པའི་ལས་བྱེད་ཞིག་བཅས་མི་ཁ་ཤས་ཡོང་ནས་ལག་ཏུ་ཤོག་ཁུག་ཆག་པ་ཞིག་དང་། ཤིང་ཐོག་ཁུ་བ་ཤེལ་ཀབ་གཉིས་བཅས་ཁུར་ནས་ཟས་བཅད་པའི་མདུན་དུ་སླེབས་ཞིང་མི་རྣམས་ཟིང་ཟིང་ལོང་ལོང་འདྲ་ཞིག་བྱེད་ཀྱི་འདུག ཤིང་གཟའ་རིན་པོ་ཆེ་ནས་དེ་མ་ཐག་ཤིང་ཐོག་གི་ཁུ་བ་དེ་མཆོད་སོང་རྒྱལ་གཅེས་པ་ཡེ་ཤེས་བསྟན་འཛིན་ལགས་ནས་ཤིང་ཐོག་ཁུ་བ་ལག་ཏུ་བཟུང་ནས་སྐད་གསལ་ལ་མི་གསལ་ཚིག་ཁ་ཤས་ཞིག་གི་མཇུག་ཏུ་ཕྲུ་གུ་ཆུང་ཆུང་ངུས་པ་ནང་བཞིན་རྒྱུན་རིང་ངུས་སོང་བས་ཤིང་གཟའ་རིན་པོ་ཆེ་ནས་ཀྱང་ཁོང་གི་གྲོགས་པོ་ཡང་ལྟ་ཞིག་བྱས་ནས་མཉམ་དུ་ངུས་སོང་། ཟུར་ནས་མི་མང་རྣམས་ཀྱི་ངུ་སྐད་ཙར་ཙིར་གོ་རྒྱུ་འདུག དེ་ནས་གཞོན་ནུ་ཚོགས་གཙོ་ནས་དེ་རིང་གི་ཟས་བཅད་ངོ་རྒོལ་དེ་རེ་ཞིག་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་བ་ཡིན། དགོས་གལ་བྱུང་ན་ད་དུང་ལས་འགུལ་འདྲ་མིན་གྲ་སྒྲིགས་ཨང་གསར་ཡོད་ཅེས་གསུང་བྱུང་བས་ཚང་མས་མོས་མཐུན་ཡོད་པའི་ཉམས་དང་རྣམ་འགྱུར་སོགས་བསྟེན་གྱི་འདུག རྒྱལ་གཅེས་དཔའ་བོ་གསུམ་ནས་ཟླ་བ་གཅིག་རིང་ཟས་བཅད་ངོ་རྒོལ་གནང་བ་དེ་རིང་མཇུག་སྒྲིལ་བྱུང་བས་ངོས་ཀྱང་ཧ་ཅང་དགའ་བོ་བྱུང་། འོག་ཤོད་ཐབ་ཚང་ནང་དུ་སོང་བས་ངོས་ཀྱི་ཆོས་ཚོགས་ཀྱི་དྲུང་ཡིག་ཀིམ་གྱི་མ་རྒན་ནས་ངོས་ལ་ཐུག་པ་ཞིག་ཁུར་འདུག མ་རྒན་རྒྱག་པ་སེམས་བཟང་ཞིག་ཡོད། ངོས་ནས་ཐུག་པར་ལྟས་དུས་ཐུག་པ་ཡིན་ཟེར་ན་འཐུང་རྒྱུའི་ཁུ་བ་མེད་པ། ཆོ་མེན་ཡིན་ཟེར་ན་བཟའ་རྒྱུའི་སྙིག་མེད་པ་འཐུང་ན་འཐུང་མ་ཤེས་ཟ་ན་བཟའ་མ་ཤེས་པ་ཁྱད་མཚར་བོ་ཞིག་ཁུར་འདུག མ་རྒན་སྐད་ཤུགས་ཆེན་པོ་ཅན་ཞིག་ཡོད་པས་ང་ལ་དགད་མོ་དགད་བཞིན་དེ་རིང་ངས་བོད་ཀྱི་ཐུག་པ་བཟོས་ཡིན་ཞིམ་པོ་ཡོད་ས་ཡོད་ད་ལྟ་རང་འཐུང་ཟེར་འབོད་ཀྱི་འདུག ངས་ཀྱང་མ་ཞིམ་ཀྱང་ཞིམ་མདོག་ཁ་བོ་འདྲ་བྱས་ནས་ཨུ་ཚུག་རྒྱབ་ནས་འཐུང་པས་མོ་རང་ཧ་ཅང་དགའ་བོ་བྱས་སོང་། མ་རྒན་ནས་ཁྱོད་ནས་ཡག་པོ་བྱས་ནས་འཐུང་སོང་རྗེས་མར་ངས་དེ་འདྲ་བསྐོལ་ནས་ཁུར་ཡོང་གི་ཡིན་ཟེར་བས་རྗེས་ནས་ཁུར་མ་ཡོང་ལབ་པ་ཡིན། དེ་ནས་མ་རྒན་ངེད་གཉིས་སྐད་ཆ་ཐུང་ཙམ་བྱས་ནས་ཐོག་ཁར་ཡོངས་ནས་བོད་ལ་ཡོད་པའི་ངོས་ཀྱི་སྲིང་མོར་ཁ་པར་ཞིག་གཏང་བས་ངོས་ཀྱི་ཨ་ཕྱི་རྒན་མོ་དེ་ཚེ་ལས་འདས་ནས་ཞག་ཞེག་དགུ་རེད་འདུག་སྟབས་དེ་རིང་དགོན་ཞབས་དགོན་པའི་བླ་གྲྭ་རྣམས་གདན་ནས་མི་འཁྲུགས་པའི་སྒོ་ནས་ཞེ་དགུ་རྫོང་གི་ཡོད་ཅེས་གསུངས་བྱུང་། ངེད་མིང་སྲིང་གཉིས་སྐད་ཆ་ཐུང་ཙམ་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, March 19, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

མཛེས་སྡུག་ལྡན་པའི་ཀི་ལི་ཧྥོ་ཉའི་ས་ཆའི་ཟུར་ཞིག
ཞོགས་པ་ལངས་ནས་འཆར་ཅན་ལྟར་སོ་གདོང་སོགས་གཙང་མ་བྱས་ཤིང་ཁ་འདོན་རྣམས་ཚར་བར་བྱས། འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་སྟབས་བདེ་ལ་རོལ་བཞིན་སྒེའུ་ཁུང་ནང་ནས་ཕར་ལ་ལྟས་དུས་དེ་རིང་གི་གནམ་གཤིས་ནི་ནམ་མཁར་མཐིང་མདོག་གི་བླ་བྲེས་གུར་ཕུབ་ཅིང་། ས་གཞིར་དྲོད་སྐྱིད་ཀྱི་བཻཌུརྱའི་གདན་གཏིང་། བར་དུ་གཡུ་ལོའི་ལྗོན་ཤིང་གི་སྡོང་བུ་རྣམས་ཡོམ་ཡོམ་དུ་གཡོ་བའི་དུས་བཞིའི་གནམ་གཤིས་ལ་འགྱུར་བ་མེད་པ་ཧ་ཅང་མཛེས་སྡུག་ལྡན་པའི་ཀི་ལི་ཧྥོ་ཉའི་ཁོར་ཡུག་དེ་མཐོང་སྐབས་སུ་གླིང་ཁར་སྤྲོ་སེང་ལ་འགྲོ་འདོད་ཀྱིས་རྐང་པར་ཟ་ཕྲུག་འདྲ་ཞིག་ལངས་སོང་། དེ་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་ཕྱི་ལོགས་སུ་ཡོད་པའི་གླིང་ཁའི་ནང་དུ་སོང་ནས་ནང་དུ་འབྱོར་ཞིང་ཅུང་ངལ་གསོ་བྱས་ནས་ཉིན་གུང་ཟ་མ་ལ་རོལ། དེ་རིང་གི་གནམ་གཤིས་དེ་ལ་ཡིད་སྨོན་ཤོར་ནས་ལས་ཀ་ཆུང་ཙག་རིགས་ཁ་ཤས་ཞིག་ཡོད་པ་དེ་རྣམས་གནས་སྐབས་བློས་གཏང་ནས་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་ལ་ཁ་པར་གཏང་ནས་ས་གནས་འདི་ནས་ཐག་མི་རིང་བ་ཞིག་ཏུ་ཧ་ཅང་མཛེས་སྡུག་ལྡན་པའི་སྐྱེད་ཚལ་ཉམས་དགའ་བ་ཞིག་ཡོད་པ་དེར་སོང་། ས་ཆ་དེར་མི་རིགས་སྣ་མང་སྤྲོ་འཆམས་བྱེད་སའི་ས་ཆ་ཧ་ཅང་སྐད་གྲགས་ཆེན་པོ་ཅན་ཞིག་ཡིན། སྐྱེད་ཚལ་དེར་རང་བྱུང་གི་མེ་ཏོག་ཁ་དོག་སྣ་ཚོགས་དང་དེ་ལས་བྱུང་བའི་དྲི་ཞིམ་གྱིས་དྲི་འཛིན་གྱི་དབང་པོ་ལ་བདེ་བ་བླ་མེད་དུ་སྟེར་ནུས་པ། གཡས་ཕྱོགས་སུ་རང་བྱུང་ཁམས་ཀྱི་ནད་རིགས་བཞི་བརྒྱ་རྩ་བཞི་སྐད་ཅིག་ལ་འཇོམས་ནུས་པའི་བདུད་རྩིའི་སྨན་གྱི་ཆུ་ཚན་གྱི་ནང་དུ་མི་རྣམས་ངོ་ཚའི་སྒྲིབ་བྱེད་རྣམས་ལས་ཡོངས་སུ་བྲལ་བའི་ཆུ་ནང་གི་ཉ་མོ་བཞིན་དུ་ལྡིང་ལྡིང་དུ་གཡོ་བ། གཡོན་ཕྱོགས་སུ་ཆོས་ལུགས་རིས་མེད་ལས་གྲུབ་པའི་སྒོམ་ཁང་ནང་དུ་རྩྭ་དང་བསམ་གཏན་འབོལ་ཆུང་སོགས་གཏིང་ནས་ནང་པ་དང་རྗེའུ་ཤུའི་སོགས་སྒོམ་རྒྱག་མཁན་རྣམས་གྲངས་ལས་འདས་པ། འོག་ལོགས་སུ་སྐད་གྲགས་ཅན་གྱི་big sur ཞེས་པའི་རྒྱ་མཚོ་དེ་ཉིད་ཀྱིས་ཁོར་ཡུག་གི་སྐྱེད་ཚལ་དེ་ཉིད་སྐེ་རགས་ནང་བཞིན་ཡོངས་སུ་བཅིངས་ནས་ཆུ་ནང་དུ་བྱ་རིགས་སྣ་ཚོགས་ཆུ་ཡི་མཁའ་རུ་རྩེན་ཅིང་ཞབས་སུ་ལྡིང་བ་སོགས་ཆུ་གནས་ཀྱི་རྩེད་མོ་ལ་མི་རྣམས་ཀྱིས་ལྟས་མོར་རོལ་བ། གང་ལྟར་དོ་ནུབ་འཚོགས་ལ་ཉེ་བའི་བདེ་བ་ཅན་གྱི་སྨོན་ལམ་གྱི་ནང་གི་བཤད་པ་ལྟར་དུ་ས་གནས་འདིར་ཡང་ས་བཅུད་ཀྱི་ཞིང་ཁམས་བདེ་བ་ཅན་ཞེས་མིང་གཏགས་ཀྱང་ཕལ་ཆེར་མི་འགྲིག་རྒྱུ་ཆེར་མི་འདུག་སྙམ། གང་ལྟར་དོ་ནུབ་བདེ་ཆེན་ཞིང་སྒྲུབས་མ་འཚོགས་པའི་གོང་ནས་ས་བཅུད་ཀྱི་ཞིང་ཁམས་ཆེན་མོ་འདིར་འབྱོར་བ་ཧ་ཅང་ནས་ཀྱང་དགའ་བོ་བྱུང་། མ་ཟད་ནམ་ཞིག་ཚེ་ཡི་འཕེན་པ་རྫོགས་པའི་སྐབས་སུ་རང་སྣང་རྣམ་དག་གི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་ཀྱི་རྟེན་འབྲེལ་ཡང་བཟང་སོང་། དེ་ནས་ས་གནས་དེར་ཆུ་ཚོད་བཞི་ཙམ་རིང་ལྷོད་དལ་གྱིས་འཆམས་ཉུལ་བྱས་ཤིང་ཆུ་ཚོད་བཞི་པའི་སྐབས་སུ་ནང་དུ་འབྱོར་ཞིང་གཟན་ཤམས་རྣམས་བརྗེ་ལེན་བྱས་ནས་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འབྱོར་ནས་འཚོགས་ཁང་ཕྱེད་ཀ་ཁེངས་སོང་། རོབ་རྩིས་བྱས་ན་དེ་རིང་མི་ཉི་ཤུ་རྩ་ལྔ་ལས་མི་ཉུང་བ་ཞིག་ཡོད་ས་རེད། དེ་རིང་སྐད་བསྒྱུར་མེད་སྟབས་ངོས་ཀྱི་དབྱིན་ཇིའི་ཆག་རོ་དེ་རྒྱབ་ནས་ཐོག་མར་ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་བཤད་ནས་དེ་རིང་གི་འདོན་པ་དེ་བོད་ཡིག་གདངས་ཐོག་ནས་འདུར་དབྱངས་ཀྱིས་བཏོན་ནས་མདུན་སྐྱེད་འོད་ཞུའི་བསྡུ་ལྡང་སྐབས་སུ་སྐར་མ་ལྔ་ལ་སྒོམ་རྒྱབ་པ་སོགས་བྱས་ནས་མཐར་བསྔོ་བ་སྨོན་ལམ་གྱིས་ཆོ་ག་མཐར་དབྱུངས་ནས་ཟུར་དུ་མི་ལ་མཇལ་འཕྲད་དང་དྲི་བ་དྲིས་ལན་སོགས་སོ་སོའི་འདོད་ཁ་སྐང་ནས་མཐར་གྱེས་བྲལ་གྱིས་ཕྱག་རྒྱ་དང་། ལག་གཡུགས་སོགས་ཅི་རིགས་ཀྱིས་རང་རང་སོ་སོིའ་གནས་སུ་བདེ་བར་སོང་ངོས་ཀྱང་ནང་དུ་འབྱོར་ཞིང་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས། ཐོག་ཁར་སོང་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་ལྟ་ཙམ་བྱས་པས་ཉེ་བའི་ཆར་ཟླ་བ་གསུམ་ཙམ་རིང་བོད་མདོ་སྟོད་སྨད་གཉིས་ནས་བོད་རིགས་གཞོན་སྐྱེས་དཔའ་བོ་དཔའ་མོ་མང་པོ་ཞིག་ནས་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་སོ་སོའི་གཟུགས་པོ་མེ་མཆོད་དུ་འབུལ་བཞིན་པ་གནས་སྟངས་དེ་ཡི་སྐོར་ལ་བོད་རིགས་མང་པོ་ཞིག་ནས་ཨ་རིའི་ལས་ཁུངས་མང་པོར་ཆེད་གཅར་གྱིས་བོད་ཀྱི་གནས་སྟངས་དེའི་སྐོར་ལ་རོགས་སྐྱོར་དགོས་པའི་སྙན་ཞུ་འབུལ་བ་དེ་ཡི་སྐོར་རེད་འདུག ནམ་རྒྱུན་ནོར་ཝེའི་རླུང་འཕྲིན་དེ་ཆར་འཆར་ཅན་ཉན་གྱི་ཡོད་ཀྱང་ཉིན་ཤས་གོང་ནས་དེ་ཡང་ཉན་མི་ཐུབ་པ་ཞིག་རེད་འདུག དེ་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, March 17, 2012

ངོས་ཀྱི་ཁྲིམས་རྩོད་པའི་ནང་མི་དང་མཉམ་དུ་ཉིན་གུང་ཟ་མ་ཟོས་པའི་ཉིན་མོ།

རྗེའུ་ཧྥེའི་ནང་མི་དང་མཉམ་དུ་ཉིན་གུང་ཟ་མའི་སྐབས་སུ།
ཞོགས་པ་འཆར་ཅན་ལྟར་དུ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཆོས་ཚོགས་ཀྱི་དྲུང་ཡིག་བོད་མིང་དུ་པདྨ་སྒྲོལ་མའམ་སེའི་ཊེའི་ཧྥེ་ནའི་རེད་འདུག མོ་རང་ནས་གསུངས་ན་དེ་རིང་ངོས་ཀྱི་ཁྲིམས་རྩོད་པ་རྗེའུ་ཧྥུའི་ནང་མི་རྣམས་དེ་རིང་ཆུ་ཚོད་བཅུ་པའི་སྐབས་སུ་ཁར་མེལ་ལ་ཡོང་གི་འདུག་ང་ཚོ་དེ་རིང་ཉིན་གུང་ཟ་མ་མཉམ་དུ་གཟའ་དགོས་རེད་ཅེས་ངོས་ལ་དྲན་བསྐུལ་རེད་འདུག ཆུ་ཚོད་བཅུ་པའི་སྐབས་སུ་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་སླེབས་སོང་བས་ཤར་རྒྱག་ཁར་མེལ་ཕྱོགས་ལ་སོང་ཞིང་ཨ་རིའི་ཟ་ཁང་ཞིག་ནང་དུ་སོང་བས་རྗེ་ཧྷུ་དང་ཁོ་རང་སྐྱེ་དམན་དང་བུ་མོ་ཆུང་ཆུང་གསུམ་དང་པདྨ་སྒྲོལ་མ་བཅས་དེར་སྒུག་འདུག་སྟབས་དང་པོ་འཕྲད་པའི་སྐབས་སུ་ལུང་པ་འདི་ཡི་འགྲོ་སྟངས་ལྟར་དུ་ཕན་ཚུན་འཐམ་འཁྱུད་དང་། ལག་འཇུ་སོགས་དང་སྦྲག་སོ་སོའི་མིང་བཅས་ངོ་སྤྲོད་བྱས་ནས་ཟས་ཐོ་ལ་བལྟས་ནས་སོ་སོའི་གང་འདོད་ལྟར་ཟ་མ་མངགས། ངོས་ཀྱི་ཟུར་ལ་ཡོད་པའི་རྗེའུ་ཧྥུའི་བུ་མོ་འབྲིང་བ་ལོ་གསུམ་ཅན་ཧ་ཅང་སྙིང་རྗེ་མོ་ཞིག་ཡོད་པ་དེར་སྐད་ཆའི་ཞོར་དུ་རྩེད་མོ་འདྲ་བྱེད་བཞིན་ཕན་ཚུན་ཁ་བརྡ་ལ་རོལ། རྗེ་ཧྥེ་ནི་ཨ་རིའི་མི་དཀྱུས་མ་ཞིག་ལ་ལྟས་ཚོད་དུ་མི་བཟང་མདོག་ཁ་བོ་དང་། གཟུགས་བོང་ངོ་གདོང་གི་དབྱིབས་སོགས་གང་ལ་ལྟས་ཀྱང་ཕོ་ཉམས་ཅན་གྱི་མི་ཞིག་རེད། ཁོང་ནི་ཁྲིམས་མཐུན་གྱི་ཨ་རིའི་ཁྲིམས་རྩོད་པ་ཞིག་ཡིན་པ་མ་ཟད་ཁོ་རང་གི་ཕ་དེ་ཉིད་ཨ་རིའི་གཞུང་གི་ལས་བྱེད་མཐོ་གྲས་ཞིག་ཡིན་སྐད་འདུག ཁོང་ནས་ངོས་ཀྱི་སྐྱབས་བཅོལ་ཞུས་སྐབས་ཁྲིམས་རྩོད་པ་ཡིན་པས་ཟླ་བ་བརྒྱད་ནང་ཚུད་ངོས་ཀྱི་སྐྱབས་བཅོལ་རྣམས་གེགས་མེད་མཐར་ཕྱིན་གྱིས་ལམ་སློང་བྱུང་བ་མ་ཟད་། ངོས་ལ་དམིགས་བསལ་གྱིས་རིན་གོང་གི་གླ་ཆ་ཡང་ཧ་ཅང་ཆུང་ཆུང་བྱས་སོང་། དེ་ནས་ཕན་ཚུན་ཟ་མ་ལ་རོལ་བཞིན། པར་རྒྱབ་པ་དང་། རྩེད་མོ་བྱས་པ་སོགས་བྱས་མཐར་ཟས་རིན་ཨ་སྒོར་བརྒྱ་དང་བཅུ་ཅན་གྱི་འཛིན་ཞིག་སླེབས་བྱུང་བས་ངོས་ནས་དགའ་བཞིན་དུ་སྤྲད་པ་མ་ཟད་བུ་མོ་གསུམ་ལ་ཕྲེང་བ་ཆུང་ཆུང་རེའི་རྔན་པ་སྤྲད་པས་ཁོ་རང་ཚོའི་ནང་མི་རྣམས་ཧ་ཅང་དགའ་བོ་བྱུང་སོང་། དེ་ནས་ཕན་ཚུན་གྱེས་བྲལ་གྱི་འཐམ་འཁྱུད་དང་། ལག་གཡུགས་སོགས་ཅི་རིགས་ཀྱིས་ཕེབས་སྐྱེལ་བྱས་ནས་ནང་དུ་འབྱོར་ཞིང་དགོངས་ཟས་སུ་ཟྭ་ཐུག་ཞིག་དང་མཉམ་དུ་བག་ལེབ་དང་སྦྲག་ནས་ཟོས་པས་ཞིམ་པོ་དཔེ་མེད་བྱུང་། ཐོག་ཁར་ཡོང་ནས་རྩིས་འཁོར་རྙིང་པ་དེ་ཁ་ཕྱེས་ནས་དེ་རིང་གི་གསར་འགྱུར་ལ་བལྟས་པས་ཨ་མདོ་རེབ་ཀོང་རྨ་ལྷོ་ཁུལ་ནས་ཡིན་པའི་བོད་མི་བསོད་ནམས་དར་རྒྱས་ཞུ་བ་རང་ལོ་བཞི་བཅུ་ཞེ་གཉིས་ཅན་སྤུ་གུ་གསུམ་གྱི་བདག་པོ་ཞིག་ནས་བོད་བསྟན་སྲིད་གཉིས་ཀྱི་དོན་དུ་གཟུགས་པོ་མེ་མཆོད་དུ་ཕུལ་བའི་བརྙན་པར་མེ་དམར་ལྷབ་ལྷབ་དུ་འབར་བཞིན་པ་ཞིག་མཐོང་བྱུང་བས་སྙིང་གི་དཀྱིལ་ནས་ཚ་ཤར་འདྲ་ཞིག་རྒྱབ་པ་དང་ལྷན་མིག་ནས་ཀྱང་རང་དབང་མེད་པར་མཆི་མ་ཤོར་སོང་། དེ་ནས་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་ནི་ཉི་ཡོག་ལ་ཡོད་པའི་ས་གནས་གཞོན་ནུའི་ཚོགས་གཞོན་ངོས་ཀྱི་གྲོགས་པོ་མགོན་པོ་ལགས་རེད་འདུག དེ་རིང་ནི་ཨ་རིའི་གཟའ་སྤེན་པའི་གུང་སང་གི་ཉིན་མོ་ཞིག་ཡིན་སྟབས་ངེད་གཉིས་ཀྱང་སྤྱི་ཟླ་དྲུག་པའི་ནང་ཉི་ཡོག་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུའི་སྐོར་སྐད་ཆ་མང་པོ་བྱས་ཞིང་མཐར་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, March 16, 2012

ཧ་ཅང་བྲེལ་ཟིང་ཆེ་བའི་ཉིན་མོ།

རྒྱལ་གཅེས་དཔའ་བོ་ཤིང་གཟའ་རིན་པོ་ཆེ་ནས་ཟས་བཅད་ངོ་རྒོལ་སྐབས་སུ།
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ནས་ལངས་ནས་ངོ་གདོང་སོགས་གཙང་མ་བྱས་ཤིང་འཆར་ཅན་གྱི་ཞོགས་འདོན་ལ་རོལ་ནས་ཐབ་ཚང་ནང་དུ་སོང་ནས་བག་ལེབ་དང་སྒོ་ང་བཀྲག་མ་མཉམ་བསྲེ་བྱས་པའི་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ་ནས་དེ་རིང་ངོས་ཀྱི་ལས་འཆར་ནི་ཉིན་མ་གཉིས་གསུམ་སྔོན་ནས་འགྲོ་རྒྱུ་བྱས་པའི་WELLS FARGO BANK དེ་ཉིད་ཡིན་པས་ཆུ་ཚོད་བཅུ་པའི་སྐབས་སུ་རླངས་འཁོར་ཁ་ལོ་བ་སུ་སིན་སླེབས་བྱུང་བས་ངེད་གཉིས་དངུལ་ཁང་ལ་སོང་བས་ཆོས་ཚོགས་ཀྱི་དངུལ་གཉེར་སིའི་ཊེའི་ཧྥེ་ནིས་ཀྱང་དེར་སྒུགས་འདུག་པས་ངེད་གསུམ་ཤར་རྒྱག་དངུལ་ཁང་ནང་དུ་སོང་ནས་ཆུ་ཚོད་གཅིག་ཙམ་རིང་ལས་ཀ་རྣམས་གེགས་མེད་མཐར་ཕྱིན་གྱིས་འགྲུབ་སོང་བས་ཟུར་དུ་ཚིག་ཇ་འཐུང་ས་ཞིག་ནང་སོང་ནས་ཚིག་ཇ་ཤེར་ཀབ་གང་རེ་འཐུང་ནས་སེའི་ཊེའི་ཧྥེ་ནིས་ལས་ཀའི་བྲེལ་ཟིང་གིས་གློ་བུར་ཐོན་སོང་། སུ་སིན་ངེད་གཉིས་ཀྱང་ཁར་མེལ་ལ་ཡོད་པའི་WESTERN UNION BANK སོང་ནས་རྒྱ་གར་རྡི་ལིའི་མཐོ་སློབ་ནང་དུ་ཡོད་པའི་ངོས་ཀྱི་ཚ་མོ་ཆེ་བ་རུ་དངུལ་ཞིག་གཏང་ལ་སོང་། དེ་ནས་རླངས་འཁོར་ཁ་མོ་རི་ནའི་ཕྱོགས་སུ་བསྒྱུར་ནས་སྦྲག་ཁང་ནང་དུ་སོང་ནས་ཉིའུ་རྗེར་སེ་ལ་ཡོད་པའི་དགེ་ཕྲུག་ཞིག་ལ་སྔར་ལོར་ངོས་ནས་བཏོན་པའི་འོད་སྡེར་འཁོར་ཐག་ཞིག་གཏང་ལ་སོང་བས་ཆུ་ཚོད་ཕལ་ཆེར་བཞི་པ་ཙམ་རེད་འདུག ཉོས་ནས་ཉིན་གྲངས་ལྔ་དྲུག་ཙམ་སོང་བའི་ངོས་ཀྱི་རྩིས་འཁོར་གོབ་ཏོ་དེར་༼སྒྲ་འཇུག་གློག་སྐུད་༽དེ་ཉིད་ངོས་ཀྱི་རྩིས་འཁོར་ལ་ཕན་ཐོག་མེད་སྟབས་ཡར་སློག་ལ་སོང་། དེ་ནས་ཆུ་ཚོད་ཕལ་ཆེར་བཞི་ཙམ་རེད་འདུག་སྟབས་སུ་སིན་ངེད་གཉིས་ནས་ང་ལྟོག་ཁོ་ལྟོག་ཞེས་རླངས་འཁོར་ནང་ནས་ལྟོགས་སྐད་རྒྱག་བཞིན་རླངས་འཁོར་ཁ་མོ་རི་ནའི་ཕྱོགས་སུ་བསྒྱུར་ནས་འཁྲིས་སུ་ཡོད་པའི་ངོས་ཀྱི་ཟ་མ་དགའ་ཤོས་ཝེར་ནམ་གྱི་ཐུག་པ་ཞིག་འཐུང་ལ་སོང་ནས་ཟས་ཐོའི་ནང་དུ་ཡོད་པའི་ཐུག་པའི་པར་དང་མིང་བཅས་ལ་མཛུབ་མོ་བཙུགས་ནས་ཐུག་པ་ཕོར་རྒན་གང་དངུལ་ནག་ཚབ་ཚུབ་ངང་འཐུང་བས་བྲོད་གོག་རྒྱགས་པ་མ་ཟད་གཟུགས་པོ་ལའང་དྲོད་འདྲ་ཞིག་ཁོལ་ནས་སྐྱིད་པོ་འདྲ་བྱུང་། དེ་ནས་ངེད་གཉིས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་སྐར་མ་བཅུ་ཙམ་ཡོད་སའི་སྤངས་ལྗོངས་དང་གླིང་ཁ་ཞིག་ཡོད་དེ་ཡི་ནང་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ལྷག་སོང་ནས་དགོང་མོ་ཆུ་ཚོད་བདུན་པའི་སྐབས་སུ་དཀའ་ལས་ཁ་ནས་ཤི་གྲབ་འདྲ་བྱེད་བཞིན་ནང་དུ་འབྱོར། ཐོག་ཁར་སོང་ནས་རྩིས་འཁོར་གོབ་ཏོ་དེ་ཁ་ཕྱེས་ནས་དེ་རིང་གནས་ཚུལ་རྣམས་ལ་འཛམ་གླིང་གི་སྒེའུ་ཁུངས་ནང་ནས་རྒྱངས་ལྟ་ཞིག་བྱས་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་སྐྱབས་རྗེ་ཤིང་གཟའ་རིན་པོ་ཆེའི་གཙོར་བྱས་པའི་རྒྱལ་གཅེས་དཔའ་བོ་གསུམ་ནས་ཟས་བཅད་ངོ་རྒོལ་གནང་བ་ཉིན་གྲངས་ཉེར་བཞིའི་ཉིན་མོ་རེད་འདུག གདོང་དེབ་ཀྱི་ནང་དུ་སྐྱབས་རྗེ་ཤིང་གཟའ་རིན་པོ་ཆེ་གཞེངས་ནས་ཞལ་འཛུམ་མདངས་ཀྱིས་ཁེངས་བསྡད་པའི་པར་ཞིག་གི་མཇུག་ཏུ་དབྱིན་ཇིའི་ཚིག་ཐོག་ཏུ་
༼ང་ནི་བོད་ཀྱི་བླ་མ་ཡིན། རྒྱ་ནག་གཞུང་ནས་ཚུར་ལ་སྡང་སེམས་བྱས་ཀྱང་ངས་ནི་ཕར་ལ་དུས་ཀུན་ཏུ་འཛུམ་མདངས་བསྟན་གྱི་ཡིན། དེ་ནི་འཚེ་མེད་ཞི་བའི་ཐབས་ལམ་ཡིན། ང་ཡི་འཛུམ་མདངས་དང་ང་ཡི་དམ་བཅའ་ལ་དུས་ནམ་ཡང་འགྱུར་བ་མེད་
ཅེས་བྲིས་འདུག་སྟབས་ངོས་ཀྱང་སེམས་དགའ་སྐྱོ་འདྲེས་མ་ཞིག་དང་མ་ཟད་ཤིང་གཟའ་རིན་པོ་ཆེའི་ལས་འགུལ་དང་ཁོང་གི་སྙིང་སྟོབས་ལ་ཧ་ཅང་ཡི་རང་གིས་བོད་ཡིག་ཐོག་ནས་རྩོམ་འདི་འདྲ་ཞིག་བྲིས་པ་ཡིན། 
༼དར་ཟབ་ལུས་ལ་གྱོན་པའི་བླ་གཟུགས་དེ་མ་ངོམས། 
མཐོན་པོའི་ཁྲི་ལ་འགྱིངས་བའི་དཔོན་ཚུགས་དེ་མ་བཟུངས།
 རྒྱལ་བུ་སྙིང་སྟོབས་ཆེན་པོའི་དམ་བཅའ་དེ་བསྣམས་ནས།
 ཞི་བདེའི་དེད་དཔོན་ཆེན་པོའི་དཔུང་གྲོགས་སུ་ཕེབས་བྱུང་། 

གྲང་ངར་ཁ་བའི་གོས་ཀྱི་འདབ་མ་དེ་གྱོན་ནས། 

བཀྲེས་སྐོམ་ཟས་བཅད་བགྲང་བྱ་ཉེར་བཞི་ཡི་སྐབས་སུ། 
ད་དུང་ཁྱེད་ཀྱི་བཅོས་མིན་འཛུམ་མདངས་དེ་ངོམས་སྐབས། 
ང་ཡི་སྙིང་ལའང་སྙིང་སྟོབས་འཕར་མ་ཞིག་སྤྲད་བྱུང་།

 ཁྱེད་ཀྱི་འཚེ་མེད་ཞི་བའི་དབྱངས་སྙན་གྱི་འབོད་སྒྲས། 

གཡོན་ཐལ་གཉིད་དུ་ཡུར་བའི་མཉམ་འབྲེལ་གྱི་རྒྱལ་ཚོགས། 
རིང་མིན་དྲང་བདེན་མགོ་བོ་གྱེན་དུ་རང་དགྱེ་ནས། 
གང་གི་ཅི་བསམ་འགྲུབ་པའི་སྨོན་ལམ་ཞིག་ཞུ་འོ།༽
 ཞེས་པ་ཞིག་བྲིས་ཤིང་ཡང་སྐྱར་དྲ་ངོས་སུ་ཉུལ་བས་ཉེ་ཆར་སུམ་བཅུའི་དུས་དྲན་སྐབས་སུ་མ་ཤིའི་བར་དུ་ཞི་བའི་གོམས་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ནས་རྒྱབ་ཏུ་ཁྲེས་པོ་ཁུར་ཞིང་ལག་ཏུ་དབྱུགས་པ་བཟུང་ནས་སོང་བའི་ཉིན་གྲངས་དྲུག་གི་རིང་རྒྱ་གར་གྲོང་བསེབ་ཞིག་ནང་ཇ་བསྐོལ་ནས་མ་བུ་གསུམ་པོ་བསྡད་ཡོད་པའི་པར་ཞིག་མཐོང་སོང་བས་མིག་ནས་མཆི་མ་རང་དབང་མེད་པར་ཤོར་སོང་། ཁོང་མ་བུ་གསུམ་གྱི་པར་ལ་གཅེར་བཞིན་བཀྲ་ཤིས་བརྒྱད་པའམ་སྣང་སྲིད་རྣམ་དག་མའི་སྨོན་ལམ་ཁ་ཤས་བཏོན་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ལོའི་བབས་དང་མི་ཐོག་འདི་ཡི་བོད་ཀྱི་དཀའ་སྡུག་རྣམས་སེམས་ལ་དྲན་བཞིན་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, March 12, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

མ་ཤི་བར་དུ་གོམས་བགྲོད་པ་ཚེ་རྡོར་མ་བུ་གསུམ། 
ད་ནུབ་གཉིད་ཧ་ཅང་ཡག་པོ་ཞིག་མ་ཁུག་ཀྱང་འཆར་ཅན་ལྟར་དུ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ལ་རོལ། ཐོག་ཁར་ཡོངས་ནས་ངོས་ཀྱི་རྩིས་འཁོར་ཆག་རོ་དེ་ཁ་ཕྱེས་ནས་དེ་རིང་གི་གསར་འགྱུར་ལ་འཛམ་གླིང་གི་སྒེའུ་ཁུངས་ནང་ནས་རྒྱངས་ལྟ་ཞིག་བྱས་པས་ཉི་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཤིང་གཟའ་རིན་པོ་ཆེའི་གཙོར་བྱས་པའི་རྒྱལ་གཅེས་པ་དཔའ་བོ་གསུམ་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱས་ནས་ཉིང་གྲངས་བཅུ་བདུན་ཏག་ཏག་རེད་འདུག མ་ཟད་གླིང་ཚང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ནས་མ་ཤི་བར་དུ་ཞི་བའི་གོམ་བགྲོད་བྱེད་ནས་བོད་ལ་འགྲོ་རྒྱུའི་དམ་བཅའ་དང་འབྲེལ་ནས་ཁ་སང་སུམ་བཅུ་དུས་དྲན་སྐབས་སུ་མ་བུ་གསུམ་ནས་རྒྱབ་ཏུ་རྡོག་ཁྲེས་ཁུར་ཞིང་ལག་ཏུ་དབྱུགས་པ་གཟུང་ནས་གདོང་གི་སྐྱོ་ཉམས་དང་བཅས་པར་བོད་རིགས་རྣམས་ཀྱིས་རྒྱབ་ནས་སྐྱེལ་མ་བྱེད་པའི་པར་དེ་མཐོང་བའི་སྐབས་སུ་སེམས་ལ་དགའ་སྐྱོ་དང་མ་ཟད་བོད་མི་རིགས་རྣམས་ཀྱི་སེམས་ཤུགས་དེ་བསམ་ནས་སྤོབས་པ་ཞིག་ཀྱང་སླེབས་བྱུང་། དེ་ནས་ཆུ་ཚོད་དགུ་པའི་སྐབས་སུ་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་ཆུ་ཚོད་གཉིས་རིང་ལམ་ཟུར་ནས་རྐང་འགྲོས་བྱས་ནས་ནང་དུ་སླེབས་པ་མཉམ་དུ་གཟུགས་པོ་བཀྲུས་ཤིང་ཅུང་ངལ་གསོ་བྱས་པས་ད་ནུབ་གཉིད་མ་ཁུག་སྟབས་ཆུ་ཚོད་གཅིག་ཙམ་ལ་གཉིད་ལ་ཤོར་འདུག དེ་ནས་ཉིན་གུང་ཚེ་དང་འབྲས་སོགས་ཡོད་པའི་ཟ་མ་སྟབས་བདེ་ཞིག་ཟོས་ནས་རླངས་འཁོར་ཁ་ལོ་བ་སུ་སིན་ལ་ཁ་པར་གཏང་། སུ་སིན་སླེབས་བྱུང་བས་རླངས་འཁོར་ཁ་ཆོས་ཚོགས་སོགས་སུ་བསྒྱུར་ནས་འཆར་ཅན་ལྟར་དུ་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་། ཆུ་ཚོད་དྲུག་པའི་སྐབས་སུ་མི་རྣམས་གཅིག་རྗེས་གཉིས་འབྱོར་གྱིས་སླེབས་སོང་བས་ཕལ་ཆེར་མི་གྲངས་ཉི་ཤུ་ཙམ་ཡོད་པ་འདྲ། དེ་རིང་ངོས་ཀྱི་སྐད་བསྒྱུར་མེད་སྟབས་དབྱིན་ཇི་ཐེབ་ཆག་དེ་རྒྱབ་ནས་ཀུན་སློང་བཅོས་སྟངས་སྐོར་སྔོན་འགྲོའི་ཆོས་བཤད་མདོར་བསྡུས་བྱས། དེ་རིང་གི་ཆོ་ག་ཉིད་བོད་ཡིག་སྒྲ་གདངས་ཐོག་ནས་འདུར་དབྱངས་ཀྱིས་བཏོན་པ་མ་ཟད་ངོས་ཀྱི་གྲོགས་པོ་མེའི་གོའི་ཁོང་ནས་མཛུབ་གནོན་སྒྲ་བསྙན་ནམ་piano འདོན་པའི་གདངས་དང་གཅིག་མཚུངས་སུ་མཉམ་དུ་གཏང་བྱུང་བས་མི་མང་ནས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་ནས་ཆུ་ཚོད་བརྒྱད་པའི་སྐབས་སུ་འོད་དཔག་ཆོ་ག་ཡོངས་སུ་གྲུབ་ནས་ཟུར་དུ་ངོས་ལ་འཕྲད་དགོས་པའི་མི་རྣམས་ལ་ཁ་བརྡ་དང་དྲི་བ་དྲིས་ལན་སོགས་ཀྱི་སོ་སོའི་འདོད་པ་ལྟར་རེ་འདོད་ཡོངས་སུ་བཀང་ནས་ཕན་ཚུན་གྱེས་བྲལ་གྱི་ལག་གཡུགས་དང་ཕྱག་རྒྱ་སོགས་ཅི་རིགས་བྱས་ནས་ནང་དུ་འབྱོར་ཞིང་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར།

Saturday, March 10, 2012

སུམ་བཅུའི་དུས་དྲན་གྱི་ཉིན་མོ།

སུམ་བཅུའི་དུས་དྲན་སྐབས་སུ་ངོས་ཀྱ་དགེ་ཕྲུག་རྣམས་དང་ལྷན།
ཞོགས་པ་ལངས་ཞིང་སོ་གདོང་སོགས་གཙང་མ་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་བག་ལེབ་དང་སྒོ་ང་མཉམ་སྲེ་བྱས་པའི་ཞོགས་ཟས་འགྲངས་ཐག་ཆོད་ཅིག་ཟོས་ནས་སུམ་བཅུའི་དུས་དྲན་སྲུང་རྩི་ལ་འགྲོ་བའི་གྲ་བསྒྲིགས་བྱས། དེ་རིང་གི་ཉིན་མོ་འདི་ནི་ལོ་རྒྱུས་ནང་ནས་བོད་ལ་གོད་ཆགས་ཚབ་ཆེན་བྱུང་བའི་ཆེས་དུས་ངན་གྱི་ཉིན་མོ་ཞིག་ཡིན། ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་ནས་བོད་བཙན་ཟོས་བྱས་པའི་སྐབས་སུ་ལོ་འདི་ཡི་སྤྱི་ཟླ་གསུམ་པའི་ཚེས་བཅུ་ཡི་ཉིན་མོར་ལྷ་ས་ནས་བོད་མི་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་སྒེར་ལངས་བྱས་པའི་དུས་ཆེན་གྱི་ཉིན་མོ་ཡིན། དུས་དེ་ནས་བཟུང་སྟེ་རྒྱ་བལ་འབྲུག་གསུམ་གཙོར་བྱས་པའི་འཛམ་གླིང་བོད་རིགས་ཡོངས་ནས་ཉིན་མོ་འདིར་མྱ་ངན་གྱི་ཉིན་མོ་དང་མ་ཟད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཉིན་མོ་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་ཉིན་མོ་འདི་ནི་ཐེངས་མ་༥༣ ཐམ་པར་སྲུང་རྩི་བྱེད་དགོས་བྱུང་ཡོད། ད་དུང་མུ་མཐུད་ནས་ལོ་ཇི་ཙམ་ལ་སྲུང་རྩི་བྱེད་དགོས་མིན་ནི་འཕགས་པའི་མངོན་ཤེས་ཡོད་མཁན་ཞིག་ཡིན་ན་མ་གཏོགས་གཞན་སུས་ཀྱང་བཤད་དཀའ། ས་གནས་འདིར་མཚོན་ན་ང་ཚོ་བོད་རིགས་གསུམ་ལས་མ་གཏོགས་མེད་ཀྱང་ང་ས་གནས་འདིར་སླེབས་ནས་བཟུང་སྟེ་ང་ཚོ་ཕན་ཚུན་གསུམ་འབྲེལ་བ་བྱས་ནས་ལོ་ལྟར་བོད་ཀྱི་དུས་ཆེན་ཁག་དང་མ་ཟད་གོང་ས་མཆོག་གི་འཁྲུངས་སྐར་སོགས་སྲུང་རྩི་བྱེད་ཀྱི་ཡོད། བུ་མོ་ཀུན་བཟང་རྒྱ་གར་རྡོ་རྗེ་གླིང་ནས་ཡིན། ས་གནས་འདིར་ཕལ་ཆེར་ལོ་དྲུག་བདུན་ཙམ་ཡིན་ས་རེད། ཨ་ཅ་ཆོས་འཛིན་བལ་ཡུལ་ནས་རེད། ཕལ་ཆེར་ས་གནས་འདིར་སླེབས་ནས་ལོ་བཅུ་ཙམ་ཡིན་ས་རེད། ང་ཚོ་གསུམ་ཧ་ཅང་འཆམས་པོ་ཡོད་པ་མ་ཟད་ང་ལ་ག་དུས་ཡིན་ཀྱང་བོད་ཟས་ཀྱི་འཚོ་བ་སྦྱོར་མཁན་དང་སྐབས་རེ་དགོས་གལ་བྱུང་ན་སྐད་བསྒྱུར་སོགས་ཧ་ཅང་དཀའ་དྲིན་ཆེན་པོ་ཡིན། བུ་མོ་འདི་གཉིས་ལ་བོད་དོན་ལ་སེམས་ཤུགས་ཧ་ཅང་ཆེན་པོ་རེད། ད་ལོར་སུམ་བཅུའི་དུས་དྲན་སྔོན་ཉིན་མ་ཁ་ཤས་གོང་ནས་ངེད་གསུམ་མཉམ་འཛོམས་ཀྱིས་གྲོས་བསྡུར་བྱས་ནས་ད་ལོར་ཁོ་རང་གཉིས་བོད་རིགས་མང་ཆེ་བ་ཡོད་སའི་ས་གནས་བྷོར་ཀི་ལེའི་ལ་འགྲོ་ནས་བོད་རིགས་མི་མང་དང་མཉམ་དུ་ San Francisco ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་སྐད་འབོད་ལ་འགྲོ་རྒྱུ་བྱས། ངོས་ས་གནས་འདིར་བསྡད་ནས་ངོས་ཀྱི་སློབ་མ་རྣམས་དང་ལྷན་དུ་ས་གནས་འདྲ་མིན་སོགས་སུ་བསྐོར་བསྐྱོད་དང་སྐད་འབོད་སོགས་བྱེད་རྒྱུ་བྱས་པ་ནང་བཞིན་ཆུ་ཚོད་བཅུ་དང་ཕྱེད་སྐབས་སུ་ Monterrey རྒྱལ་ས་ལ་སོང་བས་མི་ཁ་ཤས་ཞིག་འབྱོར་འདུག དེ་ནས་རིམ་བཞིན་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་མཐར་མི་གྲངས་ལྔ་བཅུ་ཙམ་ཞིག་སླེབས་སོང་བས་ངོས་ནས་དབྱིན་ཇི་གོབ་ཏོ་དེ་སྐྱོན་ནས་དེ་རིང་གི་སུམ་བཅུའི་དུས་དྲན་གྱི་ལོ་རྒྱུས་མདོར་བསྡུས་ཞིག་དང་། བོད་རིགས་ང་རང་གཅིག་པུ་ལས་མེད་ཀྱང་རྟེན་འབྲེལ་དོད་དུ་གདངས་ཇི་ལྟ་བ་བཞིན་དུ་མི་ཤེས་ཀྱང་འགུར་མ་དབྱངས་ཀྱིས་བོད་ཀྱི་རྒྱལ་གླུ་ཞིག་བཏོན། བོད་རྒྱལ་ལོ་ཞེས་ཁ་གཡང་གི་ཚུལ་དུ་ལན་གསུམ་བོས་ནས་ལམ་འགྲམ་གཡས་གཡོན་དུ་བོད་ཀྱི་རྒྱལ་དར་དང་། སྦྱར་ཡིག་འདྲ་མིན་གྱི་འཕྲེད་དར་སོགས་འཕྱངས་ནས་གོམས་བགྲོད་འགོ་འཛུགས་བྱས་པས་ལམ་ནང་དུ་འགྲོ་བཞིན་པའི་རླངས་འཁོར་ནང་གི་མི་རྣམས་ཀྱིས་རླངས་འཁོར་གྱི་ཉེན་བརྡའི་སྐད་གསང་ཆེ་རུ་གཏང་ནས་ཏིར་ཏིར་ཞེས་པའི་སྒྲ་ཆད་མེད་དུ་ཡོད་པ་དེ་ནི་ང་ཚོ་ལ་རྒྱབ་སྐྱོར་པའི་བརྡ་ཡིན་སྐད་འདུག ཀུན་བཟང་ནས་པར་སྐྲུན་བྱས་པའི་ཉེ་བའི་ཆར་བོད་རིགས་ཉེར་དྲུག་གིས་སྐུ་ལུས་མེ་ལ་ཕུལ་བའི་ཕྱེད་པར་དང་མིང་། ལོ་གྲངས་སོགས་མཉམ་དུ་ཡོད་པའི་ཤོག་བྱང་ངམ་card ཞིག་བཟོས་ཡོད་པ་དེ་མི་ཚང་མ་ལ་འགྲེམས་སྤེལ་བྱས་པས་ཚང་མས་གདུངས་སེམས་མཉམ་བསྐྱེད་དང་བོད་དང་མ་ཟད་ང་ལའང་ཤ་ཚ་བའི་ཉམས་སྟོན་བཞིན་འདུག
དེ་ནས་ཆུ་ཚོད་གཉིས་པའི་སྐབས་སུ་གོམས་བགྲོད་རྒྱལ་ཁའི་ངང་ནས་མཚམས་འཇོག་བྱས་ནས་ངོས་ནས་མི་མང་ལ་ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་མདོར་བསྡུས་ཞིག་བྱས་ཞིང་ཕན་ཚུན་མཉམ་དུ་པར་ལེན་པ་སོགས་བྱས་ནས་དེ་རིང་གི་སུམ་བཅུའི་དུས་དྲན་ཐེངས་མ་ལྔ་བཅུ་ང་གསུམ་པའི་མཛད་སྒོ་དེ་ཡོངས་སུ་གྲོལ་ནས་ལུང་པ་འདི་ཡི་འགྲོས་ལྟར་དུ་ཕན་ཚུན་གྱེས་བྲལ་གྱི་ལག་གཡུགས་དང་། འཐམ་འཁྱུད་སོགས་ཅི་རིགས་བྱས་ནས་རང་ཁྱིམ་དུ་འབྱོར་བས་དེ་རིང་ལས་བྲེལ་གྱི་དཀའ་ངལ་གྱིས་ཐང་ཆད་འདུག་སྟབས་ཁྲུས་ཁང་ནང་སོང་ནས་དྭངས་གསལ་ཤེལ་གྱི་ཁྲུས་གཞོང་དེ་ཉིད་ཆུ་དྲོད་ཁོལ་གྱིས་ཡོངས་སུ་བཀང་ནས་གཟུགས་པོ་འཁྲུ་ཞོར་ཁྲུས་གཞོང་ནང་དུ་ཧྲེང་ཉལ་བྱས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། དེ་ནས་དགོངས་ཟས་ཞིག་ཟོས་ནས་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

Thursday, March 8, 2012

བོད་ཀྱི་གཞོན་ལྷན་ནས་དར་དམར་མེར་བསྲེགས་གཏང་བ་ལ་དཔྱད་པ།

དར་དམར་མེར་བསྲེགས་གཏང་བཞིན་པའི་སྐབས།
ཞོགས་པ་ལངས་ནས་ངོས་ཀྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་རྡ་རམ་ས་ལ་ཡོད་པའི་ངོས་ཀྱི་གྲོགས་པོ་ཞིག་རེད་འདུག ཁོང་ནས་གསུངས་ན་ཉེ་བའི་ཆར་གཞོན་ནུ་ལྷན་ཚོགས་ནས་རྒྱ་མིའི་རྒྱ་དར་མེར་བསྲེགས་གཏང་བ་དེའི་ངོས་ཀྱི་བསམ་ཚུལ་ཇི་སྐོར་གྱི་དྲི་བ་ཞིག་རེད་འདུག དེ་ནི་ཉེ་བའི་ཆར་འདི་ལོའི་ལོ་གསར་གྱི་སྐབས་སུ་བཞུགས་སྒར་ནས་རྒྱ་མིའི་རྒྱལ་དར་མེར་བསྲེགས་གཏང་དེར་བོད་ཀྱི་གཞོན་ནུའི་ཚོགས་གཞོན་ནས་དེ་རིང་ནས་བཟུང་སྟེ་བོད་རང་བཙན་མ་ཐོབ་བར་དུ་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་རྒྱུའི་ལས་འགུལ་འདི་མཚམས་བཞག་གི་མིན་ཅེས་རྒྱལ་དར་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་སྒྲུབ་བྱེད་ལྟར་སྣང་བ་སོགས་ཉབ་ཉོབ་གླེན་གཏམ་གྱི་སྐད་ཆ་དེས་ངོས་ཀྱི་སྙིང་ལ་མ་བདེ་བ་ཞིག་བྱས་ནས་དེའི་སྐོར་ལ་སྔ་ནས་ངོས་ཀྱི་བསམ་ཚུལ་ཡོད་པ་རྣམས་བློ་གཟུ་བོར་གནས་པའི་ཐོག་གཤམས་དུ་བྲིས་པ་ཡིན།
 
དྲང་བདེན་གྱི་ལོ་རྒྱུས་ལ་མདུན་འཆོང་བྱེད་མཁན། རང་བཙན་གཙང་མའི་གད་རྒྱངས་འཛམ་གླིང་ལ་བསྒྲོགས་ཤིང་བཀུར་འོས་བཞུགས་སྒར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་དུ། 

གུས་པ་ཀརྨ་ནི་ཨ་རི་ཀི་ལི་ཧྥོ་ཉ་རུ་གནས་སྡོད་བྱེད་མཁན་ཞིག་ཡིན། དེ་སྔ་ཕན་ཆོད་རང་འཁོས་ནུས་པས་འཇོན་ཚོད་ལུགས་གཉིས་གང་གི་ཐད་ནས་ཀྱང་བོད་མི་རིགས་འདི་ལ་ཞབས་ཕྱི་འདི་འགྲུབ་ཡོད་ཞེས་དམིགས་བསལ་མཛུབ་མོ་བཙུགས་ནས་བསྟེན་རྒྱུ་ཞིག་མེད་ཀྱང་། ཞབས་འདྲེན་ཅན་གྱི་བྱས་རྗེས་ནག་པོ་ཅན་ཞིག་མིན་པ་མ་ཟད། གཞོན་ནུའི་ལངས་ཕྱོགས་དང་རང་བཙན་གཙང་མར་ཞེ་རྟིང་ནས་རྒྱབ་སྐྱོར་དང་རེ་བ་བྱེད་མཁན་ཞིག་ཡིན། རྒྱུ་མཚན་དེར་རྟེན་སྙིང་ཉེ་བའི་གཏམ་ལ་སྙན་པོ་མེད་ཟེར་བ་ལྟར་དེ་རིང་ངོས་ནས་ནང་མཆེད་ཀྱི་ཚུལ་དུ་ཚིག་ཁ་ཤས་ཞིག་མི་ཞུ་ཁག་མེད་བྱུང་། ལར་ནི་དེང་སང་དྲྲ་འབུ་དང་སྐབས་འཚོལ་རིང་ལུགས་པ་ཁ་ཤས་ཀྱིས་སྨྲ་བརྗོད་རང་དབང་ཞེས་པའི་ཚིག་སྐམ་དེ་བེད་སྤྱོད་གཏང་ནས་སྤྱི་ཚོགས་འདི་ཞོག་ལྟར་དུ་ཆག་བཞིན་པའི་སྐབས་སུ་ཁྲག་བཞིན་དུ་དཀྲུགས་པའི་དུས་སྐབས་སུ་ཁྱེད་རྣམ་པ་ངོས་ལའང་ལྷ་དང་འདྲེ་སུ་ཡིན་ཡིད་ཆེས་དཀའ་ན་ཡང། ཆུང་ས་ནས་བཤད་ན་གུས་ནི་གོང་ཞུས་ལྟར་གཞོན་ནུ་ཚོགས་པ་སྤྱི་སྒེར་སུ་ལའང་འཁོན་འགྲས་ཁབ་རྩེ་ཙམ་ཡང་མེད་པ་མ་ཟད་ཉི་ཡོག་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ངོས་ཀྱི་བློ་ཐུབ་ཀྱི་གྲོགས་པོ་ཞིག་ཀྱང་ཡིན། 
འདས་ཟིན་པའི་མི་ལོའི་མང་པོའི་རིང་གཞོན་ལྷན་ནས་འཛམ་བུ་གླིང་སྡིང་ཆ་འདིའི་སྒང་ནས་བོད་དོན་ཁྱབ་བསྒྲགས་དང་། ལས་འགུལ་མི་འདྲ་བ་མང་པོ་ཞིག་སྤེལ་ཞིང་དེ་ཉིད་ཀྱིས་དངོས་ཤུགས་རྒྱུད་གསུམ་ནས་བོད་དོན་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་པ་ནི་བློ་གཟུ་བོར་གནས་མཁན་ཞིག་ནས་དཔྱད་ན་ལོང་བས་བལྟས་ཀྱང་རྒྱལ་ཁམས་གསལ་བའི་དཔེ་ལྟར་ཚང་མས་མཁྱེན་གསལ་རེད། 
འོན་ཀྱང་འདི་ལོའི་༼མྱ་ངན་ཆེན་མོའི་མུན་པའི་ལོ།༽འམ་མིང་གཞན། ༼སྤུན་ཟླ་མེར་བསྲེགས་གཏང་བའི་ལོ།༽གང་ལྟར་གོད་ཆགས་ཆེ་བའི་ལོ་ནག་པོ་འདི་ལོར་ས་གནས་གཞོན་ནུ་ལྷན་ཚོགས་ནས་དེ་སྔ་ཡོངས་སུ་མ་གྲགས་པའི་ལས་འགུལ་རྒྱ་ནག་སྐར་ལྔའི་དར་ཆ་མེར་བསྲེགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་དང་སྟབས་བསྟུན་ནས་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ནས་ལས་འགུལ་སྐབས་སུ་མང་ཚོགས་ལ་གཏམ་བཤད་སྐབས་སུ། ༼ཉིན་མ་དེ་རིང་ནས་བཟུང་སྟེ་གཞོན་ནུ་ལྷན་ཚོགས་ནས་ཇི་སྲིད་བོད་རང་བཙན་མ་ཐོབ་བར་དུ་དེ་སྲིད་རྒྱ་ནག་གཞུང་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་མཚམས་བཞག་གི་མིན།༽ ཅེས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་གསུངས་སྐབས། ༼སྐར་མ་ལྔ་ཅན་གྱི་དར་ཆ་འདི་ཡི་འོག་ཏུ་བོད་རིགས་སྤུན་ཟླ་འབུམ་ཕྲག་མང་པོ་ཚེ་སྲོག་ཤོར་ཡོད་༽སོགས་མང་དག་ཞིག་འགྲེལ་བཤད་གནང་བ་ལ་ཕྱོགས་གཅིག་ནས་ལྟས་ན་ཚོགས་གཞོན་གྱིས་གསུང་པར་བདེན་ཀྱང་ལས་འགུལ་གྱི་ངོ་བོ་དང་། དམིགས་ཡུལ། དེ་ཡི་རྒྱབ་ལྗོངས་སོགས་མང་པོ་ཞིག་ལ་མ་བལྟས་ན་སྐབས་དེ་དུས་ལྡིང་ཆའི་སྒང་ནས་སྐད་ཆ་འདྲ་ཆག་པོ་འདྲ་ཞིག་གིས་བོད་རིགས་བྱིངས་རྣམས་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེ་ལྟར་དུ་མ་བརྟགས་གཡམ་རྒྱུགས་ཅན་མང་པོ་ཞིག་ནས་བདེན་བདེན་འདྲ་བ་མཐོང་གི་ཡོད་ཀྱང་། ངོས་ནས་ཁོ་རང་གི་གསུངས་དེ་རྗེས་ནས་ཐེངས་མ་གཅིག་ཙམ་མ་ཡིན་པར་ཐེངས་ཁ་ཤས་ཡང་ནས་ཉན་པ་ཡིན། མཐར་གཞོན་ནུའི་ཚོགས་གཞོན་གྱི་གསུངས་བཤད་ལ་བསམ་གཞིག་མང་པོ་བྱས་དུས་ངོས་རང་བོད་བསྟན་སྲིད་གཉིས་ཀྱི་དོན་དུ་མ་འཇོན་ཀྱང་སེམས་ཁུར་བྱེད་མཁན་ཞིག་ཡིན་པའི་རྐྱེན་གྱིས་ད་རེས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུའི་ལས་འགུལ་དེར་མོས་མཐུན་རྩ་བ་ནས་བྱེད་ཐུབ་མ་སོང་། ངོས་ནས་ལས་འགུལ་དེ་ཉིད་ཆེས་ཉེན་ཁ་ཅན་ཞིག་ཏུ་མཐོང་ནས་ཁ་སང་རང་བཞུགས་སྒར་དུ་ཡོད་པའི་དབུས་གཞོན་ནུའི་ཚོགས་གཞོན་ལ་ཤར་རྒྱག་ཁ་པར་གཏང་ནས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་ན་ཕན་ལས་གནོད་ཆེ་བ་སོགས་མང་པོ་ཞིག་ངག་ཐོག་ནས་ཞུས་ཚར། མ་ཟད་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་དེང་སང་ཉི་ཡོག་ལ་ཡོད་པས་ཁོ་ལའང་ཁ་པར་གཏང་ནས་དེ་བཞིན་དུ་རྒྱ་ནག་གཞུང་གི་རྒྱལ་དར་མེར་བསྲེགས་གཏོང་བའི་ལས་འགུལ་དེ་མཚམས་འཇོག་གནང་རོགས་ཞེས་རྒྱུ་མཚན་མང་པོ་དང་བགྲངས་ནས་ཞུས་ཡོད། མཐར་ཁོང་ནས་གསུངས་ན་ང་གནས་སྐབས་ལས་བྲེལ་ཆེན་པོ་ཞིག་ཡོད་པས་ཁྱེད་རང་གི་བསམ་ཚུལ་གང་ཡོད་ཡིག་ཐོག་ཏུ་གཏང་ཤོག་གསུངས་བྱུང་བས་དེ་རིང་ངས་ཡང་སྐྱར་འདིར་ཡིག་ཐོག་ཏུ་མདོར་བསྡུས་ཞིག་བཀོད་ནས་འབུལ་གྱི་ཡིན། 

རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་ན་ཕན་ལས་གནོད་ཆེ་བ་གསུམ།
དང་པོ། ༽ རྒྱ་ནག་གི་རྒྱ་དར་མེར་བསྲེགས་གཏང་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིགས་འཛུགས་དགོངས་པ་ལས་ཡོངས་སུ་འགལ་བ།
རྒྱུ་མཚན་ནི། 
༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ལོ་མང་རིང་འཛམ་གླིང་གང་སར་རྒྱ་བོད་གཉིས་ཕན་གྱི་ཆེད་དུ་འཚེ་མེད་ཞི་བའི་གསེར་ཟམ་ཞིག་བསྐྲུན་ནས་བོད་རིགས་ཙམ་མ་ཟད། རྒྱ་ནག་མི་མང་ཀྱང་དེ་ཡི་ཐོག་ནས་ཤར་བསྐྱོད་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། དེ་འདྲའི་སྔ་ན་མེད་པའི་མཛད་བཟང་དེ་ལ་བརྟེན་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཛད་ཕྲིན་དབྱར་གྱི་ཆུ་བོ་ལྟར་རྒྱས་བཞིན་པ་འདི་དང་མ་ཟད་བོད་མི་རིགས་དང་བོད་དོན་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པ་འདི་ཉིད་ཀྱང་ལམ་བཟང་པོ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བ་རེད་ཅེས་བཤད་ཀྱང་མི་ཆོག་པ་ཕལ་ཆེར་མེད་སྙམ། མ་ཟད་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕུག་རྒྱངས་རིང་པོར་གཟིགས་ནས་འཛམ་གླིང་གང་སར་༼བོད་རྒྱ་མཛའ་འབྲེལ་ཚོགས་པ༽ཞེས་པ་མང་པོ་ཞིག་གསར་འཛུགས་གནང་ནས་དེང་སང་དེའི་བརྒྱུད་ནས་བོད་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་མི་རིགས་མང་པོ་ཉིན་རེ་བཞིན་དུ་ཇེ་མང་ལ་འགྲོ་བཞིན་པ་འདི་ཡི་སྐབས་སུ་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་ན་རྒྱ་མི་རིགས་དང་ཞི་བདེ་ལ་དགའ་བའི་རྒྱལ་གཅེས་ཀྱི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་དང་བོད་རིགས་ཀྱི་བར་དུ་འགལ་བ ་ཇེ་ཆེ་རུ་འགྲོ་རྒྱུ་སྨོས་མེད་རེད།
གཉིས་པ། ༽ བོད་ནང་ཁུལ་ལ་རྒྱ་ནག་གཞུང་ནས་དྲག་གནོན་བྱེད་ངེས་པ། 
རྒྱུ་མཚན་ནི་ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་པའི་གཞོན་ལྷན་གཙོས་བོད་མི་རྣམས་ཀྱིས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་བའི་སྐབས་སུ་རས་དུམ་དམར་པོ་ཞིག་མེར་བསྲེགས་གཏང་བ་ལ་ལས་སླ་མདོག་ཁ་བོ་ཞིག་ཡིན་ཀྱང་། དོན་དུ་རྒྱ་ནག་མི་མང་གི་སྙིང་ལ་སོས་མེད་ཀྱི་རྨ་ཁ་གསར་པ་ཞིག་བཟོ་ཡི་ཡོད། ལར་ནི་རྒྱ་ནག་གི་སྲིད་འཛིན་འདྲ་གླུད་དང་རྒྱལ་དར་མེར་བསྲེགས་གཏང་བ་སོགས་རྣམ་པ་གང་འདྲ་བྱས་ཀྱང་རྒྱལ་གཅེས་སྒང་ལ་ཁྱབ་བསྒྲགས་ལས་རྒྱ་ནག་སྲིད་གཞུང་ཁོང་ཁྲོ་སློང་བྱེད་ཙམ་ལས་ང་ཚོ་ལ་དགོས་པའི་དོན་ཕན་གང་ཡང་སོན་མི་ཐུབ་པ་མ་ཟད་དེའི་མཇུག་འབྲས་ཀྱི་ལས་ངན་དེ་གཞིས་ལུས་བོད་མི་རྣམས་ཀྱི་ཐོག་ཏུ་མྱོང་ངེས་པ་ནི་བོད་ཀྱི་གཏམ་དཔེར། མ་ལ་ཁོང་ཁྲོ་ཟ་ན། སྒོ་ཁྱི་རྡོ་ཡིས་བརྡུང་། ཞེས་པའི་དཔེ་ལྟར་དུ་མ་འདས། ལར་ནི་ངོས་རང་ནས་རྒྱ་ནག་ཁོང་ཁྲོ་ཟ་ན་བོད་ཀྱི་ལས་འགུལ་མཚམས་བཞག་དགོས་རེད་ཞེས་གཏན་ནས་བཤད་ཀྱི་མེད། ཇི་སྲིད་རྒྱ་ནག་གཞུང་ནས་ལྟ་བ་འཁྲེགས་པོ་ཇི་ཙམ་འཛིན་པ་དེ་སྲིད་རིང་ང་ཚོའི་འཐབ་རྩོད་དེ་རྣོ་ངར་ཅན་དུ་ངེས་པར་ཅན་གྱི་ཤུགས་ཆེ་རུ་གཏང་དགོས་རེད། ང་ཚོའི་འཐབ་རྩོད་དེ་སྐབས་དང་དུས་ལ་བསྟུན་ནས་ལས་འགུལ་སྤེལ་དགོས་རེད། འོན་ཀྱང་དགག་བྱ་དང་དགོས་པ་གཙོ་གང་ཆེ། ལས་འགུལ་དེས་དངོས་ཤུགས་བརྒྱུད་གསུམ་ནས་ང་ཚོ་ལ་ཁེ་གསང་ག་རེ་ཡོད་མེད་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། ལས་འགུལ་གྱི་རྣམ་པ་ག་རེ་ཡིན་ནའང་ངོ་བོ་དེ་འཚེ་བ་མེད་པའི་ཐོག་ནས་འབྲས་བུ་ལ་ཕ་རོལ་པོ་གནོད་སྐྱོན་གཏོང་ཐུབ་པ་ང་ཚོ་ལ་ཕྱོགས་གང་ཐད་ནས་ཁེ་གསང་ཡོད་པ་དགོས་རེད།  
གསུམ་པ། ༽བོད་རྒྱའི་མི་མང་བར་དུ་འགལ་བ་ཤུགས་ཆེ་རུ་འགྲོ་ངེས་པ། 
རྒྱུ་མཚན་ནི། རྒྱ་ནག་སྲིད་གཞུང་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་ང་ཚོའི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདི་ལ་རྒྱ་མི་མང་ལ་གསར་ཤོག་རླུང་འཕྲིན་སོགས་ཀྱི་ནང་དུ་ཁྱབ་བསྒྲགས་རྫུན་གྱི་འཁོར་ལོ་བསྐོར་བཞིན་པའི་སྐབས་སུ་ད་རེས་རྒྱ་ནག་དམར་པོའི་གཞུང་ལ་རྗུན་བཤད་མ་དགོས་པར་དངོས་ཡོད་བདེན་པ་ར་སྤྲོད་དུ་སྐྱབས་མགོན་རིན་ཆེའི་བཞུགས་སྒར་མཐིལ་ནས་བཙན་བྱོལ་བོད་མིའི་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་བ་འ དི་རྒྱ་ནག་སྲི ད་གཞུང་ནས་ཧ་ཅང་ནས་ཀྱང་རྙེད་པར་དཀའ་བའི་རྒྱ་ནག་མི་མང་ལ་བསྟེན་རྒྱུ་མེད་དུ་མི་རུང་བའི་ཆབ་སྲིད་ཀྱི་ལག་ཆ་ཡག་ཤོས་ཞིག་ཏུ་གྱུར་ནས་མཐར་རྒྱ་ནག་གཞུང་གི་རྒྱལ་དར་མེར་བསྲེགས་གཏང་བ་དེས་བོད་རྒྱ་མི་མང་གཉིས་བར་དུ་དཀྲུགས་ཤིང་གི་ཐུར་མ་ཞིག་ཏུ་གྱུར་ཡོད། སྔར་ལོར་ཟི་ཁྲོན་ཞིང་ཆེན་ནས་རྒྱ་རིགས་སློབ་མ་སུམ་སྟོང་ཙམ་ནས་བོད་རིགས་སློབ་མ་ལྔ་བརྒྱ་ཙམ་ལ་རྒྱུ་རྐྱེན་དམིགས་བསལ་བ་གང་ཡང་མེད་པར་རྒོལ་བརྡུང་བྱས་པའི་བྱུང་རྐྱེན་གཙོ་བོ་དེ་རྒྱ་ནག་སྲིད་གཞུང་ནས་རྒྱ་ནག་མི་མང་གསར་ལམ་ཁག་ནང་བོད་པའི་སྐོར་ཁྱབ་བསྒྲགས་རྫུན་མ་བྱས་ནས་མགོ་སྐོར་གཏང་བའི་རྐྱེན་གྱིས་ཡིན་པ་དེང་སང་རྒྱ་རིགས་མང་པོ་ཞིག་ནས་རིམ་བཞིན་ཤེས་ཀྱི་ཡོད། 

གང་ལྟར་ཀྱང་ང་གཅིག་པུ་མ་ཡིན་པར་ཁ་བརྡ་དང་དུས་བབས། བང་ཆེན་སོགས་དྲ་རྒྱ་མང་པོའི་ནང་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་བ་དེར་དཔེར་ན་༼གཞོན་ནུ་ལྷན་ཚོགས་ཀྱིས་གྱིས་བསམ་བློ་ཐོངས་༽ཞེས་པ་དང་། ༼གཞོན་ནུ་དང་འཚེ་བའི་ལས་འགུལ༽ ༼རྒྱལ་དར་མེར་བསྲེགས་ནས་བོད་རྒྱ་མི་མང་བར་དུ་འཁོན་སེམས་མ་སློངས༽༼རྒྱལ་དར་མེར་བསྲེགས་གཏང་བས་བོད་དོན་ལ་ཕན་དམ༽༼གཞོན་ལྷན་ལ་ཕུལ་བའི་དྲི་བ་བཅུ༽ཞེས་པ་སོགས་བློ་གཟུ་བོར་གནས་པའི་བོད་རིགས་མང་པོ་ཞིག་ནས་རྒྱལ་དར་མེར་བསྲེགས་གཏང་བ་འདིར་མོས་མཐུན་མེད་པའི་དཔྱད་རྩོམ་དང་བསམ་ཚུལ་སོགས་མང་དག་ཞིག་ཡོད་པ་འདི་རྣམས་ནི་མང་ཆེ་ཤོས་བོད་བསྟན་སྲིད་ཀྱི་དོན་དུ་ལྷག་བསམ་དང་ཤེས་ཡོན་མཁན་ཤ་སྟགས་ཡིན་ཚོད་དུ་སྣང་བས། རང་ལས་ཕན་ཆོད་མཐོང་ཚད་དང་ཐོས་ཚད་བླུན་པོ་རུ་འཛིན་ནས། རང་ཤེད་ཀྱི་ང་རྒྱལ་དགུངས་བས་མཐོ་ཞིང་གླེན་པའི་ཕ་རོ་མཛུབ་བཙུགས་སུ་མ་གྱུར་བར་ཕུགས་རྒྱངས་རིང་པོར་བསམ་བློ་གཏང་ནས་འདི་རྣམས་ལའང་སྤྱན་རས་གཡོ་ཙམ་གནང་ནས་དུས་ཚོད་ཆེས་གཉན་འཕྲང་ཅན་འདི་ཡི་སྐབས་སུ་མི་མང་གི་ཁ་ཕྱོགས་དེ་བྱས་པ་དོན་ལྡན་ཞིག་ཏུ་བསྒྱུར་རོགས། 
 རྫ་དཔའ་སྤྲུལ་རིན་པོ་ཆེའི་ཞལ་ནས། བདེན་བདེན་འདྲ་བ་འདུག་ན་གོ་བ་ཞིག་ལོངས་དང་། མི་བདེན་ཐུགས་དང་འགལ་ན་ཕྱོགས་མེད་དུ་བསྐྱུར་ཐོངས། ཞེས་པ་ལྟར་ཁྱེད་རྣམ་པའི་ལྷ་དགོངས་འོ་མའི་མཚོ་ལས་ཁ་གསོས་ཀྱི་བདུད་རྩིའི་ཐིག་པ་ལས་དོན་མེད་ཆགས་སྡང་གསོགས་པའི་དུག་ཆུའི་མྱོས་རྫས་ཀྱི་རྒྱུ་རུ་མི་འགྱུར་བའི་སྨོན་ལམ་བཅས།  བྱང་ཨ་རི་ཀི་ལི་ཧྥོ་ཉར་གནས་པའི་ཀརྨ་ནས་བསམ་ཚུལ་དུ་ཕུལ།།
བསམ་ཚུལ་དེ་ཉིད་ངོས་ཀྱི་ཉིན་དེབ་ནང་དུ་བཀོད་ནས་གློ་བུར་དུ་ཉི་ཡོག་ས་གནས་གཞོན་ནུའི་ཚོགས་གཞོན་ངོས་ཀྱི་གྲོགས་པོ་མགོན་པོ་ལགས་དང་ཁ་པར་གཏང་ནས་དེའི་སྐོར་སྐད་ཆ་མང་པོ་བྱས་པས་ཁོ་རང་བརྒྱུད་ནས་བཞུགས་སྒར་ས་གནས་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱི་ཁ་པར་དང་དྲ་རྒྱ་སོགས་རགས་བྱུང་བས་དེ་མ་ཐག་རྡ་སར་ཁ་པར་གཏང་བ་ཡིན། དོན་འགྲུབ་ལྷ་དར་ལགས་དང་ལྷན་དེའི་སྐོར་སྐད་ཆ་ཐུང་ཙམ་བྱས་ནས་ངོས་ཀྱི་ཚུལ་ཇི་ཡོད་ཡིག་ཐོག་ཏུ་ཕུལ་བ་མ་ཟད་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཉི་ཡོག་ལ་ཡོད་པས་ཁ་པར་གཏང་ནས་ཡིག་ངག་གཉིས་ཀའི་ཐོག་ནས་མ་གོ་མ་ཐོས་པ་བྱས་པ་ཡིན་པས་ཁོ་རང་ཚོའི་ངོས་ཀྱི་བསམ་ཚུལ་ལ་བདག་པོ་མ་རྒྱབ་ཀྱང་ང་རང་སེམས་བདེ་བོ་འདྲ་ཞིག་བྱུང་སོང་བས་དེ་རིང་ཉིན་ཐོ་དེ་གཏང་ནས་ཉལ་སར་སོང་ནས་སྐྱིད་ཉལ་བྱས་ནས་གཉིད་ལ་ཡུར་བ་ཡིན།