Monday, May 28, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་དང་སྐྱབས་སྡོམ་གནང་བའི་ཉིན་མོ།

མཛེས་པའི་མཐོང་གྲོལ་མཚན་དཔེའི་སངས་རྒྱས་སྐུ། 
ཉིན་མོ་འདི་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་དང་། ཟླ་བ་རེའི་ནང་མི་རྣམས་ཐོ་འགོད་བྱེད་ནས་མི་ལྔ་རེའི་གྲངས་ཚད་ལོང་ན་སྐྱབས་སྡོམ་རེ་གནང་གི་ཡོད་པས་དེ་ཡིན། ཉིན་གུང་དད་ལྡན་མ་སུ་སིན་མ་བུ་གཉིས་དང་ལྷན་དུ་ཝེར་ནམ་ཟ་ཁང་ཞིག་ནང་དུ་གྲོ་ཟས་མཉམ་དུ་ཟོས། ཆུ་ཚོད་བཞི་པའི་སྐབས་སུ་ཆོས་ཚོགས་ཀྱི་འཚོགས་འདུ་ཡོད་པས་དེར་སོང་ནས་ངོས་རྒྱ་གར་ལ་འགྲོ་ཆེས་གྲ་སྒྲིགས་དང་འོད་ཆོག་ཁ་འདོན་དེབ་ལྔ་བརྒྱ་མ་ལེ་ཤ་ནས་པར་ལ་རྒྱག་རྒྱུ་དེའི་སྐོར་བགྲོ་གླེང་ལྷུག་པོ་བྱུང་སོང། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཆར་ཅན་ལྟར་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ལ་སོང་བས་དེ་རིང་ནི་ང་རྒྱ་གར་ལ་མ་སོང་བའི་གོང་ཉིན་ཐ་མའི་བདེ་ཆེན་ཞིང་སྒྲུབས་ཡིན་པས་མི་མང་པོ་འཛོམས་འདུག འདོན་པའི་གོང་ནས་ཀུན་སློང་བཅོས་སྟངས་སྐོར་འགྲེལ་བཤད་ཐུང་ཙམ་བྱས་ནས་དེ་རིང་འོད་དཔག་ཆོ་ག་བསྡུས་པ་ཞིག་བཏོན་ནས་བསྙེན་པའི་སྐབས་སུ་དངོས་བཞིའི་ཆོས་བཤད་རུ་ཡི་དམ་ཞེས་པ་གང་ཞིག་ལ་ངོས་འཛིན་བྱེད་དགོས་མིན་དང་། མཚོན་བྱ་དཔེའི་ཡི་དམ་དང་། མཚོན་བྱེད་དོན་གྱི་ཡི་དམ་སོགས་འགྲེལ་བཤད་གང་དྲག་བྱས། དེ་རིང་སྔ་ནས་མིང་ཐོ་བཀོད་པའི་སྐྱབས་འགྲོའི་སྡོམ་པ་ཞུ་མཁན་མི་གྲངས་བརྒྱད་ཙམ་ལ་སྐྱབས་སྡོམ་དང་ཆོས་མིང་སོགས་སྤྲད་ནས་སྐྱབས་འགྲོའི་སྐོར་འགྲེལ་བཤད་སོགས་བྱས། མང་ཚོགས་ལ་མཉམ་དུ་སེམས་བསྐྱེད་ཀྱི་སྡོམ་པ་ཞིག་ཀྱང་བཏོན་ནས་སེམས་བསྐྱེད་ཀྱི་ཕན་ཡོན་བསླབ་བྱ་སོགས་འགྲེལ་བཤད་བྱས་པས་མི་རྣམས་ཧ་ཅང་དགའ་བོ་བྱུང་སོང་། ངོས་བླ་མ་བཟང་ངན་ཧ་མི་གོ་སྟེ་དེ་ནི་ངོས་ཀྱི་སྐད་བསྒྱུར་དེ་ཡག་ཆེས་ནས་ཡིན་རྒྱུ་རེད་བསམ་པའི་ངོས་ལ་ཡིད་ཆེས་ཡོད། དེ་ནས་ཟུར་འཕྲད་པ་རྣམས་ལ་སོ་སོའི་འདོད་བློ་དང་མཐུན་པར་ཁ་བརྡ་དང་། ཕྲེང་བ་བྱིན་རླབས་སོགས་གང་དགོས་རྣམས་བྱས་ནས་མཐར་གྱེས་བྲལ་གྱི་ལག་གཡུགས་དང་། ཕྱག་རྒྱ་སོགས་ཅི་རིགས་ཀྱིས་ཕེབས་རྫོངས་ཡོངས་སུ་གྲུབ་པར་བྱས་ནས་ནང་དུ་འབྱོར་ཞིང་འཛམ་གླིང་གི་སྒེའུ་ཁུང་ནས་རྒྱངས་ལྟ་ཞིག་བྱས་པས་ཁ་སང་ལྷ་ས་ནས་བོད་རིགས་གཞོན་སྐྱེས་གཉིས་ནས་གཙུག་ལག་ཁང་མདུན་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་གཟུགས་པོ་མེ་ལ་ཕུལ་ཡོད་པའི་གནས་ཚུལ་ཐབས་སྡུག་དེ་རེད་འདུག ད་ཡིན་ན་བོད་རིགས་ན་གཞོན་སུམ་ཅུ་སོ་བདུན་ཏག་ཏག་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ལུས་མེ་ལ་ཕུལ་ཚར་བའི་གནས་སྟངས་དེ་ལ་བསམ་གཞིག་བྱེད་བཞིན་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, May 26, 2012

ཧར་ཌེའི་ནང་མི་མཉམ་དུ་དགོང་ཟས་ཟོས་པའི་ཉིན་མོ།

ཧར་ཌེའི་ནང་མི་རྣམས་དང་ལྷན་དགོང་ཟས་སྐབས་སུ། 
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོགས་ཟས་ལ་རོལ་ནསགནམ་གཤིས་ཧ་ཅང་བཟང་བས་ཕྱི་རོལ་དུ་འཕྲོད་བསྟེན་གྱི་ཆེད་དུ་སུ་སིན་དང་མཉམ་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་སོང་ནས་ནང་དུ་འབྱོར། དེ་རིང་ནི་ངོས་ལ་ཁ་པར་མང་པོ་ཞིག་ཡོད་པ་དེ་ནི་ཁ་སང་བོད་དོན་སྐོར་ཨ་རིའི་གཞུང་གི་རླུང་འཕྲིན་དང་མ་ཟད་བོད་སྐད་རླུང་འཕྲིན་སོགས་ནང་ནས་ཁྱབ་བསྒྲགས་བྱས་ནས་མི་རྣམས་ཀྱིས་ཉན་ནས་ངོས་ལ་དེའི་སྐོར་རང་རེད་འདུག ཁ་ཤས་ནས་རྩེད་མོ་དང་སྦྲག་ནས་ཁྱོད་རང་སྐད་གྲགས་ཆེན་པོ་རེད་འདུག་སོགས་ངོས་ལ་བཟང་སྟོད་ཀྱི་སྐད་ཆ་ཤ་སྟག་རེད། ཉིན་གུང་རྒྱབ་ཏུ་ངོས་ཀྱི་ཆོས་ཚོགས་ཀྱི་འགན་འཛིན་ཧར་ཌེའི་བུ་མོའི་གྲོགས་པོའི་ནང་མི་དང་མཉམ་དུ་དགོང་ཟས་སྐབས་སུ་ཁོ་རང་གཉིས་ལ་བྱིན་རླབས་དང་བཀའ་བསྒོ་སོགས་བྱེད་དགོས་པ་དེ་ཡིན་པས་ཆུ་ཚོད་དྲུག་པའི་སྐབས་སུ་ཧར་ཌེའི་ནང་དུ་སོང་བས་ཁོ་རང་ཚོའི་དགའ་ཉེ་སྤུན་མཆེད་སོགས་མི་གྲངས་བརྒྱད་ཙམ་མཉམ་དུ་དགོང་ཟས་ཟོས་རྗེས་ནང་མི་ཡོངས་ལ་ངོས་ནས་རྡོ་རྗེ་རྣམ་འཇོམས་སྒོ་ནས་ཁྱིམ་ཁྲུས་དང་། ཕུར་པ་རྡོ་རྗེ་གཞོན་ནུའི་སྒོ་ནས་བཀའ་བསྒོ་སོགས་གང་དྲག་བྱས། བུ་དང་བུ་མོ་གཉིས་ལ་བོད་ལུགས་ལྟར་དུ་རྟེན་བྲེལ་གྱི་ཆེད་དུ་སྐེ་ལ་ཁ་གཏགས་བཀོན། དེ་ནས་ནང་དུ་འབྱོར་ནས་འཛམ་གླིང་གི་སྒེའུ་ཁུངས་ནང་ནས་རྒྱངས་ལྟ་ཞིག་བྱས་པས་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་འོད་ཟེར་སྟོང་གི་ཟེར་དེ་ལྟས་ངན་རྒྱ་ནག་དམར་པོ་འབྱུང་བྱ་འུག་པའི་མིག་ལ་མ་བཟོད་ནས་ཉེ་བའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོའི་བྱེས་ཕེབས་ཀྱི་ཡུན་དེར་དབྱིན་ཇི་སྲིད་བློན་དང་ཨོ་སི་ཏྲུ་རི་ཡའི་སྲིད་བློན་སོགས་ནས་མཇལ་འཕྲད་ཞུས་པས་རྒྱ་ནག་དམར་ཤོག་སྲིད་འཛིན་རྣམས་ནས་སྐད་ངན་ཤོར་བ་དེ་རེད་འདུག དེ་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, May 25, 2012

ཨ་རིའི་རླུང་འཕྲིན་ཁང་དུ་སྐད་ཆ་བཤད་པའི་ཉིན་མོ།

བོད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་བཞིན་པའི་ཟུར་པར་ཞིག
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོགས་ཟས་མ་ཟོས་པའི་གོང་ཉེ་བའི་ཆར་ངོས་ཀྱི་ཆོས་ཚོགས་ནས་གོ་སྒྲིགས་བྱས་པའི་བོད་ཀྱི་གནས་སྟངས་སྐོར་ཨ་རིའི་ཀི་ལི་ཧྥོ་ཉའི་རླུང་འཕྲིན་ནང་དུ་རྒྱངས་བསྲིངས་བྱེད་རྒྱུ་དེ་ཡིན། ཆུ་ཚོད་བདུན་དང་ཕྱེད་ཀའི་སྐབས་སུ་ཆོས་ཚོགས་ཀྱི་འགན་འཛིན་ཧར་ཌེ་དང་། སྐད་བསྒྱུར་བྱམས་པ་མཐར་ཕྱིན་གཉིས་སླེབས་སོང་བས་ངེད་གསུམ་ཤར་རྒྱག་སྐར་མ་སུམ་ཅུ་ཙམ་གྱི་སར་ཡོད་པའི་ཨ་རིའི་ཀི་ལི་ཧྥོ་ཉའི་རླུང་འཕྲིན་རྒྱངས་སྲིང་ཁང་དུ་སོང་བས་ལས་བྱེད་མི་ཁ་ཤས་ནས་དེར་སྒུག་འདུག དེ་རིང་སྔ་དྲོ་ཨ་རིའི་རླུང་འཕྲིན་ཁང་དང་། ཕྱི་དྲོ་མི་མང་ལ་སྐད་ཆ་བཤད་རྒྱུ་དེ་རྣམས་ཚང་མ་བརྗོད་བྱ་གཅིག་པ་ཡིན། བོད་སྐད་དུ་བྱས་ན། "ངོས་ཀྱི་མི་ཚེ་དང་། ངོས་ཀྱི་ལུང་པ།" ཞེས་པའི་བརྗོད་བྱ་འདིའི་ཐོག་ནས་རླུང་འཕྲིན་ནང་དུ་སྐར་མ་བཅོ་ལྔའི་གོ་སྐབས་གནང་བྱུང་བས་སྐད་བསྒྱུར་བརྒྱུད་ནས་ཁོང་ཚོའི་འདོད་བློ་ཡོངས་སུ་བཀང་པ་ཡིན། དེ་རིང་གི་རླུང་འཕྲིན་འདི་ནི་ས་གནས་མོན་ཏྲུ་རེའི་འདིར་ཡོད་པའི་མི་འབུམ་གཉིས་ཙམ་གྱིས་ཉན་གྱི་རེད་ཟེར། དེ་ནས་ནང་དུ་འབྱོར་ཤིང་རྒྱལ་ས་ཝ་ཤིང་ཀྲོན་ནང་དུ་ཡོད་པའི་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ནས་སྔ་ནས་དུས་ཆད་བྱས་ནང་བཞིན་ཁ་པར་གཏང་བྱུང་། དེ་ནི་བོད་ཀྱི་ཕུལ་བྱུང་གི་མཛེས་མ་དང་ཐོག་ཀུན་གླེང་ནང་དྲ་ནང་གི་བོད་ཅེས་པའི་ལེའུ་ཚན་གཙོ་སྐྱོང་མ་ཚེ་རིང་སྐྱིད་ལགས་རེད་འདུག ངེད་གཉིས་དང་པོ་ཕན་ཚུན་ཁམས་འདྲི་སྐོར་ཅུང་ཙམ་བྱས་ནས་དེ་ནས་རླུང་འཕྲིན་ནང་གི་བརྗོད་བྱ་རྣམས་འགོ་འཛུག་བྱས་པ་ཡིན། བོད་སྐད་རླུང་འཕྲིན་ཁང་དུ་ཁོང་ཚོའི་ང་ལ་སྐད་ཆ་འདྲི་རྒྱུ་གཙོ་བོ་དེ་ནི། "དེང་སང་འཛམ་བུ་གླིང་ནང་དུ་བོད་པའི་ཆོས་ཚོགས་ཧ་ཅང་མང་པོ་ཡོད་ཀྱང་ཆོས་ཚོགས་ཀྱི་ནང་དུ་ཆོས་གཅིག་པུ་ལས་བོད་ཀྱི་སྲིད་དོན་གྱི་ཕྱག་ལས་གནང་མཁན་ཧ་ཅང་ཉུང་ཉུང་ཡིན་པས་དེ་ལ་བསམ་ཚུལ་གང་ཡོད། ཁྱེད་རང་གི་ཆོས་ཚོགས་རྣམས་སུ་ཆོས་སྲིད་གཉིས་ཀྱི་ཐད་ནས་ཕྱག་ལས་གནང་སྟངས་གང་འདྲ་ཡོད། ཁྱེད་རང་ལ་འཛམ་བུའི་གླིང་འདི་ཡི་ནང་དུ་ཆོས་ཚོགས་རྣམ་གྲངས་ག་ཚད་ཡོད།" སོགས་ཀྱི་དྲི་བ་དང་འབྲེལ་བའི་ལན་སོགས་ཀྱིས་བརྗོད་གཞི་མང་དག་ཞིག་ཐོག་ནས་སྐར་མ་བཅོ་ལྔ་ཙམ་གྱི་ཡུན་ལ་བུ་མོ་ཚེ་རིང་སྐྱིད་མཉམ་དུ་བགྲོ་གླེང་ལྷུག་པོར་བྱུང་། དེ་ནས་ངལ་གསོ་ཅུང་ཙམ་བྱས་ཤིང་དགེ་ཕྲུག་རྗེན་སེན་དང་མཉམ་དུ་ནུབ་ཟས་ཟ་རུ་ཟ་ཁང་ཞིག་ནང་དུ་སོང་། དེ་རིང་དགོང་མོའི་སྐད་ཆ་བཤད་ལ་འགྲོ་བའི་གྲ་སྒྲིགས་བྱས་པས་ཆུ་ཚོད་དྲུག་པའི་སྐབས་སུ་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་འབྱོར་བྱུང་། ངེད་གཉིས་"མོན་ཏྲུ་རེའི་ཞི་བདེའི་ཚོགས་པ་"ཞེས་པ་ཞིག་ནས་གོ་སྒྲིགས་བྱས་པ་ནང་བཞིན་དེར་སོང་། བརྗོད་བྱ་ནི "ངོས་ཀྱི་ཡུལ་དང་། ངོས་ཀྱི་ལུང་པ།" ཞེས་པའི་གོང་གི་བརྗོད་གཞི་ཐོག་ནས་སྐད་ཆ་བཤད་རྒྱུ་དེ་ཡིན། འཚོགས་ཁང་ནང་དུ་མི་གྲངས་བརྒྱད་ཅུ་ཙམ་ཤོང་བའི་ཁང་པ་དེ་ཕལ་ཆེར་མི་རྣམས་ཀྱིས་ཁེངས་འདུག ངོས་ཀྱི་བསྡད་སའི་རྒྱབ་ལོགས་སུ་བོད་ཀྱི་རྒྱ་དར་ཞིག་བསླངས་ནས་གཡས་གཡོན་རྣམས་སུ་གཟུགས་མཐོང་པར་ཆས་སོགས་གྲ་བསྒིགས་ཡག་པོ་བྱས་འདུག དེ་ནས་ངོས་ཀྱི་སྐད་བསྒྱུར་བྱམས་པ་མཐར་ཕྱིན་ལགས་བརྒྱུད་ནས་གོང་གི་བརྗོད་གཞི་དེ་ཉིད་ཀྱི་ཐོག་ནས་དང་པོ་ངོས་ཀྱི་ལོ་རྒྱུས་དང་སྦྲགས་མཐར་བོད་ཀྱི་གནས་སྟངས་དང་ཁོར་ཡུག མ་ཟད་༡༩༥༩ ལོའི་སྔོན་གྱི་བོད་ཀྱི་འཚོ་བ་དང་ད་ལྟའི་བོད་ཀྱི་གནས་སྟངས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་བོད་རིགས་འབུམ་གཅིག་ཙམ་ལ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོངས་སྟངས། ད་ལྟའི་བོད་མིའི་སྒྲིགས་འཛུག་འདི་ཉིད་ཀྱི་ལང་ཕྱོགས་དང་དམིགས་ཡུལ། ཉིས་སྟོང་བརྒྱད་ནས་བཟུང་གཞི་བྱེས་བོད་མིའི་གནས་སྟངས། མ་ཟད་ལོ་གཉིས་ནང་འཛམ་བུའི་གླིང་ནང་དུ་སྔར་བྱུང་མྱོང་མེད་པའི་བོད་བསྟན་སྲིད་ཀྱི་ཆེད་དུ་བོད་རིགས་སུམ་བཅུ་སོ་ལྔས་རང་ལུས་མེ་བསྲེགས་གཏང་ཚུལ་སོགས་ཚོར་བ་རྐྱེན་པོའི་སྒོ་ནས་གདོང་པ་ལ་སྐྱོ་ཉམས་དང་། ངག་གི་ངུ་སྐད་དང་སྦྲགས་ནས་བཤད་པས་དེར་ཡོད་ངོས་ཀྱི་དགེ་འགའ་ཡིས་མིག་ནས་མཆི་མ་ཉིལ་ཉིལ་གཏོང་ནས་ཉན་གྱི་འདུག མཐར་དྲི་བ་དྲིས་ལན་སོགས་ཀྱིས་མི་མང་རྣམས་བློ་འདོད་ཡོངས་སུ་བཀང་། ཚང་མ་དགའ་བོ་བྱས་ནས་ད་དུང་མུ་མཐུད་བོད་ཀྱི་སྐོར་སྐད་ཆ་བཤད་རྒྱུའི་གོ་སྒྲིགས་བྱེད་ཀྱི་ཡིན་ཟེར། དེ་རིང་ཆུ་ཚོད་གཉིས་ཙམ་བོད་སྐོར་སྐད་ཆ་གང་བཤད་པ་རྣམས་སང་ཉིན་ས་གནས་འདིར་གཟུགས་མཐོང་གློག་བརྙན་ནང་དུ་བསྟེན་གྱི་རེད་ཟེར་། གཟུགས་མཐོང་གློག་བརྙན་འདི་ལྟ་མཁན་མི་གྲངས་འབུམ་དགུ་ཡོད་རེད་ཟེར། ངོས་ཀྱི་ཆོས་ཚོགས་ཀྱི་མི་རྣམས་ཀྱིས་གྲ་བསྒྲིགས་བྱས་ཤིང་དཀའ་ལས་རྒྱབ་པ་ངོས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་གཞིས་ལུས་བོད་མིའི་གནས་སྟངས་འཛམ་བུ་གླིང་སྡིང་ཆའི་སྒང་ལ་བསྐྱལ་རྒྱུ་དེ་སོ་སོའི་མ་བསྐུལ་དངས་བླངས་ཀྱི་འོས་འགན་ཞིག་ཏུ་སོང་བས་ད་རེས་ཀྱི་གོ་སྐབས་བཟང་པོ་འདི་ཡི་བརྒྱུད་ཉིན་གཅིག་རིང་སྔ་དྲོ་ཨ་རིའི་རླུང་འཕྲིན་ཁང་དང་བོད་སྐད་རླུང་འཕྲིན་ཁང་། ཕྱི་དྲོ་མི་མང་ལ་སྐད་ཆ་བཤད་ས་ཟླ་བ་གཅིག་རིང་དུས་ཆད་བྱས་པའི་རིང་ནས་སྙིང་དུ་གནག་པའི་འདོན་དོན་དེ་རེ་ཞིག་རང་ནུས་གང་ཡོད་ཡག་པོ་བྱུང་སོང་བས་ཧ་ཅང་དགའ་བོ་བྱུང་། དེ་ནས་ཕན་ཚུན་གྱེས་བྲལ་གྱི་ཐུགས་རྗེ་ཆེ་ཞེས་ལག་འཇུ་དང་། འཐམ་འཁྱུད་སོགས་ཅི་རིགས་ཀྱིས་རང་རང་སོ་སོའི་གནས་སུ་བདེ་བར་སོང་ནས་ནང་དུ་འབྱོར་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Sunday, May 20, 2012

ཉིན་མ་གཟའ་ཡིས་ཟིན་པའི་ཉིན་མོ།

ཉི་འཛིན་གྱི་པར་རིས། 
ཉིན་མོ་འདིར་ཨ་རི་ཀི་ཀ་ལི་ཧྥོར་ཉའི་ཆུ་ཚོད་དྲུག་པའི་སྐབས་སུ་ཉི་འཛིན་ཡོད་པས་དེར་ལྟད་མོ་ལྟ་རུ་ངོས་ཀྱི་དགེ་ཕྲུག་འགའ་དང་ལྷན་རྒྱ་མཚོའི་འགྲམ་དུ་སོང་བ་ཡིན། ཉི་འཛིན་དང་ཟླ་འཛིན་ཞེས་པ་འདིར་འདོད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་ཚན་རིག་པས་ཟེར་ན་ས་གོ་ལས་ལོ་རེའི་ནང་ཉི་ཟླའི་ཟུར་གྱི་ཆ་ཤས་སྒྲིབ་ཚུལ་བཤད། སྲོལ་རྒྱུན་བོད་ཀྱི་དམངས་ཁྲོད་དུ་གྲགས་སྲོལ་ལྟར་དུ་བྱས་ན་ལྷ་བུ་ཉིན་མས་ཞུས་པའི་མདོ་ལྟར་དུ་ཉི་ཟླ་གཟའ་སྒྲ་ཅན་གྱིས་ཟོས་ཤིང་ཨོག་མ་ནས་མར་སྐྱུགས་པའི་ལོ་རྒྱུས་དང་བཅས་བཤད་སྲོལ་མི་འདྲ་བ་ཡོད་ཀྱང་། གང་ལྟར་ཉི་ཟླ་གཟའ་ཡིས་ཟོས་ཀྱང་རུང་ས་གོ་ལས་ཉི་ཟླ་སྒྲིབ་ཀྱང་རུང་ཉིན་མོ་འདིར་རྣམ་དཀར་གྱི་དགེ་བ་གང་བྱས་འབུམ་འགྱུར་དང་བྱེ་འགྱུར་ལ་འགྲོ་ཞེས་བརྒྱུད་གཞུང་མང་པོར་གསུངས་ཡོད་པས་ངོས་ནས་དབྱིན་ཇི་རྣམས་ལ་བསྐུལ་མ་ལྟར་དུ་རྒྱ་མཚོའི་འགྲམ་བྱེ་མའི་ཐང་དཀྱིལ་དུ་བསྡད་ནས་ཨ་མི་དྷེ་བའི་གཟུངས་སྔགས་བསྙེན་དབྱངས་བྱས། ཁ་ཤས་ཀྱིས་ཟུར་ནས་པར་ལེན་པ་དང་། ཁ་ཤས་རྒྱ་མཚོའི་འགྲམ་ནས་རྐང་འགྲོས་སོགས་བྱེད་མཁན་གང་ལྟར་མི་ཧ་ཅང་མང་པོ་འདུག དེ་ནས་རྗེའུ་ཧྥུ་དང་། སུ་སིན་ངེད་གསུམ་གཟའ་ཉི་མའི་ཤ་མེད་ཟ་ཁང་ནང་དུ་རྟག་པར་དགོང་ཟས་མཉམ་དུ་ཟ་སྲོལ་ཡོད་པས་དེར་སོང་ནས་ཚོད་མ་དང་། བག་ལེབ་སོགས་དགོང་ཟས་འགྲང་ཚད་ཟོས་ནས་ནང་དུ་འབྱོར་ཞིང་ལག་ཁྱེར་རྩིས་འཁོར་གོབ་ཏོ་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས། སེམས་སྐྱོ་དགོས་པ་ཞིག་ལ་རྒྱལ་གཅེས་དཔའ་རྒོད་ཞི་བའི་གོམས་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁྲེལ་མེད་བལ་པོའི་ཇག་པ་དེ་ཚོའི་ལག་ཏུ་ཐེབ་ནས་བཙོན་ཁང་ཞིག་ནང་དུ་བཅུག་ཡོད་པའི་སྐོར་དེ་རེད་འདུག ཉིས་སྟོང་གསུམ་ལོའི་སྐབས་སུ་ངོས་ཀྱང་བལ་པོའི་གནམ་ཐང་ནས་བལ་སྐད་མ་ཤེས་པའི་དབང་གིས་དཀའ་ངལ་འཕྲད་པ་དེ་སེམས་ནང་དྲན་བཞིན་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, May 14, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ།

མཛེས་ཤིང་ལྟ་ན་སྡུག་པའི་སངས་རྒྱས་ཀྱི་སྣང་བརྙན།
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ་ནས་དེ་རིང་གི་གནམ་གཤིས་དེ་ཧ་ཅང་བཟང་བས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་ཕྱི་རོལ་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་སོང་ནས་ནང་དུ་འབྱོར། དེ་རིང་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་བསྐལ་བཟང་གི་ཉིན་མོ་དེ་ཡིན། ཐོག་ཁར་སོང་ཞིང་ཉོས་ནས་ལོ་མང་སོང་བའི་རྩིས་འཁོར་ལག་ཁྱེར་གོབ་ཏོ་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་རྒྱལ་གཅེས་དཔའ་རྒོད་གླིང་ཚ་མ་བུ་གསུམ་གྱིས་རྒྱ་ནག་གཞུང་ལ་གྲོས་ཆོད་དོན་ཚན་ལྔ་ཅན་གྱི་བསམ་འཆར་བཏོན་ནས་དགོས་དོན་དེ་ཉིད་མ་འགྲུབ་བར་དུ་བཞུགས་སྒར་རྡ་ས་ནས་བོད་བར་དུ་ཞི་བའི་གོམས་བགྲོད་བྱས་ནས་ཟླ་བ་གཉིས་མ་ཟིན་ཙམ་གྱི་སྐབས་སུ་རྒྱ་བལ་གཉིས་ཀྱི་ས་མཚམས་ནས་བལ་པོའི་དམག་མིའི་འཕྲོག་བཅོམ་དང་རྒྱག་རྡུང་སོགས་བྱས་ནས་མ་རྒན་སྨན་ཁང་ནང་དུ་བསྐྱལ་དགོས་པ་བྱུང་ཡོད་པའི་ཐབས་སྐྱོ་བོའི་གནས་ཚུལ་དེ་རེད་འདུག ང་ནི་ཁོང་མ་བུ་གསུམ་གྱི་ལས་འགུལ་དེས་ངོ་མ་རྒྱལ་པོ་དྲི་མེད་ཀུན་ལྡན་ནས་ནོར་བུ་དགོས་འདོད་ཀུན་འབྱུང་བྲམ་ཟེ་ལ་སྦྱིན་པ་གཏང་བའི་ཆད་པ་རུ་ཡབ་ས་སྐྱོང་གྲག་པས་ཁོང་མ་བུ་རྣམས་བདུད་རི་ཧ་ཤང་ལ་རྒྱངས་ཕུད་གཏང་བའི་གནས་ཚུལ་དེ་ཇི་མ་ཇི་བཞིན་ཡིད་ལ་འཁོར་གྱི་འདུག དྲ་ངོས་སུ་ཁོང་མ་བུ་གསུམ་གྱིས་རྒྱ་གར་ཚ་བའི་ཁྲོད་ནས་རྒྱབ་ཏུ་ཁུར་པོ་ཁུར་ཞིང་ལག་ཏུ་དར་ཆ་རྣམས་བཟུང་ནས་རྐང་འགྲོས་བྱེད་བཞིན་པའི་པར་དེ་རྣམས་མཐོང་བའི་སྐབས་སུ་མིག་ནས་མཆི་མ་ཤོར་བ་ཐེངས་གཅིག་ཙམ་ག་ལ་ཡིན། 
ཉིན་གུང་ཟ་མ་མདོར་བསྡུས་ཞིག་ཟོས་ནས་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་རྣམས་རིམ་བཞིན་འབྱོར་ནས་དེ་རིང་ཕལ་ཆེར་མི་གྲངས་བཞི་བཅུ་ལས་མི་ཉུང་བ་ཞིག་འདུག དེ་རིང་ནི་ངོས་ཀྱི་སྐད་བསྒྱུར་མེད་ཀྱང་ཚང་མ་ལ་ཁམས་འདྲི་དང་སྦྲགས་ནས་ཀུན་སློང་བཅོས་སྟངས་དང་གསར་བུ་ཁ་ཤས་ཞིག་ཡོད་པ་དེ་རྣམས་ལ་ཆེད་དུ་བྱས་ནས་སངས་རྒྱས་འོད་དཔག་མེད་ཀྱི་རྣམ་ཐར་མདོར་བསྡུས་བཅས་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་སྐྱོན་ནས་ཁ་དང་ལག་པ་མཉམ་རུབ་བྱས་ནས་འགྲེལ་བཤད་གང་ཤེས་བྱས་པས་སློབ་མ་རྙིང་པ་རྣམས་ནས་ངོས་ཀྱི་དབྱིན་ཇི་གོབ་ཏོ་དེ་ཧ་མདོག་འདྲ་བྱེད་ནས་གད་མོ་ཚག་ཚག་ངང་མགོ་ལིང་ལིང་བྱེད་ཀྱི་འདུག བུ་མོ་ལོ་ཆུང་ཁ་ཤས་གཙོས་གསར་བུ་འགའ་ཡོད་པ་དེ་རྣམས་ཀྱིས་ཁ་ནམ་མཁར་གདངས་ནས་ཅི་ཞིག་ཟེར་བའི་བརྡ་ཡིས་ངོས་ཀྱི་གདོང་ལ་གཅེར་བཞིན་འདུག་སྟབས་ཕལ་ཆེར་ཧ་གོ་མེད་ལས་ཆེ། གང་ལྟར་དེ་རིང་གི་ཆོ་ག་ནི་བོད་ཀྱི་སྒྲ་གདངས་ཐོག་སྙན་པའི་དབྱངས་ཀྱི་རྟ་ལ་སྐྱོན་ནས་བཏོན། མདུན་སྐྱེད་འོད་ཞུའི་སྐབས་སུ་སྐར་མ་ལྔ་ལ་སྒོམས་རྒྱབ་པ་སོགས་བྱས་ནས་བསྔོ་བ་སྨོན་ལམ་གྱིས་མཐར་དབྱུངས་བས་མི་མང་ཧ་ཅང་དགའ་བོ་བྱས་སོང་། མ་ཟད་ཟུར་བཅར་བ་ཁ་ཤས་ཞིག་ནས་དངོས་གནས་ཧ་ཅང་ཡག་པོ་འདུག བདུན་ཕྲག་རྗེས་མར་ཏན་ཏན་ཡོང་གི་ཡིན་ཟེར་མཁན་མི་ཉུང་བ་ཞིག་བྱུང་། དེ་ནས་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་། ལག་གཡུགས་སོགས་ཅི་རིགས་ཀྱིས་རང་རང་སོ་སོའི་གནས་སུ་ལོགས། ངོས་ཀྱང་ནང་དུ་འབྱོར་བ་དང་ལྷན་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Sunday, May 13, 2012

ཨ་རིའི་མ་ཡི་དུས་ཆེན་ཉིན་མོ།

ཨ་མའི་དུས་ཆེན་སྐབས་སུ་སུ་སིན་དང་མཉམ་དུ། 
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། དེ་རིང་གི་ཉིན་མོ་འདི་ནི་"ཨ་མའི་དུས་ཆེན"ཞེས་སྐྱེ་འགྲོ་སྲོག་ལྡན་ཀུན་གྱིས་མཛའ་བའི་ཡུལ་དུ་གྱུར་པ་དྲིན་ཆེན་གྱི་མ་ལོའི་དུས་ཆེན་དམིགས་བསལ་ཅན་ཞིག་ཡིན། ཡིན་ནའང་བསོད་ནམས་དམན་པ་ཞིག་ལ་ངོས་ཀྱི་སྐྱེས་མ་དེ་ནི་ངོས་རང་ཟླ་བ་གསུམ་ཙམ་སྐབས་སུ་རྒྱ་ནག་དམར་པོའི་གཞུང་ནས་བོད་ཆོལ་ཁ་གསུམ་ལ་བསད་འཕྲོག་རྡུང་གསུམ་གྱིས་"རིག་གནས་གསར་རྗེ་ཆེན་པོའི་ལས་འགུལ"། ཞེས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་ལས་འགུལ་དེའི་ཁྲོད་ནས་ངོས་ཀྱི་དྲིན་ཆེན་མ་ལོ་དེ་དང་ངོས་ཀྱི་ཨ་ཞང་ཆུང་བ་བཅས་ནང་མི་གསུམ་ལ་གྲལ་རིམ་འཐབ་རྩོད་ཀྱི་བརྡུང་རྡེག་ཁྲོད་ནད་མུག་གཉིས་ཀྱི་རྐྱེན་བྱས་ནས་རིང་པོར་མ་ཐོག་པར་མཐར་མུག་ཤི་ཐེབས། ཨ་མའི་དུས་ཆེན་འདི་འདྲའི་སྐབས་སུ་ཨ་ཕ་དང་ཨ་མ་ཞེས་གཟའ་ཚང་ནང་མི་མཉམ་དུ་འགྲོ་དུས་ངོས་ཀྱི་སྐྱེས་མ་དེ་ད་ལྟ་ཡོད་ན་བསམ་དྲན་གྱི་འདུག ཡིན་ནའང་སྐྱེས་པའི་ཨ་མས་བུ་ཆུང་ལོང་བ་ཐང་དཀྱིལ་དུ་འཕངས་པ་ལྟར་མ་བུ་མཉམ་འཇོམས་ཀྱི་དུས་ཚོད་མེད་པ་འཇིག་རྟེན་འདིར་ཤི་གསོན་ཁ་བྲལ་དགོས་པ་ནི་ཆེས་ཡ་ང་བ་ཞིག་ཡིན་ཀྱང་འུས་ཐུག་དུས་ནང་པའི་གཞུང་ལུགས་རྣམས་སུ་"ལས་"ཞེས་པའི་ཚིག་འདི་ལ་བློ་བཅོལ་དུས་སེམས་ལ་ཕན་པོ་འདྲ་ཞིག་འདུག ཡིན་ནའང་ངོས་ནི་མི་བུ་རྣམས་ཀྱི་བཤད་སྲོལ་ལ་བུ་ཆུང་ཡིད་འོང་འཛུམ་གྱིས་ཁེངས་པ་ཞིག་འདུག་ཟེར་ནས་ས་ཆ་གང་དུ་སོང་ཀྱང་། འཇའ་གར་སོང་ཉི་མའི་རང་བཞིན་གྱི་དཔེ་ལྟར་དུ་བུ་ཆུང་གར་སོང་ཨ་མའི་རང་བཞིན་རེད་འདུག་སྟབས་ད་རེས་ཀྱང་ས་གནས་འདིར་ཉི་ཧོང་ནས་ཡིན་པའི་ཨ་མ་རྒན་མོ་ལོ་གྲངས་བརྒྱད་བཅུ་ཅན་མིང་susan schek ཆོས་མིང་དུ་ཀུན་བཟང་དབང་མོ་ཞེས་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཨ་མ་ཞིག་རྙེད་སོང་། དེ་སྔ་ཕན་ཆོད་མི་ཚེ་ཕྱེད་ཀར་ས་མཐའ་དེ་སྐོར་བ་བསྐོར་བསྐོར་བྱས་ནས་སོང་ཀྱང་ཕྱི་རྒྱལ་བའི་ཆོས་པ་ཨ་མ་འདི་འདྲ་ཞིག་ཐུག་མ་མྱོང་། ཨ་མ་འདིས་ནི་དམིགས་བསལ་གསང་སྔགས་རྙིང་མའི་ཆོས་ལ་མི་འཕྲོག་པའི་དད་གུས་ཅན་དང་མ་ཟད་ལོ་གསུམ་གོང་ནས་སྙིང་ཐིག་སྔོན་འགྲོ་འབུམ་བཞི་ཆ་ཚང་གདན་ཐོག་གཅིག་ཏུ་བཞགས་ཚར་འདུག ཁ་འདོན་དགེ་སྦྱོར་སོགས་ཀྱིས་ཉིན་མཚན་དུས་འདའ་བ། ལྷག་པར་དུ་ངོས་ལ་ར་གན་གསེར་རློམ་གྱི་འདུ་ཤེས་ཅན་དད་ལྡན་མ་ཨ་མ་རྒན་མོ་དེ་ལོ་གྲངས་ཆེ་ཡང་ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཡིན་པ་མ་ཟད་ཆོས་ཚོགས་ཀྱི་མཆོད་དཔོན་ཀྱང་ཡིན། ཆོས་ཚོགས་ཀྱི་སློབ་མའི་ནང་དུ་ཆོས་པ་མིག་དཔེ་ཡར་ལ་ལྟ་ས་གཅིག་ཡོད་པ་དེ་ནི་ཨ་མ་འདི་ཡིན། ང་བསྡད་ས་ནས་མོ་རང་ཁང་པའི་བར་དུ་སྐར་མ་ལྔ་ལས་མི་དགོས། ཨ་མ་འདིར་བུ་གཉིས་ཡོད་པ་ནི་བུ་ཆུང་བ་ཆང་ས་རྒྱབ་ཚར་ནས་ས་གནས་གཞན་ཞིག་ཏུ་ཡོད། བུ་ཆེ་བ་ད་དུང་ཨ་མའི་འཁྲིས་སུ་ཡོད། ང་ནི་ཉིན་རྟག་པར་ཨ་མ་འདི་ཡི་མཉམ་དུ་འགྲོ་ཆེས་ནས་ངོས་ཀྱི་དགེ་ཕྲུག་རྣམས་ནས་སྐབས་རེར་རྩེད་མོ་དང་སྦྲགས་ནས་ཁྱེད་མ་བུ་གཉིས་ཞེས་འབོད་ཀྱི་ཡོད། དེ་རིང་ནི་ལུས་ཀྱི་ཨ་མ་འཇིག་རྟེན་འདིར་མེད་ཀྱང་ལས་ཀྱི་ཨ་མ་དེར་ལུས་ཀྱི་ཨ་མའི་དྲན་གསོའི་ཆེད་དུ་ཐེའུ་ལན་གྱི་ཟ་ཁང་ཞིག་ནང་ཉིན་གུང་ཟ་མ་ཞིག་དང་མ་ཟད་མེ་ཏོག་ཆག་པ་ཞིག་ལག་བརྟགས་སུ་སྤྲད་པས་མོ་རང་ཧ་ཅང་དགའ་བོ་བྱུང་སོང་། ཉིན་གུང་རྒྱབ་ནས་གནམ་གཤིས་བཟང་བས་རྒྱ་མཚོའི་འགྲམ་དུ་སྤྲོ་སེངས་ལ་སོང་ནས་ནང་དུ་འབྱོར་བ་དང་མཉམ་དུ་ངོས་ཀྱི་དགེ་ཕྲུག་རྗེའུ་ཧྥུའི་འདོད་པ་ལྟར་དུ་ཤ་མེད་ཟ་ཁང་ཞིག་ནང་ཡང་སྐྱར་མ་རྒན་ངེད་གཉིས་སྐད་གཏང་བྱུང་བས་དེར་སོང་ནས་ནུབ་ཟས་འགྲངས་ཚད་ཅིག་ཟོས་ཤིང་ནང་དུ་འབྱོར་ནས།
ཨ་སྔོན་དགུང་ལས་ངོ་ཤེས་མེད་པའི། །
ཨ་རིའི་ཡུལ་གྱི་ལུང་པ་འདིའི་ནང་། །
ཨ་མ་ཀུན་བཟང་དབང་མོ་དེ་ཡིས། །
ཨ་ཁུ་ང་ལ་བཀའ་དྲིན་ཆེ་སོང་། །
མ་བུ་ཞེས་པའི་ཐ་སྙད་འདི་ཉིད། །
མ་གྱུར་འགྲོ་ལ་སྤྱི་སྐད་ཡིན་མོད། །
མ་མེད་དྭ་ཕྲུག་ང་ཡི་ཨ་མ། །
མ་བཞུགས་ས་གནས་གང་དུ་བཞུད་སོང་། །
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, May 7, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

མ་ལེ་ཤའི་ཆོས་ཚོགས་ནས་པར་སྐྲུན་བྱས་པའི་དེབ་ཆུང་། 
ཞོགས་པ་ལངས་ནས་ཁ་འདོན་རྣམས་རིམ་བཞིན་ཚར་བར་བྱས་ནས་ཞོགས་ཟས་སུ་རོལ། དེ་རིང་གི་ཉིན་མོ་འདི་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དང་མ་ཟད་དེ་རིང་དམིགས་བསལ་ཆོས་བཤད་རྒྱུ་ཡོད་པ་དེ་ཡིན། གློ་ཁུག་ནང་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་རྡི་ལི་མཐོ་རིམ་སློབ་གྲྭའི་ནང་དུ་ཡོད་པའི་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་རེད་འདུག མོ་རང་ནས་གསུངས་ན་ང་རྒྱ་གར་ག་དུས་ཡོང་མིན་དང་དུས་ཚོད་སོགས་ཀྱི་སྐོར་རེད་འདུག དེ་ནི་ངེད་ཚ་ཞང་གཉིས་ཕན་ཚུན་མ་ཐུག་ནས་ཕལ་ཆེར་ལོ་གསུམ་ཙམ་ཞིག་ཡིན་སྟབས་མོ་རང་ངོས་ལ་ཧ་ཅང་འཕྲད་འདོད་ཆེ་བ་ནི་ཁ་པར་ནམ་གཏང་ལ་མིག་ནས་མཆི་ཤར་རེ་མི་གཏོང་བ་ཕལ་ཆེར་མེད་པ་དེ་རེད། ངས་ཀྱང་གཞན་དབང་སྟབས་བསྟུན་ལུང་པ་འདི་ཡིན་ནང་ནས་རྒྱ་གར་ཡོང་གི་ཟེར་བའི་སྐད་ཆ་འདིས་མོ་རང་མགོ་སྐོར་གཏང་བ་ཐེངས་གཅིག་ག་ལ་ཡིན། དེ་ནི་རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་ཞེས་པའི་ཚིག་དུམ་འདི་གཉིས་ཀྱིས་འགྲེལ་བཤད་ཞོར་དུ་རྒྱག་པ་ལས་ངོས་རང་ཁྲེལ་མེད་མ་རབ་ཅན་གྱི་མི་ཞིག་མིན་པ་ནི་སུ་ཡིན་ཀྱང་རྟོགས་ཐུབ། ལར་ནི་སྙིང་ནས་གཅེས་འོས་པའི་ངོས་ཀྱི་ཚ་མོ་དེ་ལ་ང་རྒྱ་གར་ལ་སང་ཉིན་ཡོང་གི་ཡིན། གནང་ཉིན་ཡོང་གི་ཡིན་ཞེས་པའི་དགའ་ཤི་སྡུག་གྱོང་སྣ་ནང་སྤྲད་པ་དེ་ནི་ངས་ཀྱང་སེམས་ནང་དུ་ནམ་ཡང་ཡར་མེད་ལྗིད་ཏིག་གེར་ད་དུང་བསྡད་ཡོད་པའི་འགྱོད་གདུང་དེ་ཡིན། ད་རེས་ཡིན་ན་དངོས་གནས་དྲང་བདེན་སྔ་ཕྱི་ལས་མ་གཏོགས་འགྲོ་གཏན་ཁེལ་བྱུང་བས་ཅི་ཟེར་ཁ་ལ་ཉན་ཅིང་། ཡ་རབ་གཉོམ་ཆུང་ཅན་གྱི་ཚ་མོ་དེ་ལ་བརྔན་པ་རུ་དེང་དུས་ཐོན་གསར་ཅན་གྱི་རྩིས་འཁོར་ཞིག་ཀྱང་ཉོ་བསམ་ནས་ཞེ་ཕུག་ལ་བཞག་ཚར་ཡོད། ཉིན་གུང་ཟ་མ་ཟོས་ནས་འགྲམ་དུ་ཡོད་པའི་ཡི་གེ་པར་ཁང་ཞིག་ཡོད་པ་དེར་སོང་ནས་དེ་རིང་གི་ཆོས་ཁྲིད་རྣམས་པར་ལ་རྒྱབ་ཅིང་གང་དགོས་ཁུར་ཆོག་ཆོག་བྱས་ནས་གྲ་སྒྲིག་བྱས། དེ་རིང་གི་ཆོས་ཐུན་ནི་ཉེ་བའི་ཆར་བརྩམས་པའི། "སྙིང་གཏམ་ཆོས་ཀྱི་བདུད་རྩི།" ཞེས་པ་ཤོ་ལོ་ཀ་ཉེར་གཅིག་ཅན་དེའི་མཇུག་སྐྱོང་རྒྱུ་དེ་ཡིན། ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་བཤད་བྱེད་སར་སོང་བས་མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་ནས་ཚོགས་ཁང་ཕྱེད་ཀར་ཡོངས་སུ་ཁེངས་སོང་། དེ་རིང་ནི་གཟའ་ཟླ་བའི་འཆར་ཅན་བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུ་དེ་ཡིན་ཀྱང་། ཉེ་ཆར་བྲིས་པའི་བསླབ་བྱའི་ཆོས་ཐུན་གཉིས་པ་དེ་རིང་ཉིན་ཐ་མ་ཡིན་པས་བདེ་ཆེན་ཞིང་སྒྲུབ་མདོར་བསྡུས་ཞིག་གཏང་ནས་ཆོས་གཏམ་བྱས། དང་པོ་སྔོན་འགྲོའི་ཆོས་ལ་ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་བཤད་ནས་དངོས་བཞིའི་ཆོས་ཉིད་བོད་དགོན་བཤད་གྲྭ་རྣམས་སུ་དཔེ་ཆ་འཁྲིད་སྟངས་ལྟར་དུ་བྱས་ནས་ཚིག་དོན་གཉིས་ཀར་འགྲེལ་བཤད་ལོ་རྒྱུས་དང་སྦྲགས་ནས་བཤད། ཤོ་ལོ་ཐ་མར། 
དེ་སྐད་རང་ཉམས་མེད་པ་གང་དྲན་དུ། །
བོང་བ་གསེར་གཟིགས་ཅན་གྱི་སློབ་བུ་འགས། །
བསྐུལ་མ་ལྟར་དུ་ཕྱོགས་མེད་རྒྱལ་ཁམས་པ། །
ཆོས་སྨྲའི་མིང་འཛིན་དེ་ཡི་སྙིང་གཏམ་ཡིན། །
ཞེས་སྙིང་གཏམ་དུ་བྱས་པ་ཤོ་ལོ་ཀ་ཉེར་གཅིག་ཅན་གྱི་ཆོས་ཐུན་མཛད་བྱང་དང་བཅས་པ་ཆོས་ཞུ་བ་རྣམས་ཀྱི་སོ་སོའི་འདོད་བློ་དང་མཐུན་པར་དྲི་བ་དྲིས་ལན་སོགས་ཀྱིས་མཇུག་ཡོངས་སུ་གྲུབ་པར་བྱས་པས་མི་མང་ཚང་མ་ཧ་ཅང་དགའ་བོ་བྱུང་སོང་། དེ་ནས་ཟུར་དུ་ཆེད་བཅར་བ་རྣམས་ཀྱི་ཁ་བརྡ་དང་སྐད་ཆ་སོགས་ཀྱིས་མཇུག་ཡོངས་སུ་བསྡུས་ནས་མཐར་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་། ལག་འཆང་སོགས་ཅི་རིགས་ཀྱིས་ཕེབས་རྫོངས་གྲུབ་པར་བྱས་ནས་རང་རང་སོ་སོའི་གནས་སུ་བདེ་བར་ལོག ངོས་ཀྱང་ནང་དུ་འབྱོར་བ་ལྷན་དུ་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, May 6, 2012

བྷོ་སི་ཊོན་ངོས་ཀྱི་དགེ་ཕྲུག་བཙོན་པ་རྣམས་ནས་ཡི་གེ་འབྱོར་བའི་ཉིན་མོ།

དགེ་ཕྲུག་བཙོན་པ་རྣམས་ཀྱིས་གཏང་བའི་ཡི་གེ 
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོགས་ཟས་ལ་རོལ། དེ་རིང་གི་ཉིན་མོ་འདི་ནི་གནམ་གཤིས་ཧ་ཅང་བཟང་བས་ཟུར་དུ་ཡོད་པའི་རྒྱ་མཚོའི་འགྲམ་དུ་སྤྲོ་སེང་ལ་ཆུ་ཚོད་གཉིས་ཙམ་སོང་ནས་ནང་དུ་འབྱོར། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་སུ་སིན་རེད་འདུག་མོ་རང་ནས་གསུངས་ན་ཡི་གེ་གལ་ཆེན་ཡིན་མདོག་ཁ་བོ་ཁ་ཤས་འདུག་པས་ད་ལྟ་རང་བསྐྱལ་ཡོང་གི་ཡིན་གསུངས། སྐར་མ་ལྔ་ལས་མེད་པའི་སུ་སིན་ནས་ངོས་ཀྱི་ཡེ་གེ་རྣམས་ཁུར་སོང་བས་རིམ་བཞིན་ཁ་ཕྱེ་དུས་གལ་ཆེ་བ་ཞིག་ལ་བྷོ་སི་ཊོན་བཙོན་ཁང་ནང་དུ་ཡོད་པའི་ངོས་ཀྱི་དགེ་ཕྲུག་རྣམས་རེད་འདུག ལོ་གཉིས་ཡར་སྔོན་ཞིག་ནས་བྷོ་སི་ཊོན་ངོས་ཀྱི་ཆོས་གྲོགས་ཨེའི་ཌེའི་དང་མཉམ་དུ་བཙོན་ཁང་ཞིག་ནང་དུ་བཙོན་པ་རྣམས་ལ་ཐུག་འཕྲད་དུ་སོང་བ་ཡིན། སྐབས་དེ་དུས་མི་རིགས་སྣ་མང་ལས་གྲུབ་པའི་བཙོན་ཁང་ཞིག་ནང་དུ་བཙོན་པ་རྣམས་སྡེ་ཚན་སྡེ་ཚན་བྱས་ནས་བསྡད་འདུག ང་ཐུག་འཕྲད་བྱེད་སའི་བཙོན་པ་མི་གྲངས་དགུ་ཡོད་པ་དེ་རྣམས་ནི་ནང་པ་རེད་འདུག ང་ནང་དུ་འབྱོར་བ་དང་མཉམ་དུ་ངོས་ལ་ཕྱག་འཚལ་བ་དང་གུས་ཞབས་བྱེད་ཀྱི་འདུག བཙོན་པ་ཁ་ཤས་ཚེ་བཙོན་རེད་འདུག ཁ་ཤས་བཙོན་ཁང་ནང་དུ་བསྡད་ནས་མི་ལོ་བཅུ་ལྔ་དང་ཉི་ཤུ་དེ་འདྲ་ཅན་མང་པོ་འདུག ཁོ་རང་ཚོ་མཉམ་དུ་འཛོམས་ས་ཁང་པ་ཆུང་ཆུང་ཞིག་འདུག་དེར་སོང་བས་བཙོན་པ་ཚང་མས་སོ་སོའི་ནག་ཉེས་ག་འདྲ་བྱས་མིན་འཛེམས་ཟོན་མེད་པར་མིག་ནས་མཆི་མ་གཏོང་བཞིན་བཤད་རྐྱང་བྱེད་ཀྱི་འདུག ཁ་ཤས་ཀྱིས་མི་བསད་པ་དང་། མང་ཤོས་ནི་བུ་དང་བུ་མོ་ལོ་ཆུང་རྣམས་ལ་བཙན་གཡེམས་བྱས་པ་ཤ་སྟགས་རེད་འདུག ང་ནི་བཙོན་ཁང་དེར་འབྱོར་བ་དང་མཉམ་དུ་ཁོང་ཚོ་ལ་ཧ་ཅང་སྙིང་རྗེ་བྱུང་། དེ་ནས་ཨེའི་ཌེ་ཁོ་རང་གི་འདོད་པ་ལྟར་དུ་བཙོན་པ་རྣམས་ལ་བྱང་ཆུབ་སེམས་སྡོམ་དང་མ་ཎི་དང་། ཨ་མི་དྷེ་ཝའི་གཟུངས་སྔགས་སོགས་ཀྱི་ལུང་གནང་། དེ་ནས་བཟུང་བཙོན་ཁང་ནང་དུ་ཐེངས་མང་པོར་སོང་བས་བཙོན་པ་དེ་རྣམས་ང་ལ་ཧ་ཅང་དགའ་བོ་བྱེད་ཀྱི་འདུག བཙོན་ཁང་ནང་དུ་ཆོས་ལུགས་འདྲ་མིན་གྱི་བཙོན་པ་རྣམས་འདུག ཆོས་ལུགས་འདྲ་མིན་གྱི་བཙོན་པ་རྣམས་ལ་ཆོས་ལུགས་དེ་ཉིད་ཀྱི་དགེ་རྒན་གྱིས་བཙོན་པ་རྣམས་ལ་སྡེ་ཚན་དུ་བགོས་ནས་ཆོས་བསླབ་ཀྱིན་འདུག ངས་ཀྱང་ཁོང་ཚོ་ལ་༧ གོང་ས་སྐྱབས་མགོན་ཆེན་པོའི་གསུངས། "བྱམས་བརྩེའི་ནུས་སྟོབས་" ཞེས་པའི་དེབ་ཉིད་པར་སྐྲུན་བྱས་ནས་མི་རེར་དེབ་རེ་སྤྲད་པ་ཡིན། ཉིན་མ་གཅིག་དེར་ཡོད་པའི་བཙོན་པ་དགུ་པོ་ཚང་མས་ངོས་ཀྱི་མདུན་ནས་སྐྱབས་འགྲོའི་སྡོམ་པ་ཞུས་སོང་། ངས་ཀྱང་ཁོང་ཚོ་ལ་བོད་པའི་མིང་དང་སྐྱབས་སྡོམ་སོགས་གནང་བ་ཡིན་དེ་ནས་བཟུང་ཁོ་རང་ཚོ་ཚང་མ་ནང་པ་ལ་འགྱུར་བ་མ་ཟད་གཟའ་ཉི་མ་རྟག་པར་འཆར་ཅན་ལྟར་དུ་བདེ་ཆེན་ཞིང་སྒྲུབ་མ་ཆད་པར་བྱེད་ཀྱི་འདུག་ཟེར། དེ་རིང་གི་ཡི་གེའི་ནང་དོན་ལ། 
༼༄༅།། ང་ཚོ་ཉམ་ཐག་བཙོན་པ་རྣམས་ཀྱི་སྐྱབས་གནས་བླ་ན་མེད་པ་དགེ་རྒན་མཁན་པོ་ཀར་བསྟན་ལགས་ཀྱི་དྲུང་། 
ཁྱེད་རང་དེང་སང་སྐུ་གཟུགས་བདེ་ཐང་ཡིན་པའི་རེ་བ་དང་། ང་ཚོ་བཙོན་པ་མི་དགུ་པོའི་ནང་ནས་ཁྱེད་རང་སློབ་མ་བཙོན་པ་ཀརྨ་དཔལ་ལྡན་ནམ་དབྱིན་མིང་དུ་ལྗོནའུ་སེན་ཁོང་ཟླ་བ་གཅིག་གོང་ནས་བཙོན་པའི་ལོ་ཚད་ཚང་ནས་གློད་གྲོལ་གཏང་ཞིང་ད་ལྟ་ནང་མི་དང་མཉམ་དུ་ཆི་ཀ་གོའི་ལ་ཡོད་རེད། དེ་མིན་ང་ཚོ་ཚང་མ་སྔར་བཞིན་བདེ་ཐང་འོག་གཟའ་ཉི་མར་བདེ་ཆེན་ཞིང་སྒྲུབ་འདོན་བཞིན་བསྡད་ཡོད། ན་ནིང་ཁྱེད་ཀྱི་གྲོགས་པོ་ཨེ་ཌེའི་བརྒྱུད་ནས་ང་ཚོ་ལ་ཧ་ཅང་བྱིན་རླབས་ལྡན་པའི་ཕྲེང་བ་རེ་རེ་གནང་འབྱོར་སོང་བས་ཧ་ཅང་དགའ་སྤྲོ་ཚད་མེད་དང་ལྷན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དེ་སྔོན་ཁྱེད་ལ་ཡི་གེ་ཐེངས་གཅིག་གཏང་ཡང་ང་ཚོ་ལ་ཡིག་ལན་འབྱོར་མ་སོང་། ད་ཐེངས་ཡི་གེ་འདི་ཁྱེད་ཀྱི་ཕྱག་ཏུ་འཕྲོད་ཐུབ་པའི་རེ་བ་ཡོད། ང་ཚོའི་བཙོན་པ་མི་དགུ་པོའི་ཁྱེད་ཀྱི་བཅོས་མིན་ཞལ་རས་ཀྱི་འཛུམ་མདངས་དང་། ང་ཚོ་བཅངས་པའི་བརྩེ་སེམས་ཀྱི་སྙིང་རྗེ་རྣམས་དུས་ནམ་ཡང་མ་བརྗེད་པར་མིག་ལམ་ནས་གསལ་བཞིན་ཡོད།
ཁྱེད་རང་ག་དུས་བྷོ་སི་ཊོན་ལ་ཕེབས་ནའང་ང་ཚོ་མ་བརྗེད་པར་བཙོན་ཁང་ནང་དུ་ཕེབས་རོགས། མ་ཟད་ང་ཚོའི་ཉིན་རྟག་པར་ཁྱེད་ནས་གནང་བའི་བཟང་སྤྱོད་སྨོན་ལམ་དེ་མཉམ་དུ་དབྱིན་ཇི་ཐོག་ནས་འདོན་གྱི་ཡོད་པ་མ་ཟད། 
ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། 
བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ།  
ཞེས་པའི་ཚིག་འདིས་ང་ཚོ་ལ་སེམས་ཤུགས་འཕར་མ་ཞིག་སྤྲད་ཀྱི་འདུག རྗེས་མ་འདིར་ཕེབས་པའི་སྐབས་སུ་ཚིག་འདི་གཉིས་ཀྱི་སྐོར་ལ་འགྲེལ་བཤད་མང་ཙམ་གནང་རོགས། 
བརྩེ་ལྡན་མཁན་པོ་ལགས། 
ཡང་སྐྱར་ང་ཚོ་བཙོན་པ་མི་དགུ་པོའི་ཞུ་འདོད་པ་ཞིག་ལ་ཁྱེད་ནས་ང་ཚོ་ལ་བཅངས་བའི་བརྩེ་སེམས་དང་བཀའ་དྲིན་ནི་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ནི་ང་ཚོའི་བློ་གཏད་ཀྱི་གྲོགས་པོ་ཡག་ཤོས་ཡིན་ལ། ང་ཚོའི་སྐྱབས་གནས་ཀྱང་ཡིན། ཁྱེད་ནི་རྟག་པར་ང་ཚོའི་སེམས་ནང་དུ་ཡོད། ཁྱེད་རང་སྐུ་གཟུགས་ལ་བདག་སྐྱོང་གནང་རོགས། ང་ཚོ་ཁྱེད་རང་ལ་ཧ་ཅང་དགའ་གི་ཡོད། མགྱོགས་པོ་མཇལ་བའི་རེ་བ་ཡོད། 
ཁྱེད་རང་གི་སློབ་མ་ཀརྨ་ཡེ་ཤེས་སོགས་བྷོ་སི་ཊོན་བཙོན་པ་མི་དགུ་པོ་ལྷན་ནས་ཕུལ།།༽
ཞེས་པའི་ཡི་གེ་འདི་དབྱིན་ཡིག་ཐོག་ནས་གཏང་འདུག་པས་ངོས་ཀྱི་སྐད་བསྒྱུར་བྱམས་པ་མཐར་ཕྱིན་ལགས་ནས་མིག་ནས་མཆི་གཏོང་བཞིན་ངོས་ལ་འགྲེལ་བཤད་གནང་བྱུང་བས་ངོས་ནས་བོད་ཡིག་ཏུ་ཕབས་པ་ཡིན། 
ངོས་ཀྱང་ཡི་གེ་མཐོང་བ་དང་ལྷན་བཙོན་པ་དེ་རྣམས་ཀྱི་་ཉམ་ཐག་པའི་གནས་སྟངས་དེ་ཡིད་ལ་འཁོར་ནས་ཁོང་ཚོ་ལ་རང་དབང་མེད་པར་སྙིང་རྗེ་སྐྱེ་ནས་མིག་ནས་མཆི་མ་ཤོར་སོང་། དེ་ནས་དེ་རིང་གི་ཉིན་ཐོ་དེ་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, May 5, 2012

འགྲུལ་བཞུད་ལག་ཁྱེར་རག་པའི་ཉིན་མོ།

འཆམས་མཐུན་དང་དགའ་སྐྱིད་མཚོན་པའི་དན་རྟགས།
ཞོགས་པ་ལངས་ནས་ཁ་འདོན་རྣམས་མཐར་དབྱུངས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་ཟ་ཁྲིའི་སྒང་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་རེད་འདུག སུ་སིན་ནས་སྐད་གསང་མཐོན་པོའི་གསུངས་དོན་ལྟར་ན་ཟླ་བ་གཅིག་ནང་ནས་ཞུས་པའི་ངོས་ཀྱི་ཕྱི་བསྐྱོད་འགྲིམ་འགྲུལ་ལག་ཁྱེར་དེ་སླེབས་འདུག་ཟེར། ངོས་ནས་སྐད་ཆ་གོ་བ་མཉམ་དུ་ཧ་ཅང་དགའ་བོ་བྱུང་། གང་ཡིན་ཟེར་ན་མ་འཕྲད་ལོ་གསུམ་ཙམ་སོང་བའི་རྒྱ་གར་ལྷོ་ཕྱོགས་གཙོར་བྱས་པའི་ཨེ་ཤ་ཡའི་དད་ལྡན་ཡུན་རིང་འདྲིས་པའི་ངོས་ཀྱི་ཆོས་གྲོགས་དེ་རྣམས་ཀྱིས་ང་ལ་འཕྲད་འདོད་པ་ནི་བྱ་ཁུ་བྱུག་གིས་གནམ་ཆུ་ལ་རེ་བ་ལྟར་སྒུག་ཡོད་པས་ད་ཡིན་ན་གང་མགྱོགས་ཉེས་ཆེན་བཙོན་ནས་ཐར་བ་ནང་བཞིན་རྒྱ་གར་ཨ་ར་ཅན་གྱི་ལུང་པ་དེ་ཡི་ནང་ཤོར་འགྲོ་གི་ཡིན།  དེ་ནས་ཞོགས་ཟས་ཚར་མ་ཐག་ཏུ་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་ཕྱི་རོལ་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་རིང་སོང་ནས་ནང་དུ་འབྱོར། སྔ་ནས་དུས་ཆད་བྱས་པ་ནང་བཞིན་དེ་རིང་ཕ་ཡུལ་འཇོར་མན་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་རྗེན་སེ་ནས་ཉིན་གུང་ཟས་ཀྱི་སྦྱིན་བདག་ཡིན་པས་སུ་སིན་དང་རྗེན་སེ་ངེད་གསུམ་ཐག་ཉེར་ཡོད་པའི་ངོས་ཀྱི་ཟ་ཁང་དགའ་ཤོས་ཝེར་ནམ་ཟ་ཁང་ཞིག་ཡོད་པ་དེར་སོང་། ཟ་ཁང་འདི་ནི་དུས་ཀུན་འཚང་ཁ་ཧ་ཅང་ཆེ་ཡང་། ཟས་རིན་དེ་ཙམ་མི་ཆེ་ཞིང་། ཟ་ཁང་གི་ཞབས་ཞུ་མ་རྣམས་ཀྱང་མི་ལ་སྤྱོད་ལམ་དང་བཅོས་མའི་འཛུམ་མདངས་སྟོན་སྟངས་སོགས་ལ་ཧ་ཅང་མཁས། ང་ནི་ཟ་ཁང་དེར་ཉུང་མཐར་བདུན་ཕྲག་རེར་ཐེངས་མ་རེ་འགྲོ་རྐྱང་ཡིན་པས་ཟ་ཁང་གི་སྦྱིན་བདག་དང་ལས་གཡོགས་ཞབས་ཞུ་བ་སོགས་ནས་ང་མི་ཤེས་མཁན་གཅིག་ཀྱང་མེད། ཞབས་ཞུ་མ་ཝེར་ནམ་བུ་མོ་ལོ་ཆུང་དེས་ཡུན་རིང་འདྲིས་པའི་གྲོགས་པོའི་ནང་བཞིན་རྣམ་འགྱུར་སྟོན་བཞིན་རྩེད་མོ་སྦྲགས་ནས། how are you number three? ཞེས་ལབ་སོང་བས་ཟུར་དུ་ཡོད་པའི་ངོས་ཀྱི་དགེ་ཕྲུག་རྗེན་དང་། སུ་སིན་གཉིས་ངོས་ཀྱི་ཟུར་ནས་ཁོག་མཛུམས་ཤིག་ཤིག་བྱེད་ཀྱི་འདུག ངས་ཀྱང་དབྱིན་ཇི་ཆག་རོ་དེ་བསྐྱོན་ནས་བུ་མོ་དེར་ཁ་བརྡ་བྱེད་བཞིན་ཟས་ཐོའི་ནང་གི་ཨང་གྲངས་གསུམ་པ་དེར་ཡང་སྐྱར་མཛུབ་མོ་ཚད་ཙམ་བྱས་པས་ང་ལ་ག་རེ་དགོས་མིན་བུ་མོ་དེས་ལམ་སང་ཧ་གོ་སོང་བས་ཟས་ཐོ་འབྲི་བཞིན་you a always number three right. ཆིག་ལབ་བྱེད་བཞིན་འགྲོ་སོང་། དེ་ནི་ནམ་རྒྱུན་ང་ཟ་ཁང་འདིར་ཡོང་ནས་ཐུག་པ་ཨང་གྲངས་གསུམ་པ་ཅན་འདི་ཧ་ཅང་ཞིམ་པོ་ཞིག་ཡོད་པས་དེ་གཅིག་པུ་འཐུང་འཐུང་ནས་ཁོང་ཚོའི་ང་ཡི་མིང་ལ་ཡང་ཨང་གྲངས་གསུམ་པ་ཞེས་བཏགས་པ་རེད། དེ་ནས་ཐུག་པ་ཨང་གྲངས་གསུམ་པ་ཕོར་རྒན་གང་དེ་བྲོད་གོག་ནང་དུ་བླུགས་ནས། ངེད་གསུམ་ཁར་མེལ་ཞེས་པའི་ས་ཆ་ཁུག་ཀྱོག་ཞིག་ལ་སྐྱེ་ཡོད་པའི་ངོས་ཀྱི་ཕ་ཟས་དཀར་པོ་ཟྭ་བཀོག་ལ་སོང་། ཞོར་དུ་ཐག་ཉེར་ཡོད་པའི་ངོས་ཀྱི་ཆོས་གྲོགས་རྗེའུ་རེའི་ནང་དུ་སོང་ནས་ཁོང་ནས་ཉེ་ཆར་ངོས་ཀྱི་ཆོས་བཤད་རྣམས་དེབ་བཟོ་འཆར་འདུག་པས་དེ་ཡི་སྐོར་ལ་སྐད་ཆ་འདྲ་བྱས། རྗེའུ་རེའི་ནི་མི་ཚང་ཧ་ཅང་འབྱོར་ལྡན་ཞིག་རེད་འདུག ཁྱིམ་ཚང་གི་བཀོད་ཆ་མཛེས་ཤིང་། རྭ་སྐོར་དང་ས་ཆ་ཧ་ཅང་ཆེན་པོ་འདུག དེ་ནས་ནང་དུ་འབྱོར་ནས་དེ་རིང་ངོས་ལ་འབྱོར་བའི་ཕྱི་བསྐྱོད་འགྲིམ་འགྲུལ་ལག་ཁྱེར་དེ་ལ་བལྟས་པས་དེ་ནི་ངོ་མ་ལྟས་ཚོད་ལ་ཡུལ་མིའི་པ་སི་ལག་ཁྱེར་དང་གཅིག་པ་གཅིག་ཀྱང་རེད་འདུག དེ་རིང་ཁ་པར་རྫོགས་རྒྱུ་མེད་པ་ཞིག་ཡོད་པ་དེ་ནི་ངོས་ཀྱི་དགེ་ཕྲུག་རྣམས་ནས་ཕྱི་བསྐྱོད་འགྲིམ་འགྲུལ་ལག་ཁྱེར་རག་པ་ལ་ལེགས་སོའི་ཁམས་འདྲི་དང་བཀྲ་ཤིས་བདེ་ལེགས་རེད་འདུག དེ་ནས་དགོང་ཟས་སུ་ཟྭ་ཐུག་ཞིམ་པོ་ཞིག་བསྐོལ་ནས་ཉེ་ཆར་བོད་ནས་ཁུར་ཡོང་བའི་རྩམ་པ་དང་སྦྲག་ནས་ཟོས་པས་ཞིམ་པོ་དཔེ་མེད་བྱུང་། དེ་ནས་ཐོག་ཁར་ཡོང་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Tuesday, May 1, 2012

པདྨ་འོད་གསལ་གླིང་ལ་སོང་བའི་ཉིན་མོ།


པདྨ་འོད་གསལ་གླིང་།

ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ། དེ་རིང་ནི་ཉིན་གཉིས་སྔོན་ནས་ཁ་ཆད་བྱས་པ་ནང་བཞིན་འདི་ནས་ཆུ་ཚོད་གཅིག་ཙམ་གྱི་སར་ཡོད་པའི་བདུད་འཇོམས་རིན་པོ་ཆེའི་གཏེར་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་སློབ་མ་རེབ་ཀོང་སྔགས་པ་བླ་མ་མཐར་ཕྱིན་རིན་པོ་ཆེ་ལགས་བཞུགས་ཡོད་པས་ཁོང་མཇལ་དུ་སོང་བ་ཡིན། གང་ཡིན་ཞེ་ན་སྔར་ལོར་པདྨ་འོད་གསལ་གླིང་ལ་བདུད་འཇོམས་གཏེར་གསར་སྒྲུབ་ཆེན་སྐབས་སུ་ངོས་རང་མགྲོན་འབོད་གནང་བྱུང་བས་སྒྲུབ་ཆེན་ཉིན་བདུན་རིང་མཉམ་དུ་བསྡད་པ་ཡིན། སྐབས་དེ་དུས་ཇ་བར་གསེང་དང་དུས་ཚོད་ནམ་ཁོམས་སྐབས་སུ་དེར་ཡོད་སྔགས་པ་རྣམས་དང་ལྷན་ཆོས་གཏམ་དང་། ལོ་རྒྱུས་སྒྲུང་གཏམ་སོགས་ཕན་ཚུན་བཤད་རེས་བྱས་པས་བླ་མ་མཐར་ཕྱིན་འདི་སྔགས་པ་ཚད་ལྡན་གཉོམ་ཆུང་ཡག་པོ་ཞིག་མཐོང་སོང་། དེ་ནས་ཕན་ཚུན་འབྲེལ་བ་དམ་ཟབ་དུ་སོང་ནས་སྒྲུབ་ཆེན་ཞོག་མཚམས་ངོས་ཀྱི་དགེ་ཕྲུག་འགའ་ཡིས་ཞུ་བསྐུལ་ལྟར་དུ་ཁོང་ནས་ངོས་ལ་དེ་སྔ་ཕན་ཆོད་ཡོད་མ་མྱོང་བའི་ངོས་ཀྱི་ཞབས་བརྟེན་ཞིག་ཀྱང་བརྩམས་གནང་འདུག ཁོང་ནི་ངོ་མ་ཆོ་ག་རག་རིམ་ཤེས་ཙམ་གྱིས་སྔགས་པ་ཙམ་མ་ཡིན་པར་རང་སྟོབས་ཀྱིས་བརྒྱུད་དང་གསང་སྔགས་ལ་གོ་བ་ཆེན་པོ་ཡོད་པ་མ་ཟད་ཉམས་ལེན་ཡོད་མཁན་གདུང་སྲས་ཕྲིན་ལས་ནོར་བུའི་སློབ་མའི་ཡང་རྩེ་ཞིག་རེད་འདུག ཉེ་བའི་ཆར་ཁོང་གི་རྩ་བའི་བླ་མ་སྐྱབས་རྗེ་གདུང་སྲས་ཕྲིན་ནས་ནོར་བུ་རིན་པོ་ཆེ་ཞིང་དུ་གཤེགས་ནས་རིང་པོར་སོང་མེད། འཇིག་རྟེན་མི་ཆོས་ཀྱི་འགྲོས་ལྟར་དུ་བྱས་ན་ཁོང་ནི་ངོས་ཀྱི་ཁྱིམ་མཚེས་ཡིན་པ་མ་ཟད་ཆོས་གྲོགས་བློ་ཐུབ་ཞིག་ཀྱང་ཆག་སོང་བས་བོད་ཀྱི་གནའ་དཔེར། ཁྱིམ་མཚེས་ལ་དགྲ་བྱུང་ན་ཀུ་ཅོ་མཉམ་དུ་ཞེས་པའི་དཔེ་ལྟར་དུ་ད་རེས་ཁོང་གི་རྩ་བའི་བླ་མ་ཞི་བར་གཤེགས་དུས་ངས་ཀྱང་སེམས་པས་མཚོན་བྱེད་བོད་ལུགས་ལྟར་དུ་བྱས་ནས་ཁ་གཏགས་དང་དངུལ། མེ་ཏོག ཤིང་ཐོག འཐུང་ཆུ་མངར་མོའི་རིགས་སོགས་ཁུར་ནས་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་ངེད་གཉིས་འཇམ་དབྱངས་ཆོས་འཁོར་གླིང་གི་ཆོས་ཚོགས་ཀྱི་ཚབ་བྱས་ནས་སོང་། ཉིན་མོ་འདི་ནི་གུ་རུ་རིན་པོ་ཆེའི་དུས་ཆེན་བོད་ཚེས་བཅུ་ལ་ཁེལ་འདུག་སྟབས་འཚོགས་ཁང་གཡས་གཡོན་ནས་ལུས་ལ་གཟན་ཁྲ་ཅན་གྱི་ཨ་རིའི་སྔགས་པ་ཕོ་མོ་རྣམས་ནས་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ལ་ཕེབ་སྒུག་བྱས་འདུག དེ་ནས་བླ་མ་མཐར་ཕྱིན་རིན་པོ་ཆེ་དང་། སྤྲུལ་སྐུ་ཨ་མཇམ། ཡོལ་མོ་ནས་ཡིན་པའི་སྔགས་པ་ཀུ་མར་སོགས་རིམ་བཞིན་ཕེབས་སོང་། སྤྲུལ་སྐུ་ཨ་མཇམ་དང་བླ་མ་མཐར་ཕྱིན་གཉིས་ཀྱི་བར་དུ་གདན་ཁྲི་དམིགས་བསལ་ཞིག་ཡོད་པ་དེ་ངོས་བསྡད་ས་རེད་འདུག དེ་ནས་རིམ་བཞིན་མི་ཕམ་རིན་པོ་ཆེ་ནས་མཛད་པའི་གུ་རུའི་བླ་སྒྲུབ་ཚིག་བདུན་གསོལ་འདེབས་ཀྱི་སྒོ་ནས་ཚོགས་མཆོད་སྟབས་བདེ་ཞིག་ཕུལ་ནས་འཚོགས་པའི་བར་གསེང་སྐབས་སུ་བླ་མ་མཐར་ཕྱིན་རིན་པོ་ཆེ་ནས་དབྱིན་ཇི་རྣམས་ལ་ངོས་ཀྱི་ལོ་རྒྱུས་དང་འབྲེལ་ནས་ང་ལ་ཡོན་ཏན་ཆེ་རབ་དང་། ཉམས་ལེན་ཡོད་རབ། གཉོམ་ཆུང་རབ་སོགས་ངོས་ཀྱི་གནས་ཚད་ལས་བརྒལ་བའི་འོལ་བསྟོད་ལུང་པ་གང་ཙམ་གསུང་སོང་བས་ང་ནི་གདན་ཐོག་ནས་ངོ་ཚ་ནས་ཧ་ཅང་མ་བདེ་བ་འདྲ་བོ་བྱུང་། དེ་ནས་འཚོགས་གྲོལ་བ་དང་མཉམ་དུ་བླ་མ་མཐར་ཕྱིན་དང་སྤྲུལ་སྐུ་ཨ་འཇམ་གཉིས་གཙོར་བྱས་དེར་བཞུགས་གདན་གང་གི་སྔགས་པ་མགོ་སེར་ནག་རྣམས་ལ་ཕན་ཚུན་གྱེས་བྲལ་གྱིས་གུས་འདུད་ཀྱི་ཕྱག་རྒྱ་དང་། ལག་འཆང་སོགས་བྱས་ནས་སུ་སིན་ངེད་གཉིས་ཀྱང་གཙང་ལ་དོད་པའི་རླངས་འཁོར་ལྗངས་སྨུག་ནང་དུ་ཞུགས་ནས་དེ་རིང་ཡག་རབ་དང་། བཟང་རབ་སོགས་ཀྱིས་ཁ་བརྡ་བྱེད་བཞིན་ནང་དུ་འབྱོར་ནས་ཁ་སང་ཡོད་པའི་ཚོད་མ་ལྷག་མ་དེ་དགོང་ཟས་སུ་རོལ། དེ་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།