Sunday, July 15, 2012

རྡ་རམ་སའི་གནམ་ཐང་ནས་ལྡི་ལི་ལ་སོང་བའི་ཉིན་མོ།

ཀོ་ལི་སྒར་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་བཞིན་པའི་ཟུར་པར་ཞིག
ཞོགས་པ་ལངས་ནས་ཞོགས་ཟས་མདོར་བསྡུས་ཞིག་ཟོས་ནས་ཉིན་མོ་འདིར་ངོས་ལྡི་ལི་ལ་འགྲོ་དགོས་སྟབས་ཅ་དངོས་རྣམས་བསྡུ་གསོག་རྒྱབནས་རྡ་སའི་གནམ་ཐང་དུ་ངོས་ཀྱི་ཚ་མོ་གཉིས་ནས་བསྐྱེལ་མའི་ཚུལ་དུ་མཉམ་དུ་སོང་ནས་ལྡི་ལིར་འབྱོར། དེ་ནུབ་བོད་སྒར་བསམ་ཡས་གླིང་ཀིར་ཏི་དགོན་པའི་མགྲོན་ཁང་ནང་དུ་བསྡད་ནས་ཕྱི་ཉིན་ཉིན་རྒྱབ་ཆུ་ཚོད་དང་པོའི་སྐབས་སུ་ལྡི་ལིའི་གནམ་ཐང་བརྒྱུད་ནས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གནང་ཐང་དུ་ཆུ་ཚོད་གསུམ་པའི་སྐབས་སུ་འབྱོར་སོང་། ཀོ་ལིའི་སྒར་བདེ་ཆེན་ཞིང་སྒྲུབས་ཀྱི་ཚོགས་གཙོ་བསྟན་འཛིན་རིན་ཆེན་དང་། རྒྱ་དཔོན་དབང་གྲགས་མགོན་པོ། རླངས་འཁོར་ཁ་ལོ་བ་བཅས་མི་གསུམ་ནས་ལག་ཏུ་ཁ་གཏགས་བཟུང་ནས་གནང་ཐང་རྒྱལ་སྒོའི་འགྲམ་ནས་སྒུག་འདུག དེ་ནས་ང་ཚོ་ཕན་ཚུན་ཁམས་འདྲི་དང་སྦྲགས་རླངས་འཁོར་དུ་ཞུགས་ནས་དོན་ལྡན་གླིང་སོགས་ལ་རླངས་འཁོར་ཁ་སྐོར་ནས་ཡོང་བས་ལོ་བཞིའི་ཡར་སྔོན་ནས་ཡོང་བའི་ལམ་དང་མི་འདྲ་བ་ཀོ་ལིའི་སྒར་ལ་འགྲོ་སའི་ལམ་སྣུམ་ལམ་ཅན་དུ་བསྒྱུར་ནས་ཡར་རྒྱས་ཧ་ཅང་ཆེན་པོ་གཏང་འདུག དེ་ནས་དེ་ནུབ་དགོང་མོ་ཆུ་ཚོད་དགུ་པའི་སྐབས་སུ་B གྲོང་སྡེའི་ནང་དུ་འབྱོར་བྱུང་བས་གྲོང་སྡེའི་མི་རྣམས་ཀྱིས་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ཡོང་སྒུགས་བྱས་འདུག དེ་ནུབ་བསྟན་འཛིན་རིན་ཆེན་ནང་དུ་བསྡད། ཕྱི་ཉིན་མལ་གསོ་བྱས་པ་ཡིན། སྤྱི་ཟླ་བདུན་པའི་སྤྱི་ཚེས་༡༩་ནས་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་མཛད་རིམ་ཉིན་དང་པོའི་ནང་ཆོས་ངོ་སྤྲོད་བྱས་པས་མི་གྲངས་བརྒྱ་དང་ལྔ་བཅུ་ཙམ་འདུག་ཟེར། ཉིན་གཉིས་པའི་མཛད་རིམ་ལ་བདེ་ཆེན་ཞིང་སྒྲུབས་འཚོགས་པས་མི་ཚོགས་ཧ་ཅང་མང་པོ་འདུག ཉིན་གསུམ་པ་དང་བཞི་པ་བཅས་ལའང་སྔར་བཞིན་མི་རྣམས་ཉིན་རེ་བཞིན་དུ་ཇེ་མང་དུ་སོང་། ཉིན་ཐ་མའི་མཛད་རིམ་ལ་སྔ་དྲོ་བོད་ནས་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་བྱང་བསྲེགས། ཕྱི་དྲོ་འོད་དཔག་གི་དབང་བཅས་གནང་ནས་མཛད་རིམ་བཀྲ་ཤིས་བདེ་ལེགས་བཅས་ཀྱིས་ཡོངས་སུ་གྲོལ། ཉིན་མོ་འདིར་མི་གྲངས་སུམ་བརྒྱ་ཙམ་འདུག་ཟེར། དེ་ནས་ཉིན་གཉིས་ལ་N གྲོང་སྡེའི་ནང་དུ་ནང་ཆོས་ངོ་སྤྲོད་དང་། ལས་འབྲས་ཀྱི་རྣམ་གཞག སྐྱབས་འགྲོ་སོགས་ཀྱི་སྐོར་བཤད་པས་མི་མང་པོ་འཛོམས་བྱུང་། གང་ལྟར་ད་ལོའི་ཀོ་ལིའི་སྒར་དོན་ལྡན་གླིང་གཞིས་ཆག་ཏུ་ཆོས་ཀྱི་མཛད་རིམ་ཧ་ཅང་ཡག་པོ་བྱུང་བས་གཞིས་ཆག་མི་མང་ཚད་ལས་འདས་པ་དགའ་བོ་བྱུང་སོང་། ངོས་ཀྱང་ཧ་ཅང་དགའ་བོ་བྱུང་། དེ་ནས་གཞིས་ཆག་ནས་ཆོས་ཀྱི་མཛད་སྒོའི་དགའ་སྟོན་དུ་གཞས་དང་ཞབས་བྲོ་སོགས་ཧ་ཅང་ཡག་པོ་བྱས་སོང་། ཚེས་པ་སུམ་བཅུའི་ཉིན་ཞོགས་པ་སྔ་མོ་ལངས་ནས་བྷེང་ལོར་གནམ་ཐང་དུ་ཡངས་ནས་ལྡི་ལིར་འབྱོར་དེ་ནུབ་བོད་སྒར་བསམ་ཡས་གླིང་དུ་བསྡད་ནས་ཕྱི་ཉིན་ལྡི་ལིའི་མཐོ་སློབ་དུ་ཡོད་པའི་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱངས་དབང་མོ་འབྱོར་བྱུང་། 
ཀོ་ལིའི་སྒར་ལ་བསྡད་པའི་རིང་ངོས་ཀྱི་ལག་ཁྱེར་རྩིས་འཁོར་གྱི་རྡར་རྟ་མེད་སྟབས་ཉིན་ཐོར་མ་སོང་བར་བདུན་ཐོར་གཏང་ཡོད་པས་ཀློག་པ་པོ་རྣམས་ནས་དེ་ལུགས་དགོངས་དབྱིངས་སུ་མངའ་བར་མཁྱེན།

Friday, July 13, 2012

མུན་ནག་གླིང་ནས་མཚོ་པདྨ་བརྒྱུད་རྡ་སར་འབྱོར་བའི་ཉིན་མོ།

མཚོ་པདྨར་གཞེངས་པའི་གུ་རུའི་སྣང་བརྙན།
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ཁ་སང་དུས་ཆད་བྱས་པའི་རྒྱ་གར་གླ་བྱེད་སྒེར་འཁོར་ཞིག་ལ་ཧིན་སྒོར་བཞི་སྟོང་བདུན་བརྒྱས་མཚོ་པདྨ་བརྒྱུད་ནས་རྡ་རམ་སར་འགྲོ་རྒྱུ་བྱས་པ་དེ་ཡིན་པས་ཞོགས་པ་སྔ་ལངས་བྱས་ནས་ཡོང་བས་མཚོ་པདྨར་ཆུ་ཚོད་དང་པོའི་སྐབས་སུ་འབྱོར་སོང་། དེ་རིང་ངོས་ཀྱིས་བསྐོར་བཞིན་པའི་མཚོ་པདྨ་འདི་ནི་བོད་རིགས་རྣམས་ཀྱིས་སྔོན་ཟ་ཧོར་རྒྱལ་པོའི་པདྨ་སམ་བྷ་ཝ་གསོན་བསྲེགས་མཛད་པའི་མཚོ་རུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དགེ་འདུན་ཆོས་འཕེལ་སོགས་རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་མང་དག་ཞིག་ནས་ཨོ་རྒྱན་གྱི་གནས་དང་ཟ་ཧོར་གྱི་གནས་སོགས་ནི་པར་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། རང་སེམས་རྣམ་པར་དག་ན་གསང་སྤྱོད་གཞལ་ཡས་ཁང་ཞེས་པའི་དཔེ་ལྟར་དུ་ངོས་ནས་ཀྱང་བློ་ཐེ་ཚོམ་མེད་པར་གུ་རུའི་ཞབས་རྗེས་དང་། སྒྲུབ་ཕུག མཚོ། ཟིལ་རྔམ་གཟི་བརྗིད་ལྡན་པའི་གསར་གཞེངས་མཛད་པའི་གུ་རུའི་སྐུ་བརྙན་སོགས་ལ་རང་ཉིད་ཀྱི་བསོད་ནམས་བསགས་པའི་ཆ་རྐྱེན་དང་། ངོས་ཀྱི་ཚ་མོ་འདི་གཉིས་ལ་ཁ་མིག་ཡར་ལྟོས་ཀྱི་བག་ཆག་བཟང་པོའི་ཆེད་དུ་བསྔོ་བ་དང་སྨོན་ལམ་མཆོད་འབུལ་སོགས་གང་ལེགས་བྱས། 
མཚོ་པདྨའི་ས་ཆའི་ཆག་དབྱིབས་འདི་ནི་ས་མཐོ་ལ་རི་གཙང་ཞིང་བོད་ཀྱི་ལུང་པར་ཧ་ཅང་འདྲ་བོ་འདུག་པ་མ་ཟད་རྙིང་མ་དང་བཀའ་བརྒྱུད་སོགས་ཀྱི་དགོན་པ་ཡང་མང་པོ་མཇལ་རྒྱུ་འདུག རི་ཡི་རྩེར་མོར་སྒྲུབ་ཕུག་དང་ཞབས་རྗེས་ཡོད་ས་རྣམས་སུ་བོད་པའི་བཙུན་མ་རེ་གཉིས་ཀྱིས་མཆོད་མེ་གཙོང་ཞིང་ལྷ་རྟེན་སོགས་ལ་འགྲེལ་བཤད་བྱེད་མཁན་ཡང་འདུག 
དེ་ནས་ཆུ་ཚོད་གསུམ་པའི་སྐབས་སུ་རྒྱ་གར་བའི་གླ་བྱེད་སྒེར་འཁོར་དེ་བྱ་འཕུར་བ་ནང་བཞིན་འགྲོ་སོང་བས་རྡ་རམ་ས་ལ་དགོང་མོ་ཆུ་ཚོད་བརྒྱད་པའི་སྐབས་སུ་འབྱོར་སོང་། ངོས་ནི་སྔར་བཞིན་ལྕམ་སྤྲུལ་རིན་པོ་ཆེའི་''བྱང་ཆུབ་སེམས་ཀྱི་ཆོས་ཚོགས''ནང་དུ་སོང་བས་གྲྭ་གཉིས་ནས་ངོས་དགོང་ཟས་ལ་སྒུག་འདུག དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་དེ་རིང་ཉིན་གང་པོར་རྒྱ་གར་བའི་སྣུམ་འཁོར་ཆུང་ཆུང་དེས་བརྡབ་གསིག་གཏང་དྲག་པའི་རྐྱེན་གྱིས་ཐང་ཆད་འདུག་སྟབས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Thursday, July 12, 2012

མུན་ནག་གླིང་སྤྲོ་འཁྱམས་ཉིན་ཐ་མ།

མུན་ནག་གླིང་དུ་གེ་སར་གྱི་ཞབས་རྗེས་ཡིན་ལོ། 
ཞོགས་པ་ལངས་ནས་མགྲོན་ཁང་གི་བར་འཁྱམས་ཕྱི་ལོགས་བསིལ་རླུང་གྲང་མོའི་ཁྲོད་ནས་གཟུགས་པོ་སྦྱོང་བརྡར་གྱི་ཆེད་དུ་རྐང་འགྲོས་ཀྱིས་སྐར་མ་སུམ་ཅུ་ཙམ་ལ་སོངས་ནས་ནང་དུ་འབྱོར་བས་ཚ་མོ་གཉིས་ནས་བག་ལེབ་དང་སྒོང་བཙོས་སོགས་ཞོགས་ཟས་ཟ་ཆོག་ཆོག་བྱས་འདུག་པས་ཞོགས་ཟས་ལ་མཉམ་དུ་རོལ།
དེ་རིང་གི་ཉིན་མོ་འདི་ནི་མུན་ནག་གླིང་གི་སྤྲོ་འཁྱམས་ཐ་མ་དེ་ཡིན་སྟབས་སྐུ་ཞབས་བློ་བཟང་ངེད་གཉིས་ཁྲོམ་ལ་ཟ་མ་ཉོ་རུ་སོང་ནས་ཉིན་གུང་ཟ་མ་མང་དག་ཞིག་ཉོས་ནས་མུན་ནག་གླིང་གི་ཉེ་འཁྲིས་སུ་སྤྱི་གླིང་མཛེས་སྡུག་ལྡན་པའི་སྤྱི་སྤྱོད་གླིང་ཁ་་ཞིག་ནང་དུ་ང་ཚོ་མི་དྲུག་པོ་ཉིན་གུང་ཟ་མ་བཟའ་རྒྱུ་ཁུར་ནས་སོང་། གླིང་ཁ་རུ་རྒྱ་གར་ཕོ་གསར་མོ་གསར་ཁ་ཤས་ལས་གཞན་ཧ་ཅང་དབེན་པོ་ཞིག་འདུག ང་ཚོ་ཡང་སྔོ་ལྗང་གཡུ་མདོག་ལྡན་པའི་རྩྭ་ཡིས་ཞབས་གདན་བྱས་ཤིང་། ལྗོན་ཤིང་འབྲས་བུ་ལྡན་པའི་ལོ་མས་ཐོག་ཏུ་ཉི་གདུགས་བྱས་ནས་ཟུར་ཞིག་ཏུ་བསྡད་ནས་ཉིན་གུང་ཟ་མ་དེ་མཉམ་བཟའ་བྱས་པས་ཧ་ཅང་སྐྱིད་པོ་བྱུང་། ལྗོན་ཤིང་གི་གསེང་བར་ནས་ཕར་བལྟ་དུས་རྙིང་མའི་མཁན་པོ་ཐུབ་བསྟན་ཞིང་གཤེགས་ནས་གཞེངས་པའི ''སྤང་སྒང་རི་ཁྲོད''་ཅེས་པའི་གྲྭ་ཇོ་འདྲེས་མའི་དགོན་པ་དེ་ཉིད་ཀྱང་ཁྲ་ཆིལ་ལེ་མཇལ་རྒྱུ་འདུག
སྐུ་ཞབས་བློ་བཟང་ལགས་དང་ཡུར་སྐོར་སྣེ་ཤན་པ་བཀྲ་ཤིས་གཉིས་ནི་ས་ཆར་འདིར་སྐྱེ་ཚར་བྱུང་མཁན་ཞིག་ཡིན་སྟབས་དགོན་པ་དང་གནས་རྣམས་ཀྱང་ཕར་ཞོགས་ས་སྐེ་སྐེ་རྡོ་ཟོར་ཟོར་ཡོད་ཚད་ཀྱི་མིང་དང་ལོ་རྒྱུས་སོགས་ཧ་ཅང་སྙན་པོ་བཤད་རྒྱུ་འདུག་པས་ང་ཚོ་ས་གནས་འདིར་ཐེངས་དང་པོ་ཡིན་སྟབས་ཧ་ཅང་ཕན་པོ་བྱུང་། 
ངོ་མ་མུན་ནག་གླིང་གི་ས་ཆ་དེ་མཐོང་བ་དང་མཉམ་དུ་ངོས་ཀྱི་སྐྱེ་ས་ཁམས་ནང་ཆེན་མདོ་ཁམས་གཞུང་རྡོ་ཁྱུག་གྲོང་ཞེས་པའི་གྲོང་སྡེ་དེར་ང་ཆུང་ཆུང་སྐབས་སུ་ན་མཉམ་གྲོགས་པོ་གྲོགས་མོའི་མཉམ་དུ་ལུག་རྫིའུ་བྱས་ནས་ལག་ཏུ་འུར་རྡོ་ཁྲ་མོ་ཁུར་ཞིང་། ངག་ནས་རྫིའུ་གླུ་ཙིར་ཙིར་བླངས་ནས་སོང་བ་རྣམས་དེ་རིང་དོན་སྤྱིར་ལྷང་ལྷང་འཁོར་བྱུང་། 
དེ་ནས་ང་ཚོ་ཆུ་ཚོད་ལྔ་པའི་སྐབས་སུ་གཞུང་ལམ་ནང་དུ་བབས་ནས་མི་མང་སྤྱི་སྤྱོད་རླངས་འཁོར་ནང་དུ་འཛུལ་ནས་མགྲོན་ཁང་ནང་དུ་འབྱོར་ཞིང་དགོང་ཟས་སུ་འཐེན་ཐུག་ཞིམ་པོ་ཞིག་འཐུང་ནས་དེ་རིང་སྐྱིད་རབ་དང་ཡག་རབ་སོགས་ཁ་བརྡ་ལ་རོལ། ངོས་ནས་ལག་ཁྱེར་རྩིས་འཁོར་གོབ་ཏོ་དེ་ཁ་ཕྱེས་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱང་ལྟ་ཞིག་བྱས་དུས་ཁམས་རི་བོ་ཆེ་ནས་ཡིན་པའི་སློབ་གཉེར་བའི་གྲྭ་ཞིག་སྡེ་དགེ་རྫོང་སར་བཤད་གྲྭ་ནས་ནང་དུ་ཡོང་བའི་ལམ་བར་ཉེན་གཏོགས་པས་སྔོག་གཤེར་བྱས་པས་གྲྭ་པའི་རྒྱབ་ཁུག་ནང་ནས་འོད་སྡེར་འཁོར་ཐག་དང་པར་ཁ་ཤས་ཐོན་པར་ཧ་ཅང་ཉེས་ཅན་དུ་རྩིས་ནས་ཉེན་གཏོགས་དམག་མིས་ཉེས་རྡུང་ཚབ་ཆེན་གཏང་བའི་རྐྱེན་གྱིས་ཆབ་མདོའི་སྨན་ཁང་ནང་དུ་སྐུ་གྲོངས་འདུག 
རང་གི་ས་ཆའི་ཐོག་ནས་སོང་ན་ཁྲིམས་འགལ་ཡིན་པ། རང་གི་རིག་གཞུང་དང་འབྲེལ་བའི་ཅ་དངོས་ཁུར་ན་ནག་ཅན་ཡིན་པའི་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་གཏན་ནས་མེད་པའི་ལས་ངན་བོད་པ་ཚང་གི་སྡུག་བསྔལ་དེ་ལ་བསམ་ནས་སེམས་པ་སྐྱོ་བཞིན་དུ་ནོར་ཝེའི་རླུང་འཕྲིན་ཁང་ལ་རྒྱངས་ཉན་བྱེད་བཞིན་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, July 9, 2012

མུན་ནག་གླིང་རོ་ཐང་ཞེས་པའི་རི་མགོར་སོང་བའི་ཉིན་མོ།

མུན་ནག་གླིང་རོ་ཐང་ལ་ཁ་རུ་བླངས་པའི་པར།
ཞོགས་པ་སྔ་བོ་ལངས་ནས་ཚ་མོ་གཉིས་དང་ཇོ་རྒན་མ་རྡོ་སྒྲོན་གཞན་སྐུ་ཞབས་བློ་བཟང་དང་། ཡུར་སྐོར་སྣེ་ཤན་པ་བཀྲ་ཤིས་བཅས་ང་ཚོ་མི་དྲུག་ནས་ཐུན་མོང་དུ་གླ་བྱེད་སྒེར་འཁོར་ཞིག་ལ་ཧིན་སྒོར་ཉིས་སྟོང་ལྔ་བརྒྱ་སྤྲད་ནས་རི་མགོར་སོང་། ཉིན་མོ་འདི་ནི་གནམ་གཤིས་ཧ་ཅང་བཟང་བས་ནམ་མཁར་སྤྲིན་དཀར་ལང་ལིང་དམ་དུམ་བལ་དཀར་རླུང་གིས་བསྐྱོད་པ་ནང་བཞིན་ག་ས་གང་དུ་མཐོང་རྒྱུ་འདུག མུན་ནག་གླིང་ཞེས་པ་འདི་ནི་གླིང་གེ་སར་རྒྱལ་པོས་བདུད་ཨ་སྐྱོང་རྒྱལ་པོའམ་བདུད་ཀླུ་བཙན་དམ་ལ་གཏགས་པའི་ས་ཡིན་སྐད་འདུག སྔར་བདུད་ལུང་ཡིན་པའི་སྐབས་སུ་ས་འདིར་ཧ་ཅང་འཇིགས་སུ་རུང་བ་གཅན་གཟན་དང་འདྲེ་སྲིན་གནས་སའི་ས་མུན་པའི་གླིང་འདྲ་བོ་ཞིག་ཡིན་པས་མིང་དེར་བཏགས་པ་ཡིན་སྐད། དེང་སང་རྒྱ་གར་བལ་ཡུལ་སོགས་ཀྱི་ས་ཆའི་མིང་མང་པོ་ཞིག་བོད་སྐད་དུ་འབོད་ཀྱི་ཡོད་དཔེར་ན་རྡོ་རྗེ་གླིང་དང་། མུན་ནག་གླིང་ལྟ་བུ་མང་པོ་ཡོད་ཀྱང་མི་རྣམས་ཀྱིས་འབོད་སྟངས་མ་དག་རྒྱུན་འབྱམས་སུ་སོང་ནས་འབོད་སྲོལ་མི་འདྲ་བ་ཡོང་གི་འདུག
དེ་ནས་ངེད་རྣམས་མུན་ནག་གླིང་གི་ལུང་པའི་ནང་ནས་རིམ་བཞིན་སོང་བས་གྱེན་ལ་ཧ་ཅང་གཟར་མོ་བརྒྱུད་ནས་སོང་བས་དམར་རིལ་ཞེས་པའི་ས་ཆ་རུ་འབྱོར། དེར་ཡུལ་སྐོར་སྤྲོ་འཁྱམས་པ་རྣམས་ནས་གངས་རི་དང་ཆུ་བྲག་སོགས་ལ་ལྟད་མོ་བལྟ་བཞིན་འདུག རིམ་བཞིན་སོང་བས་རོ་ཐང་ཞེས་སྐད་གྲགས་ཅན་གྱི་རི་མགོ་དེར་འཛེགས་ཐུབ་སོང་། རི་རྣམས་ཀྱི་ཆག་ཚུལ་དང་ས་དབྱིབས་སོགས་ནི་ཁམས་སྡེ་དགེ་ཁྲོ་ལ་ཞེས་སྐད་གྲགས་ཅན་གྱི་རྫ་རི་དེ་དང་གཅིག་པ་འདྲ་བོ་ཞིག་འདུག རི་མགོར་གངས་ཀྱིས་བཟུང་ཞིང་། རི་སྐེད་རྫ་སྤང་འདྲེས་མ་དང་། རི་མཐའ་རྣམས་ཤིང་རིགས་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་ནགས་རི་ཡིན་པ་མ་ཟད་འབྲས་བུ་ཅན་གྱི་ལྗོན་ཤིང་མང་པོ་དཔེར་ན་ཁམ་ཤིང་དང་། སྟར་ཤིང། གཞན་ཀུ་ཤུའི་ཤིང་སྡོང་སོགས་ཧ་ཅང་མང་པོ་སྐྱེས་འདུག 
ང་ཚོ་ནི་རོ་ཐང་ཞེས་པའི་རི་མགོ་དེར་སྔོན་སྐྱབས་མགོན་རིན་པོ་ཆེའི་བཞུགས་ཁྲི་ཡིན་སྐད་རྡོ་ཕ་ཝོང་ཆེན་པོ་ཞིག་ཡོད་པ་དེའི་འགྲམ་དུ་བསྡད་ནས་བསང་དང་གསེར་སྐྱེམས་སྨོན་ལམ་སོགས་བྱས་ཤིང་ཉིན་གུང་ཟ་མ་རུ་ནང་ནས་ཆེད་དུ་བཟོས་པའི་བག་ལེབ་དང་། ཚོད་མ། ཇ་སོགས་འགྲང་ཚད་ཟོས་ནས་པར་བླངས་ཤིང་གངས་ནང་ནས་ཕན་ཚུན་གངས་རིལ་འཕེན་རེས་བྱས་ནས་གངས་རྩེད་ཀྱང་བྱས། དེ་ནས་ཡ་མཚན་པ་ཞིག་ལ། ལ་ཚུར་ནང་དེར་རྡོ་ཕ་ཝོང་ཆེན་པོ་ཞིག་གི་ཐོག་ལ་གླིང་གེ་སར་གྱི་ཞབས་རྗེས་གསལ་བོ་ཞིག་དང་། ལ་སྐེད་མཚམས་སུ་གེ་སར་ཆིབས་རྟ་འདོགས་ས་རེད་ཟེར་བྲག་ཟོར་ཟོར་ཕུར་པ་འདྲ་ཞིག་ཀྱང་འདུག 
གང་ལྟར་ཀྱང་རྒྱ་གར་ཚ་བའི་ཁྲོད་དུ་མི་འདོད་ཀྱང་སྐྱབས་བཅོལ་དུ་ཡོང་ནས་དེ་རིང་མི་ལོ་བཅོ་ལྔ་ཏག་ཏག་རེད་འདུག་པས་རྒྱ་གར་བའི་ལུང་པ་ཞིག་ནང་ས་ཆ་འདི་ལས་སྐྱིད་པ་ཞིག་དེ་སྔ་འགྲོ་མ་མྱོང་། དེ་རིང་ཉིན་མོ་འདིར་ངོ་མ་རང་ཡུལ་སྐྱིད་པའི་ལུང་པར་སླེབས་སོང་བའི་ཚོར་སྣང་འདྲ་ཞིག་རྒྱུན་ཆགས་སུ་འདུག
དེ་ནས་རི་ལུང་ལ་ལྟད་མོ་བལྟ་བཞིན་མར་མུན་ནག་གླིང་མགྲོན་ཁང་ནང་དུ་ཆུ་ཚོད་དྲུག་པ་ཙམ་ལ་འབྱོར་སོང་
 མགྲོན་ཁང་ནང་ནས་དགོང་ཟས་སུ་འཐེན་ཐུག་ཞིམ་པོ་ཞིག་འཐུང་ཞོར་ཚང་མས་དེ་རིང་སྐྱིད་རབ་དང་ཡག་རབ་སོགས་ཁ་བརྡ་བྱེད་བཞིན་འདུག ང་ནི་ཧ་ཅང་དཀའ་ལས་ཁ་ནས་ཤི་གྲབ་འདྲ་བྱེད་ཀྱི་འདུག་ཀྱང་དེ་རིང་གི་སྐྱིད་པའི་ཉིན་ཐོ་འབྲི་རྒྱུ་དེ་གལ་ཆེན་དུ་བཟུང་ནས་ཨུ་ཚུགས་ཀྱིས་ཉིན་ཐོ་མདོར་བསྡུས་ཞིག་ཆུ་ཚོད་བཅུ་པའི་སྐབས་སུ་གཏང་ཐུབ་ཙམ་བྱུང་བས་ཉལ་སར་སོང་ནས་གཉིད་དུ་ཡུར།

Friday, July 6, 2012

མུན་ནག་གླིང་ལ་སྤྲོ་སྐྱིད་ལ་སོང་བའི་ཉིན་མོ།

མུན་ནག་གླིང་གི་ས་ཆའི་ཟུར་ཞིག
དེ་རིང་གི་ཉིན་མོ་འདི་ནི་བོད་གཞི་བྱེས་གཉིས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་འོས་པའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དུ་དགུངས་གྲངས་བདུན་ཅུ་དོན་བདུན་ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་ཞིག་ཡིན།
ངོས་ཀྱི་ཚ་མོ་གཉིས་དང་། ལུང་པ་གཅིག་པ་ཡིན་པ་མ་ཟད་ངོས་ལ་རེ་ལྟོས་ཧ་ཅང་ཆེན་པོ་ཅན་ཇོ་རྒན་མ་མདོ་སྒྲོན་བཅས་ངེད་མི་བཞི་པོ་སྔ་ནས་སྤྲོ་སེང་ལ་མུན་ནག་གླིང་ལ་རྒྱ་གར་གླ་བྱེད་སྣུམ་འཁོར་ཆུང་ཆུང་ཞིག་ལ་ཧིན་སྒོར་སུམ་སྟོང་ལྔ་བརྒྱ་སྤྲད་ནས་འགྲོ་རྒྱུ་བྱས་པའི་ཁ་དན་དེ་ཡིན། དེ་རིང་རྡ་སའི་སྲང་ལམ་དོགས་མོར་མི་རྣམས་བོད་ཆས་གྱོན་ནས་ཚང་མ་གཙུག་ལག་ཁང་སོགས་བསྐྱོད་བཞིན་པ་རེད་འདུག ང་ཚོའི་དེ་རིང་འཁྲུངས་སྐར་ལ་མཉམ་ཞུགས་དང་༧་གོང་ས་མཆོག་ཞལ་མཇལ་མ་ཐོབ་ཀྱང་གླ་བྱེད་སྣུམ་འཁོར་ནང་ནས་རྒྱལ་བའི་ཞབས་བརྟན་དང་། བདེན་ཚིག་སྨོན་ལམ་སོགས་མཉམ་དུ་བསྐྱོར་ནས་བགད་ཤོར་བ་ཞིག་ལ་འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་དེ་རྒྱ་གར་གླ་བྱེད་སྣུམ་འཁོར་ཞིག་ནང་གཏང་དགོས་བྱུང་། 
དེ་ནས་རྒྱ་གར་རླངས་འཁོར་ཁ་ལོ་བ་དེས་སྣུམ་འཁོར་ཆུང་ཆུང་དེ་འཕུར་མ་ལྡིང་གིས་གཏང་བྱུང་བས་ཨ་ནེ་མདོ་སྒྲོན་དེ་སྔ་བཞུགས་སྒར་དུ་གཉུག་མར་བསྡད་མཁན་ཞིག་ཡིན་པས་སྐྱུག་ཐེངས་མང་པོ་བྱས་སོང་། ངོས་ཀྱང་ནམ་རྒྱུན་རླངས་འཁོར་ནང་ནས་ན་རྒྱུ་ཆེར་མེད་ཀྱང་དེ་རིང་ནི་རྡ་རམ་ས་ནས་མུན་ནག་གླིང་བར་ལམ་འཕྲང་དེ་མཁྱོག་པོ་སྦྲུལ་ལྟ་བུ་ཞིག་ཡོད་པས་མགོ་ནག་ཐོམ་ཐོམ་ཐེངས་མང་བྱས་སོང་། མུན་ནག་གླིང་ནི་རྒྱ་གར་ཚ་བ་ཆེ་བའི་སྐབས་སུ་རྒྱ་གར་བ་དང་བོད་པ་ཕྱི་རྒྱལ་བ་སོགས་སྤྲོ་འཁྱམས་ལ་འགྲོ་སའི་ས་ཆ་སྐད་གྲགས་ཅན་ཞིག་ཡིན། ལམ་བར་དུ་བོད་ཀྱི་ས་ཆ་འདྲ་བོ་དང་ཅོ་རོང་གི་བྲག་ལམ་སོགས་མང་པོ་མཐོང་རྒྱུ་འདུག 
རྡ་རམ་ས་ནས་མུན་ནག་གླིང་བར་དུ་ཆུ་ཚོད་བརྒྱད་ཙམ་འགོར་སོང་། མུན་ནག་གླིང་ལ་སླེབས་སྐབས་རླངས་འཁོར་ནས་མར་བབས་ཚར་བ་དང་མཉམ་དུ་སྔོན་མ་ངོས་ཀྱི་ངོ་ཤེས་པ་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་བོད་པའི་ལྷ་འབྲི་བ་ཞིག་ཡོད་པ་དེར་འདུག་པས་ང་ཚོ་འདིར་ཐེངས་དང་པོ་ཡིན་སྟབས་ཁོང་ནས་མགྲོན་ཁང་བཙལ་བ་སོགས་རོགས་རམ་གང་ལེགས་འདྲ་ཞིག་བྱས་སོང་། མགྲོན་ཁང་ལ་རྒྱ་ཆེ་ཞིང་གུ་ཡངས་པ་ཟུར་དུ་ཐབ་ཚང་སོགས་རང་འགྲིག་ཡོད་པ་ཞིག་ལ་ཧིན་སྒོར་བཞི་བརྒྱ་གཅིག་པུ་རེད་འདུག ང་ཚོའི་ཁང་མིག་གཉིས་གླས་ནས་དེར་ནུབ་དེར་བསྡད་པ་ཡིན། ཟུར་དུ་རང་བྱུང་ཆུ་ཚན་ནད་རིགས་ཡོངས་ཀྱི་གཉེན་པོ་མ་ཟད་མཁལ་མའི་ནད་སོགས་ཕན་པའི་སྐད་གྲགས་ཅན་གྱི་ཆུ་ཚན་དེ་ཉིད་ཀྱང་དེར་འདུག དེ་རིང་གི་ཉིན་ཐོ་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Thursday, July 5, 2012

བདེ་ཆེན་དབྱངས་སྐྱིད་རྡ་ས་ལ་འབྱོར་བའི་ཉིན་མོ།

བདེ་ཆེན་དབྱངས་སྐྱིད་ཀྱི་པར།
དེང་སང་རྡ་སར་ཆར་བསྡུད་ཀྱི་འགོ་ཚུགས་ནས་གནམ་རྐུབ་རྡོལ་བ་ནང་བཞིན་ཉིན་ལྟར་ཆར་པ་འབབས་བཞིན་འདུག ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ཆར་ཟམ་ཟིམ་དང་སྨུག་པ་ལང་ལོང་གི་ཁྲོད་ནས་གླིང་སྐོར་ལ་སོང་། གླིང་སྐོར་ནང་དུ་མི་དང་བ་གླང་ཐར་ཐོར་ལས་གཞན་བྲེལ་ཟིང་གང་ཡང་མི་འདུག གླིང་སྐོར་ལ་འགྲོ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་རེད་འདུག མོ་རང་ནས་གསུངས་ན་བདེ་ཆེན་དབྱངས་སྐྱིད་སྤྱི་སྤྱོད་རླངས་འཁོར་འབབས་ཚུགས་སུ་སླེབས་ཚར་སོང་ཟེར་བས་ངས་གནས་སྐབས་ཁྱེད་གཉིས་རྒྱུད་སྨད་ཟ་ཁང་ནང་དུ་སོང་དང་ང་དེར་སྐར་མ་བཅོ་ལྔའི་ནང་ཚུད་སླེབས་ཡོང་ཞེས་ལབ་པ་ཡིན། 
བདེ་ཆེན་དབྱངས་སྐྱིད་དང་ཆོས་དབྱིངས་དབང་མོ་གཉིས་ནི་ཉིས་སྟོང་ཐམ་པའི་སྐབས་སུ་བོད་ནས་ཕ་དང་མཉམ་དུ་བྲོས་བྱོལ་ལ་སླེབས། བོད་གཞུང་སྦིར་རིའི་སློབ་གྲྭའི་ནང་དུ་འཛུལ་ཞུགས་བྱས་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་བདེ་ཆེན་དབྱངས་སྐྱིད་ལ་སློབ་མ་རྩེ་ཕུད་དུ་བདམས་པའི་གྲས་སུ་རྡི་ར་རྡུན་སི་ལ་ཀུའི་སློབ་གྲའི་ནང་དུ་ཚུད་ཅིང་དེ་ནས་ཀྱང་སློབ་སྦྱོང་ཡག་པོ་བྱས་པའི་ལག་རྗེས་སུ་སྔར་ལོར་སྤུ་གུ་བཞི་བཅུའི་ཕྱི་རྒྱལ་ལ་འགྲོ་རྒྱུའི་ཡིག་རྒྱུགས་གཏང་བས་མོ་རང་ཡང་སྐྱར་རྩེ་ཕུད་གྲས་སུ་སླེབས་ནས་དབྱིན་ལན་དུ་བོད་གཞུང་ནས་བོད་པའི་སློབ་གྲ་སྤུ་གུ་བཞི་ལ་འགྲོ་སོང་དང་ལམ་གྲོན་ཆ་ཚང་ནར་གཏངས་བྱས་ནས་སོང་བ་ཞིག་རེད། ད་རེས་ངོས་ཀྱང་ཨ་རི་ནས་རྒྱ་གར་ལ་གུང་སང་ལ་ཡོང་བའི་དུས་ཚོད་དང་བསྟུན་ནས་མོ་རང་ཡང་ཟླ་བ་གཉིས་ལ་སློབ་གྲའི་གུང་སང་དང་བསྟུན་ནས་སླེབས་པ་རེད། ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་ནི་ད་ལྟ་ལྡི་ལིར་མཐོ་རིམ་སློབ་གྲར་འགྲོ་བཞིན་པའི་སྐབས་ཡིན།
དེ་ནས་ང་རྒྱུད་སྨད་ཟ་ཁང་ནང་དུ་སོང་བས་ངོས་ཀྱི་ཚ་མོ་གཉིས་ནི་གདོང་པ་འཛུམས་ཤིག་ཤིག་དེར་སྒུག་འདུག བདེ་ཆེན་ངེད་གཉིས་དང་པོ་འཕྲད་པའི་སྐབས་སུ་ཕྱི་རྒྱལ་ལུང་པའི་ལུགས་སྲོལ་ལྟར་དུ་ཕན་ཚུན་འཐམ་འཁྱུད་དང་ལག་འཇུ་སོགས་བྱས་པ་ཡིན།  དེ་ནས་ཞོགས་ཇ་འཐུང་ཞོར་དུ་ངེད་གསུམ་ཕན་ཚུན་ཁ་བརྡ་ཡུན་རིང་བྱས། ལས་རླུང་ཕྲ་མོའི་མི་འདོད་བཞིན་དུ་ང་ཚོའི་ནང་མི་རྣམས་འཛམ་གླིང་འདི་ཡི་སྒང་ནས་སྲན་ཕུང་དབྱུག་པས་སྟོར་བ་ནང་བཞིན་མི་ཚང་འདི་ཡིན་ཞེས་མཛུབ་མོ་བཙུག་ས་མེད་པར་འཐོར་བསྡད་ཡོད། ད་རེས་གོ་སྐབས་འདི་བརྒྱུད་ངེད་ཚ་ཞང་གསུམ་འདིར་མཉམ་དུ་འཛོམས་པ་དེ་ཧ་ཅང་ནས་བསྐལ་པ་བཟང་པོ་བྱུང་སོང། 
ངོས་ཀྱི་ཚ་མོ་གཉིས་ནི་ཡ་རབ་གཉོམ་ཆུང་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱེད་མཁན་དང་མ་ཟད་ངོས་ལ་སྙིང་ནས་བློ་གཏད་བྱེད་ཅིང་ཅི་ཟེར་ཁ་ལ་ཉན་མཁན་ཞིག་ཀྱང་ཡིན། མི་རྣམས་ཀྱིས་མཁན་པོ་ཁྱེད་རང་སྐུ་དྲིན་གྱིས་ཁོང་ཚོར་སློབ་སྦྱོང་དང་སྤྱོད་པ་སོགས་ཡག་པོ་འདུག་ཞེས་བཤད་མཁན་འདུག་ཀྱང་ང་གཅིག་པུའི་ག་ལ་ཡིན་གཙོ་བོ་དེ་༧གོང་ས་མཆོག་གཙོས་བོད་གཞུང་གི་སྐུ་དྲིན་དང་། ལྷག་པར་སྤུ་གུ་ཁོ་རང་ཚོའི་དཀའ་ལས་རྒྱབ་པའི་གྲུབ་འབྲས་རང་རེད།  ཡིན་ནའང་ང་རྒྱ་གར་ལ་ཡོད་པ་དེ་ཡིས་ཤུགས་སྐྱེན་གྱིས་ཚ་མོ་གཉིས་ཀྱང་འདིར་འབྱོར་བ་རེད་མ་གཏོགས་སྤུ་གུ་གཉིས་ཀྱི་ཕ་དེ་ལུང་ཁུག་ཞིག་ནང་དུ་སྐྱེ་ཚར་བྱུང་ཞིང་འཇོན་ཐང་དང་ཁ་ཐབས་སོགས་ཆེར་མེད་མཁན་ཞིག་ཡིན་སྟབས་སྤུ་གུ་རྒྱ་གར་ལ་གཏོང་བསམ་ཡིད་ལ་འཁོར་ཤེས་མཁན་ཞིག་མ་རེད། ཁོ་རང་ལ་སྤུ་གུ་མང་བའི་དཀའ་ངལ་ཆེན་པོ་ཞིག་ཡོད་པས་ངས་ཤ་ཚ་བྱས་ནས་སྤུ་གུ་རྒྱ་གར་སློབ་གྲར་གཏོངས་ཤོག་ཞེས་ཨུ་ཚུག་མང་པོ་བྱས་ནས་ད་ལྟའི་བུ་མོ་འདི་གཉིས་གཏང་བ་རེད། དེ་ནས་བཟུང་ལས་ཀ་ཚང་མ་ང་རང་གི་ཐོག་ཏུ་ལྷུང་ནས་ཁོ་རང་ཕ་བུ་རྣམས་ལ་ཟས་གོས་སོགས་ཀྱི་མི་ལོ་བརྒྱད་རིང་རོགས་རམ་བྱས་པ་ཡིན། 
དེ་རིང་བདེ་ཆེན་དབྱངས་སྐྱིད་ཕྱི་རྒྱལ་ནས་འདིར་འབྱོར་བའི་དགའ་སྤྲོའི་ཆེད་དུ་ཚ་མོ་གཉིས་དང་ཨ་ནེ་མདོ་སྒྲོན་བཅས་ང་ཚོ་ཉིན་གུང་ཟ་མ་མཉམ་དུ་ཟོས་པ་ཡིན། ཉིན་གུང་རྒྱབ་ཏུ་གངས་སྐྱིད་བོད་ཀྱི་ལས་ཁུངས་རྣམས་ལ་ལྟད་མོ་ལྟ་རུ་སོང་། མ་ཟད་སང་ཉིན་མ་ནའི་ལིའི་ལ་འགྲོ་དགོས་པས་ཉེར་མཁོའི་ཙག་ཙིག་ཉོ་བའི་ཆེད་དུ་རྡ་ཤོད་ལའང་སོང་ནས་ཡར་ནང་དུ་འབྱོར་སྐབས་ཐང་ཆད་ཅིང་རྐང་པ་ན་ནས་ལམ་སང་དེ་རིང་གི་ཉིན་ཐོ་གཏང་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར།
 

Tuesday, July 3, 2012

འཛམ་གླིང་སྤྱི་བསང་གི་ཉིན་མོ།

བོད་མིའི་བསང་གཏོང་ས་ལྷ་རྒྱལ་རི།
ཞོགས་པ་ལངས་ནས་སྔར་ཉིན་བཞིན་གླིང་སྐོར་ལ་སོང་བས་ལྷ་རྒྱལ་རི་ནས་མི་འགའ་ཡིས་གཟབ་འཆོར་འདྲ་བྱས་ནས་ཅིག་བྱེད་ཀྱི་འདུག་ངས་ཁོང་ཚོར་དེ་རིང་འདིར་མཛད་སྒོ་ཅི་ཞིག་ཡོད་པ་རེད་ཅེས་དྲིས་དུས་ཟུར་དུ་ཡོད་པའི་མི་ལྟས་ཚོད་ལ་ཤེས་ཡོན་ཡོད་མདོག་ཅན་གྱི་མི་ཞིག་ནས་ངོས་ལ་མཚར་རྩེད་དང་སྦྲགས་ནས། ཡ་སྐུ་ཞོག་ལགས་དེ་རིང་ལོ་རེ་ཐེངས་མ་གཅིག་ལས་མ་གཏོགས་མེད་པའི་འཛམ་གླིང་སྤྱི་བསང་རེད་ད། ཕེབས་ཤོག་ཨ་བསང་གསོལ་གཏང་ལ། ཞེས་ཟེར་བས་ངས་ཀྱང་ཁོང་ལ་ཡོང་རྒྱུའི་ཁ་དན་བྱས་ནས་ཡང་སྐྱར་བསྐོར་བ་ཞིག་ལ་སོང་ནས་རླུང་རྟ་དང་། ཤུག་པ་སོགས་བསང་ཕྱེ་རྣམས་ཉོས་ནས་བསང་ཁང་ནང་དུ་གཏོར་ཞིང་ལྷ་རྒྱལ་རིའི་མདུན་ཐང་དུ་སྐྱ་སེར་མང་དག་ཞིག་དགེ་ལུགས་པའི་གྲེ་སྐད་དེ་རྒྱག་ནས་ཆོ་ག་འདོན་བཞིན་འདུག་པས་སྒོར་མོ་སུམ་བརྒྱའི་ཞལ་འདེབས་ཕུལ། ངོས་ནས་ཀྱང་ཟུར་དུ་བསྡད་ནས་མ་མགོན་གཉིས་གཙོས་བཀའ་བརྒྱུད་པའི་སྲུང་མ་འགའ་ལ་ཕྲིན་བཅོལ་དང་མ་ཟད་རང་དགོན་གྱི་ཕ་སྐྱེས་ཟོ་དོར་ཆེན་པོ་མདོ་ཁམས་སྐུ་རྒྱལ་ལ་གོ་མ་བརྡ་ཡིས་མཆོད་གསོལ་བྱས། 
དེ་རིང་ནི་རྡ་སའི་སྐོར་ལམ་ཕྲ་མོ་འདི་ཉིད་མི་དང་རླངས་འཁོར། ཁྱི་འཁྱམས་བདག་མེད། བ་གླང་སོགས་ཀྱིས་རྒྱུ་མ་གཡོས་པ་ནང་བཞིན་འགྲོ་ལམ་ཐོབ་པ་ལ་ཧ་ཅང་དཀའ་ལས་འདུག ལྷག་པར་བོད་རིགས་རྣམས་ཀྱིས་གདན་ཆུང་གྲུ་བཞི་རེ་མཆན་དུ་བཟུང་། འཛོ་ལ་རྒྱབ་ཏུ་ཁུར་ནས་ཚང་མ་གཙུག་ལག་ཁང་སོགས་ལ་རྩ་ཆེ་དངོས་པོའི་ཅ་དངོས་ཞིག་བོར་ནས་འཚོལ་མཁན་དང་འདྲ་བ། ཁ་ནམ་མཁར་གདངས་ནས་གཅིག་རྗེས་གཅིག་གིས་མི་ཟིན་པར་འགྲོ་གི་འདུག དེ་ནི་ཉེ་ཆར་པཎ་ཆེན་རིན་པོ་ཆེའི་མ་ཡུམ་དགོངས་རྫོགས་ཀྱི་ཆེད་དུ་༧ གོང་ས་སྐྱབས་མགོན་ཆེན་པོའི་གཙོས་བོད་གཞུང་དམངས་གཉིས་ནས་བསྔོ་སྨོན་མཆོད་འབུལ་ཆེད་དུ་རེད་འདུག 
འཛམ་གླིང་སྤྱི་བསང་ནི་སྤྱི་ལོ་དུས་རབས་བརྒྱད་པའི་སྐབས་སུ་མཁན་སློབ་ཆོས་གསུམ་ནས་བསམ་ཡས་ཀྱི་གཙུག་ལག་ཁང་བརྟེན་དང་རྟེན་པར་བཅས་ཡོངས་སུ་ལེགས་གྲུབ་བྱུང་བའི་དགའ་སྟོན་གྱི་མཛད་སྒོ་རུ་ཡར་གྱི་ལྷ་ལ་གཏང་རག་དང་། མར་གྱི་འདྲེ་ལ་བརྔན་པ། བར་གྱི་བོད་རིགས་འབངས་མི་རྣམས་ཀྱིས་དགའ་སྟོན་བྱས་ནས་དར་བའི་ལུགས་སྲོལ་ཞིག་ད་བར་བོད་རིགས་ཡོངས་ནས་གལ་ཆེའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་ནས་སྲུང་རྩི་བྱེད་བཞིན་ཡོད། 
ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་ནང་ཆེན་བའི་ཨ་མ་ཡེ་དཀར་ནང་དུ་སྔ་ནས་འགྲོ་རྒྱུ་བྱས་པ་ནང་བཞིན་ཨ་ནེ་མདོ་སྒྲོན་དང་མཉམ་དུ་སོང་། ཨ་མ་ཡེ་དཀར་ནི་ལོ་ན་ཆེ་ལ། ནད་གཅོང་ཡིན་པ་འཚོ་བའི་ཐོན་ཁུངས་བུ་མོ་གཅིག་གི་ལག་ཞབས་སྒུག་རྒྱུ་ལས་གཞན་གང་ཡང་མེད་པ་ངོས་ཀྱི་ཕ་ཡུལ་ནང་ཆེན་བའི་ནང་ནས་སྐྱོ་ཤོས་ཞིག་ཡིན། བུ་མོ་ཞིག་ཡོད་པ་དེས་དེང་སང་དབྱིན་ཇིར་བོད་ཡིག་སློབ་ནས་གླ་ཆ་མི་སྐྱོན་ཙམ་ཞིག་ཡོད་སྐད། ཡིན་ནའང་ཨ་མ་ཡེ་དཀར་ཁང་པ་ནི་སྐྱིད་རོང་གྲོང་དུ་ཁང་མིག་གཅིག་གི་ནང་དུ་མོ་རང་དང་བུ་མོ་བཅས་མ་ཟད་མགྲོན་པོ་ཨ་ནེ་ཞིག་ཀྱང་བསྡད་འདུག ངས་ཁྱེད་རང་མི་གསུམ་ཁང་མིག་ཆུང་ཆུང་འདི་ཡི་ནང་དུ་གང་འདྲ་བྱེད་ནས་བསྡད་ཀྱི་ཡོད་ཅེས་དྲིས་དུས་ཨ་མ་ཡེ་དཀར་ནི་གཟུགས་པོ་ནད་གཅོང་དང་དཔལ་འབྱོར་འཁོས་ཐབས་ཞན་ཀྱང་སྣང་བ་སྐྱིད་པོ་ཅན་ཞིག་ཡིན་སྟབས་རྩེད་མོ་དང་སྦྲགས་ནས་ངེད་གསུམ་ཕྱི་བ་ཉལ་བ་ནང་བཞིན་བྱེད་ནས་ཉལ་གྱི་ཡོད་ཟེར། ཨ་མ་ཡེ་དཀར་ནས་ངོས་སྐྱུར་ཐུག་ལ་དགའ་མཁན་ཡིན་པ་ཤེས་ནས་སྐྱུར་ཐུག་ཞིག་བསྐོལ་འདུག་སྟབས་ཕོར་པ་གང་འཐུང་། དེ་ནས་ཨ་མ་ཡེ་དཀར་ལ་འཚོ་སྣོན་ཆེད་ཧིན་སྒོར་ཉིས་སྟོང་དང་། ཟུར་དུ་ཨ་ནེ་གཉོམ་ཆུང་ཞིག་འདུག་པ་དེར་འཚོ་སྣོན་ཧིན་སྒོར་གཅིག་སྟོང་བཅས་སྤྲད་པས་ཁོ་རང་གཉིས་ཀ་དགའ་བོ་བྱུང་སོང་།
ཉམ་ཆུང་སྐྱོ་བོ་སྡུག་སྒུར་བྱེད་ས་རྡ་རམ་ས། 
འབྱོར་ལྡན་ཁང་རྩེགས་མང་པོའི་བདག་པོ་རྡ་རམ་ས།
སྦྱིན་བདག་བསྟེན་ནས་སྐྱིད་ཉལ་བྱེད་མཁན་རྡ་རམ་ས།
བག་ལེབ་གཙོང་ནས་འཚོ་བ་སྐྱེལ་མཁན་རྡ་རམ་ས།

འབྱོར་མེད་གསར་འབྱོར་ལག་པ་བཟེད་མཁན་རྡ་རམ་ས།
འབྱོར་ལྡན་སྐུ་ངོས་རྫིག་ཉམས་སྟོན་མཁན་རྡ་རམ་ས། 
ཆོལ་ཁ་ཆོས་ལུགས་འཐེན་ཁྱེར་བྱེད་ས་རྡ་རམ་ས།
གང་སྤྱིའི་ཐད་ནས་ཆ་མི་སྙོམས་མཁན་རྡ་རམ་ས།
ནང་དུ་འབྱོར་ནས་རྡ་སའི་ཡུས་གཏམ་གྱི་རྩོམ་ཐུང་ཞིག་དང་དེ་རིང་གི་ཉིན་ཐོ་ཞིག་མདོར་བསྡུས་ཞིག་བཅས་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, July 2, 2012

བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡ་འཕེལ་དང་འཕྲད་པའི་ཉིན་མོ།

སྦག་སུའི་ཆུ་རགས་ནང་གི་རྣམ་པ།
ཞོགས་པ་ལངས་ནས་གླིང་སྐོར་ལ་སོང་བས་ལམ་ནང་དུ་བ་གླང་གི་ངུར་སྒྲ་དང་། སྤྲེའུ་གར་རྩེད་སོགས་ལྟད་མོ་མང་པོ་མཐོང་རྒྱུ་འདུག ལྷ་རྒྱལ་རིའི་འགྲམ་ནས་ངོས་ཀྱི་ཆོས་གྲོགས་རྙིང་པ་མཚན་ཉིད་གྲྭ་ཆོས་ཉི་དང་འཕྲད་བྱུང་། ངེད་གཉིས་གླིང་སྐོར་གཅིག་ལ་མཉམ་དུ་སོང་ནས་ཁོ་རང་གྲྭ་ཤག་ཏུ་སོང་ཞིང་ཞོགས་ཟས་མདོར་བསྡུས་ཞིག་ཟོས།
གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཁ་སང་དུས་ཆད་བྱས་པའི་བཀའ་བརྒྱུད་པའི་སྤྱི་འཐུས་སྐུ་ཞབས་བསྟན་པ་ཡར་འཕེལ་ལགས་རེད་འདུག ཉིན་གུང་ཆུ་ཚོད་བཅུ་གཉིས་སྐབས་སུ་རྒྱ་གར་ཟ་ཁང་ཞིག་ནང་དུ་ངོས་ཀྱི་ཚ་མོ་ཆོས་དབྱིངས་དབང་མོ་དང་། བསྟན་པ་ཡར་འཕེལ་བཅས་ང་ཚོ་ཟ་མ་མཉམ་བཟའ་བྱས། ངེད་གཉིས་མ་ཐུག་ཡུན་རིང་སོང་བས་ཕན་ཚུན་ཆོས་སྲིད་མང་པོའི་སྐོར་ནང་ཚགས་ཀྱིས་ཁ་བརྡ་ཡུན་རིང་བྱུང་། 
ཉིན་རྒྱབ་སྦག་སུར་ལ་ཆོས་གྲོགས་རྒན་ཆོས་ཉི་དང་། སྐུ་ཞབས་རིག་འཛིན་དཔལ་གྲུབ་བཅས་མཉམ་དུ་སོང་བས་རྒྱ་གར་བའི་ཡུར་སྐོར་བའི་མི་རྣམས་ལམ་ནང་དུ་གྲོག་ཚང་ཁ་ལུད་པ་ནང་བཞིན་གང་དུ་སོང་ཀྱང་རི་ལུང་རྣམས་མི་ཡིས་ཁེངས་འདུག སྦག་སུའི་རྒྱུགས་ཆུ་འདི་ནི་གནའ་སྔ་མོ་ལོ་རབ་མང་པོའི་རིང་ཡུལ་འདིར་གནས་པའི་རྒྱ་གར་བའི་དྲང་སྲོང་ཞིག་ནས་གཏེར་ནས་བཏོན་པའི་ལོ་རྒྱུས་ཡོད་པ་མ་ཟད་བོད་པ་རྣམས་ནས་ཀྱང་ཆུ་འདིར་རྩ་ཆེན་པོར་བརྩི་སྲོལ་འདུག ཆུ་ཁར་རྒྱ་གར་བའི་ཡུལ་སྐོར་བ་རྣམས་ཆུ་བསྐྱལ་བརྩེ་བཞིན་ཟིང་ཟིང་འུར་འུར་འདྲ་རེད་འདུག  སྐུ་ཞབས་ཆོས་ཉི་ཆུ་ནང་དུ་མཛུལ་ཙམ་བྱས་པ་ལས་རིག་འཛིན་དཔལ་གྲུབ་ངེད་གཉིས་ཆུ་ཡི་གྲང་ངད་དང་མི་མང་གི་འུར་ཟིང་གིས་ཆུ་བསྐྱལ་འདོད་མ་བྱུང་།

ཞོགས་པ་སྔ་མོ་སྲང་ལམ་ཁྲོད་ནས། 
རྩམ་པ་བག་ལེབ་ཚོང་ལ་བྲེལ་བའི། 
ཉིན་རེའི་རང་ཁ་རང་སོས་བྱེད་པ། 
རྡ་རམ་ས་ཡི་ཚོང་པའི་ཁྱད་ཆོས།

དབྱིན་ཇི་སྦྱང་ཞོར་དགའ་རོགས་བཙལ་ཞིང་། 
དགའ་རོགས་བརྒྱུད་ནས་ཕྱི་རྒྱལ་རེ་བ།
ལས་མེད་ཁྱུ་ཡིས་རི་ལུང་ཁེངས་པ། 
རྡ་རམ་ས་ཡི་བོད་པའི་ཁྱད་ཆོས།

རི་འབུར་ཆུང་ཆུང་ཞིག་གི་ཐོག་ལ།
འཛམ་གླིང་མི་རིགས་གཅིག་ཏུ་འདུས་ཞིང་། 
བྲེལ་ཟིང་ཆེ་བའི་རྐང་ལམ་དོགས་མོ། 
རྡ་རམ་ས་ཡི་ལུང་པའི་ཁྱད་ཆོས།

ཆར་དུས་སྐབས་སུ་གནམ་རྐུབ་རྡོལ་འདྲ།
ཚ་བའི་སྐབས་སུ་ཚིག་གྲབ་བྱེད་པ། 
དུས་བཞི་མི་སྙོམས་གཅེས་ཕྲུག་སེམས་འདྲ།
རྡ་རམ་ས་ཡི་གནམ་གཤིས་ཁྱད་ཆོས། 
དགོང་ཟས་སུ་ཐུག་པ་ཞིག་འཐུང་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།



སྤྱི་འཐུས་གངས་ལྷ་མོ་དང་འཕྲད་པའི་ཉིན་མོ།

རྡ་སའི་རྐང་ལམ་ནང་གི་སྤྲེའུ་མ་བུ་གཉིས།
ཞོགས་པ་སྔ་བོ་ལངས་ནས་གླིང་སྐོར་ལ་སོང་བས་ཞོགས་རླུང་བསིལ་མོའི་ལུས་ལ་བདེ་བ་སྟེར་ཞིང་། གཡས་གཡོན་སྔོ་ལྗངས་ཅན་གྱི་ལྗོན་ཤིང་རྣམས་མིག་ལ་མཛེས། ལྗོན་ཤིང་གི་རྩེ་རུ་བྱ་རིགས་རྣམས་ཀྱི་གསུང་སྐད་རྣ་བ་རུ་སྙན། ལྷ་རྒྱལ་རིའི་ལྷ་བསང་གི་དུད་པ་སྣ་རུ་ཞིམ། ལྕགས་ཁེབ་འོག་ཏུ་ཐེབ་ཆག་ཡོད་པའི་རྒྱ་གར་གྱི་ཇ་མངར་མོ་ཁ་རུ་ཞིམ། ལྷ་རྒྱལ་རིའི་ཞོལ་དུ་སྐྱེ་ཚལ་གྱི་སྤངས་ལྗོངས་ནང་དུ་བསྡད་ནས་སྒོམས་རྒྱབ་པས་སེམས་ལ་ཟག་མེད་ཀྱི་བདེ་བ་སྟེར། སྐོར་བར་འགྲོ་བའི་སྐབས་སུ་གཟུགས་པོའི་འཕྲོད་བསྟེན་ལ་ཕན་པ་སོགས་མདོར་ན་ཞོགས་པ་ལངས་ནས་རྡ་སའི་གཙུག་ལག་ཁང་གི་སྐོར་བ་འདི་ཡི་ཁྱད་ཆོས་ནི་ཧ་ཅང་མང་། 
སྐོར་ལམ་ནང་ནས་མཚན་ཉིད་གྲྭ་ཆོས་གྲོགས་ཆོས་ཉི་དང་འཕྲད་སོང་བས་ངེད་གཉིས་ཁྱུག་ཙམ་ཞིག་མཉམ་དུ་སོང་ནས་ནང་དུ་འབྱོར། ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ལོ་བརྒྱད་ཀྱི་ཡར་སྔོན་རྒྱ་གར་ལྷོ་ཕྱོགས་གནས་སྐོར་དུ་མཉམ་དུ་སོང་བའི་བུ་མོ་དེང་སང་དགུ་བཅུ་གསུམ་གྱི་དྲུང་ཆེ་དང་། མདོ་སྟོད་སྤྱི་འཐུས་གངས་ལྷ་མོ་ལགས་རེད་འདུག  དེ་ནི་ཉིན་འགའ་ཡི་སྔོན་ངེད་གཉིས་ཐུག་རྒྱུའི་དུས་ཆད་བྱས་པ་དེ་ཡིན། རྡ་སའི་སྲང་ལམ་ཇ་ཁང་ཞིག་ནང་དུ་སོང་ནས་ཇ་རེ་འཐུང་ཞོར་འདས་ཟིན་པའི་ལོ་རྒྱུས་རྣམས་དྲན་རྫི་རུ་བསླངས་ནས་སྔར་སོང་ཀྱི་སྐད་ཆ་རྣམས་གླེང་སློང་དང་། མ་འོངས་པའི་སྟོང་བསམ་ཡིད་ཀྱི་འཆར་སྒོ་རྣམས་གང་དྲན་བཤད་རེས་བྱས་པས་གཉིས་ཀར་སྐྱིད་པོ་འདྲ་ཞིག་བྱུང་། བུ་མོ་འདི་ནི་སྤོབས་པ་ཧ་ཅང་ཆེ་ལ་སྐད་ཆ་བཤད་མཁས་པ་མ་ཟད་རྒྱ་ཡིག་བོད་ཡིག་སོགས་སློབ་སྦྱོང་ལའང་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་ཡོད། མོ་རང་ནས་ཀྱང་སྤྱི་འཐུས་དང་དགུ་བཅུ་གསུམ་སོགས་རྐུབ་སྟེགས་འདིར་བསྡད་པའི་རིང་བོད་བསྟན་སྲིད་གཉིས་ལ་མ་འོངས་པའི་འཆར་གཞི་མང་པོ་ཞིག་བཞག་འདུག 
མོ་རང་ཉེ་བའི་ཆར་ཨ་རིར་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཚབ་བྱས་ནས་ཁོ་རང་ཚོ་མི་ཁ་ཤས་ཞིག་སོང་བས་དེ་དང་མཉམ་དུ་ཡོད་པ་རེད་འདུག མོ་རང་ནས་གསུངས་ན་དེ་རིང་ངོས་ཁྱེད་རང་ལ་བརྔན་པ་སྒོ་ཡོལ་སྤུས་གཙང་ཞིག་དང་སྤོས་ཆག་ཁ་ཤས་བཅས་ཡོད་གསུངས་བྱུང་བས་ངས་དེ་ཡི་ལན་དུ། 
ཁྱེད་རང་དགུ་བཅུ་གསུམ་དྲུང་ཆེའི་རྐུབ་སྟེགས་དང་། བོད་གཞུང་མདོ་སྟོད་སྤྱི་འཐུས་ཀྱི་རྐུབ་སྟེགས་འདི་གཉིས་ཟིན་པའི་རིང་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་མདུན་ནས་ཁས་བླངས་རྣམས་མ་བརྗེད་པར་བྱས་ནས་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དུ་མ་སོང་བར་ལས་ཀ་ཡག་པོ་ཞིག་ལས་རོགས་དང་དེ་ང་ཡི་བརྔན་པ་ཡག་ཤོས་དེ་ཡིན། 
 ཞེས་ཟེར་དུས་མོ་རང་ནས་གང་དྲག་ཅི་དྲག་བྱེད་ཀྱི་ཡིན་ཟེར་ དེ་ནས་ངེད་གཉིས་ཕན་ཚུན་གྱེས་བྲལ་གྱི་ལག་འཇུ་སོགས་བྱས་ནས་རང་རང་སོ་སོའི་གནས་སུ་ལོགས།
དམ་ཚིག་ཅན་གྱི་གནས་གྲོགས་གངས་ལྷ་མོ།
མ་མཇལ་ལོ་བདུན་སོང་བའི་དུས་སྐབས་སུ། 
གང་ཁྱེད་ལུགས་གཉིས་དཔའ་ལུང་དམ་དུ་འཆང་། 
འགྲན་མེད་དཔའ་མོ་ཨ་སྟག་ཀླུ་མོ་དངོས། 

འོན་ཀྱང་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད། 
རང་ཉིད་དྲང་པོའི་ལམ་ལ་གནས་གྱུར་ན།  
 མི་ཁས་སེམས་ཤུགས་མ་ཆགས་གངས་ལྷ་མོ། 
དེ་ནི་ང་ལ་དགོས་པའི་བརྔན་པ་ཡིན།

སྤྱི་འཐུས་ཞེས་པའི་རྭ་བ་འདིའི་ནང་དུ། 
བསྟན་སྲིད་བོད་ཀྱི་རྩ་དོན་ལ་བརྩད་ནས།
ཆོལ་ཁ་ཆོས་ལུགས་འཐེན་ཁྱེར་མ་གནང་ན།
དེ་ནི་ང་ལ་དགོས་པའི་བརྔན་པ་ཡིན།  

ཁྱེད་ནི་མི་མང་བདམས་པའི་སྤྱི་འཐུས་ཡིན། 
མི་མང་རྣམས་ཀྱི་རེ་བའི་ཉག་གཅིག་པུ། 
གལ་གནད་སྐབས་སུ་ཞབས་འདྲེན་མ་བྱེད་དང་། 
དེ་ནི་ང་ལ་དགོས་པའི་བརྔན་པ་ཡིན།

གང་ལྟར་༧གོང་ས་མཆོག་གི་དམ་ཚིག་དང་། 
གཞི་བྱེས་བོད་མིའི་བདེ་སྡུག་ལ་བསམ་ནས། 
འགན་ཁུར་རིང་ལ་སྤྱི་དོན་བསྒྲུབ་བགྱིས་དང་།
དེ་ནི་ང་ལ་དགོས་པའི་བརྔན་པ་ཡིན། 
ཞེས་གནས་གྲོགས་གངས་ལྷ་མོ་ལ་མཚར་རྩེད་དང་སྦྲག་ནས་རྩོམ་ཐུང་དང་། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་བཅས་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་མཉས་དུ་དགོང་ཟས་ཟོས་པའི་ཉིན་མོ།

རྡ་སའི་གྲོང་ཟུར་ཞིག
ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ལངས་ནས་གཙུག་ལག་ཁང་དུ་བསྐོར་བ་ལ་སོང་། ཞོགས་པའི་བསིལ་རླུང་གྲང་མོའི་ཁྲོད་ནས་ནགས་བསེབ་ཀྱི་བྱེའུ་ཆུང་འཇོལ་མོ་རྣམས་ནས་ཀྱང་དྲུག་འགྱུར་གྱི་གླུ་དབྱངས་འཐེན་བཞིན་པའི་སྐད་ལ་ཉན་བཞིན་ལྷ་རྒྱལ་རིའི་སྐོར་ལམ་ནང་དུ་འབྱོར་བས་ལག་ཏུ་ཕྲེང་བ་ཐོགས་ཤིང་། ཁ་ནས་དབ་དིབ་ཀྱི་འདོན་པ་སྐྱོར་ནས་སྐོར་བ་ལ་འགྲོ་མཁན་བོད་མི་ཁ་ཤས་མཐོང་རྒྱུ་འདུག དེ་ནས་མཚན་ཉིད་གྲྭ་ཆོས་ཉི་དང་། རིག་འཛིན་དཔལ་གྲུབ་གཉིས་ཀྱང་སླེབས་བྱུང་བས་ངོས་རྣམས་སྔར་བཞིན་ལྷ་རྒྱལ་རིའི་ཟུར་དུ་ཡོད་པའི་རྒྱ་གར་ལྷ་ཁང་ཞིག་གི་འགྲམ་དུ་སོང་ནས་རྒྱ་གར་ཨ་ར་ཅན་གྱིས་བསླབ་པའི་ལུས་སྦྱོང་སྐར་མ་སུམ་བཅུ་ཙམ་བྱས་ནས་མཚན་ཉིད་གྲྭ་ཚང་ཟ་ཁང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། 
རྡ་སའི་གསང་ལམ་ཕྲ་མོའི་ནང་ནས་རླངས་འཁོར་དང་། མི། ཁྱི། བ་གླང་སོགས་རྐང་པ་ཐོགས་ཚད་ལམ་འཕྲང་དོགས་མོ་གཅིག་གི་ནང་དུ་འགྲོ་དགོས་སྟབས་རྣ་བ་རུ་མི་སྙན་པའི་ཙིར་སྒྲ་དང་། མིག་ལ་མི་མཛེས་པའི་ཟིང་ཟིང་གི་ཁྲོད་ནས་ཟུར་མ་འགྲོས་ཀྱིས་འཚང་ཁ་རྒྱབ་པས་མཐར་དབུགས་ཧར་སྒྲ་དིར་རེ། ལུས་དངུལ་ནག་ཕ་ལེ་རིན་པོ་ཆེའི་ཆོས་ཚོགས་སུ་འབྱོར་སོང་བས་གློ་བུར་དུ་་ཁྲུས་ཁང་ནང་དུ་མཛུལ་ནས་ཆུ་དྲོད་མཇམ་གྱིས་ཁྲུས་ཞིག་རྒྱབ་པས་སྐྱིད་པོ་དཔེ་མེད་ཞིག་བྱུང་། མདུན་ལྕོག་སྒང་ནས་ཁ་པར་གྱི་དིར་སྒྲ་ཞིག་ཡོད་པ་དེ་ནི་༡༩༩༨ ལོར་དབུས་ཉི་མ་ལྷ་ས་ནས་རྒྱ་གར་རྡ་རམ་ས་ལ་བར་དུ་གནས་ཁྲ་མོ་བསྐོར་རོགས། ཁམས་རི་བོ་ཆེ་ནས་ཡིན་པའི་བུ་མོ་བཀྲ་ཤིས་སྒྲོན་མ་རེད་འདུག མོ་རང་ནས་ཟེར་ན་མཁན་པོ་ཁྱོད་རང་གི་ཟ་མ་དགའ་ཤོས་ཟྭ་ཞིག་བསྐོལ་ཡོད་པས་ཉིན་གུང་ཆུ་ཚོད་བཅུ་གཉིས་སྐབས་སུ་ནང་དུ་ཤོག་ཟེར་བས་ངོས་ཀྱང་དེར་སོང་། བཀྲ་ཤིས་སྒྲོལ་མ་བསྡད་ས་ནི་ཐར་འདོད་གླིང་གི་གཤམ་དུ་ཁང་པ་ཐབ་ཚང་དང་། ཉལ་ཁང་། བསྡད་ས་ཚང་མ་ཁང་མིག་གཅིག་གི་ནང་དུ་ཡོད་པའི་རང་ཤོང་སྤྱིལ་བུ་གྲུ་བཞི་མ་ཞིག་གི་ནང་དུ་བསྡད་འདུག མོ་རང་ནས་ང་ལ་བཟང་བཟང་བཅོ་བརྒྱད་བྱས་ནས་ཟྭ་ཐུག་ཞིམ་པོ་ཞིག་བསྐོལ་འདུག་པས་རྩམ་པ་དང་མཉམ་དུ་ཟོས་པས་ཞིམ་པོ་དཔེ་མེད་བྱུང་། དེ་ནས་ངེད་གཉིས་ནས་སྔར་འདས་ཟིན་པའི་ལོ་རྒྱུས་རྣམས་རྒྱུ་ནག་བདའ་བདའ་བྱས་ཞིང་མ་ཟད་ངོས་ཨ་རིར་སོང་ནས་སྐྱིད་སྡུག་གི་དཀའ་ངལ་རྣམས་དྲན་ཚད་ཧབ་དགད་དང་བཅས་གནས་སྟངས་རྣམས་སྦ་གསང་མེད་པར་བཤད་རེས་བྱས་པས་ཧ་ཅང་སྐྱིད་པོ་བྱུང་། 
དེ་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་བོད་ཀྱི་བང་ཆེན་རྩོམ་སྒྲིག་པའི་འགན་འཛིན་དང་། མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་རེད་འདུག དེ་ནི་ཁ་སང་ཐུག་རྒྱུའི་དུས་ཆད་བྱས་པ་ནང་བཞིན་ཨ་ཤོ་ཀའི་ཟ་ཁང་ནང་དུ་སོང་ནས་དགོང་ཟས་མཉམ་དུ་ཟོས། ཁོང་ནས་ངོས་ལ་སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་གསུང་འབུམ་སྤུས་ལེགས་དེབ་བཞི་དང་། གཞན་དུས་དེབ་ཁ་ཤས་བཅས་གནང་བྱུང་།  ཁོང་མཉམ་དུ་བོད་གཞུང་དང་མ་ཟད་སྤྱི་འཐུས་རྣམས་ཀྱི་གནས་སྟངས་སྐོར་སོགས་ཆོས་སྲིད་གཉིས་ཀྱི་ཐད་ཇུས་གཏོགས་མང་པོ་ཞིག་བྱས་ནས་མཐར་ངོས་ནང་དུ་འབྱོར་ཞིང་དེ་རིང་གི་ཟིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།