Friday, August 31, 2012

ངོས་ཀྱི་ལག་ཁྱེར་དང་མཐུན་པའི་སྐྱེ་སྐར་ཉིན་མོ།

དགེ་ཕྲུག་འགའ་དང་ལྷན་ཉིན་གུང་ཟ་མའི་སྐབས་སུ།
དེ་རིང་གི་ཉིན་མོ་འདི་ནི་སྔོན་བལ་ཡུལ་ལ་ཡོད་པའི་སྐབས་སུ་ངོས་ཀྱི་ལག་ཁྱེར་དང་མཐུན་པར་རང་བཟོ་བྱས་པའི་སྐྱེ་སྐར་རྫུན་མའི་ཉིན་མོ་ཡིན། ང་ནི་བོད་ཁམས་ནང་ཆེན་ཡུལ་འབྲོག་འདྲེས་མའི་གྲོང་གསེབ་ཞིག་ནང་དུ་རང་བྱུང་བཅུ་བདུན་པའི་ཤིང་སྦྲུལ་ལོར་བོད་ཁམས་ཡོངས་ལ་རིག་གནས་གསར་རྗེའི་ལས་འགུལ་ཆེན་པོ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དུས་ཐབས་སྡུག་ཞིག་དང་མཉམ་དུ་ངོས་ཀྱང་མི་ཡུལ་འདིར་ངུ་སྐད་ཙིར་ཙིར་བཅས་སྐྱེས། སྐྱེས་ལོ་༡༩༦༥ ལོ་ཡིན་པ་ཤེས་ཀྱང་། ཟླ་བ་དང་ཞག་གྲངས་སོགས་ནི་སུས་ཀྱང་མི་ཤེས། སེམས་སྐྱོ་དགོས་པ་ཞིག་ལ་ངོས་ཀྱི་སྐྱེས་མ་དེ་ངོས་སྐྱེས་ནས་ཟླ་བ་གསུམ་ཙམ་ནས་རྒྱ་ནག་དམར་པོའི་འཐབ་རྩོད་འོག་འདས་གྲོང་དུ་སོང་ནས་ངས་ཤེས་པའི་སྐབས་སུ་མ་ཡི་མིང་ཙམ་ལས་མེད། ལར་ནི་བོད་པའི་ལུགས་སྲོལ་ལ་སྐྱེས་སྐར་དུས་ཆེན་སྲུང་རྩི་བྱེད་སྲོལ་ཆེར་མེད། སྔ་ལོ་༧གོང་ས་མཆོག་ནས་ཀྱང་ཉིན་མ་རེ་ལ་སྐྱེ་སྐར་རེ་རེད་ངོས་ཀྱི་སྐྱེ་སྐར་དེ་ངོས་ལ་ལྟོས་ན་འགྲོ་སོང་ཕོན་ཆེན་གཏངས་ནས་དུས་ཆེན་སྲུང་རྩི་བྱེད་པ་ལ་དགའ་བོ་ཆེར་མེད་ཞེས་གསུངས་པ་ལྟར་དུ་རེད། དེ་རིང་ངོས་ཀྱི་སྐྱེ་སྐར་འདི་ལ་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌེའི་དང་སུ་སིན། རྗེན་ནེའི་བཅས་ཀྱི་མོས་པ་ལྟར་ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་རྒྱ་གར་ཟ་ཁང་ཞིག་ནང་དུ་སོང་། ཟ་མ་གང་འདོད་ཟ་ཆོག་པ་དེ་ནས་འགྲང་ཚད་ཟོས། དེ་ནས་ཧར་ཌེའི་སུ་སིན་སོགས་རིམ་བཞིན་ངོས་ལ་སྟོད་གོས་སོགས་སྐྱེས་སྐར་ལ་བརྔན་པ་འདྲ་མིན་སྤྲད་བྱུང་། ཟ་མ་ཟོས་རྗེས་སུ་སིན་དང་རྗེ་ནེའི་གཉིས་མཉམ་དུ་རྒྱ་མཚོའི་འགྲམ་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ལྷག་ཏུ་སོང་། གློ་ཁུག་ནང་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་མིང་འདོགས་ལ་བླ་མ་མགོ་ཞེས་ངོས་ཀྱི་དགེ་ཕྲུག་མེའུ་ཀོའི་རེད་འདུག ཁོང་ནས་ཟེར་ན་རྗེའུ་ཧྥུའི་ཁྱི་ད་ལྟ་ཤི་སོང་བས་འཕོ་བ་འདོན་ལ་ཡོང་རོགས་ཟེར། རྗེའུ་ཧྥུའི་ནང་དུ་སོང་ནས་ཁྱི་ལ་འཕོ་བ་བཏོན། ས་ཆ་འདིར་ཁྱི་ཤི་བའི་སྐབས་སུ་བོད་ནས་མི་ཤི་བ་ནང་བཞིན་སྡུག་བསྔལ་བྱེད་ནས་དེར་ཡོད་མི་བདུན་བརྒྱད་ཡོད་པ་དེ་རྣམས་མི་ངུ་མཁན་གཅིག་ཀྱང་མི་འདུག ངས་ནི་རྗེའུ་ཧྥུ་ལ་སེམས་གསོ་འདྲ་བྱས་ནས་སུ་སིན་ངེད་གཉིས་ནང་དུ་འབྱོར། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Thursday, August 30, 2012

སྨན་ཁང་ནང་དུ་ཁྲག་བརྟགས་དཔྱད་བྱས་པའི་ཉིན་མོ།

ཉེ་ཆར་མེ་ལ་འབུལ་བཞིན་པའི་རྔ་བའི་རྒྱལ་གཅེས་པ།
ཇི་སྲིད་གཟུགས་ཕུང་འདི་ལས་ཁ་མ་བྲལ་བར་དུ་དེ་སྲིད་བདག་འཛིན་ལས་མི་ལྡོག བདག་འཛིན་ལས་མ་ལྡོག་བར་དུ་ཚོར་བ་བདེ་སྡུག་རྣམས་ཁ་བྲལ་ཐབས་མེད་པས་ངོས་ཀྱི་ད་ལྟ་དྲུད་བཞིན་པའི་འབྱུང་འདུས་ཀྱི་རྫས་ཕུང་འདི་ཡི་དོན་དུ་མ་ལས་སྐྱེས་ནས་བཟུང་ད་བར་ཨ་སྒོར་འབུམ་ཕྲག་འགའ་ཡིས་འགྲོ་སོང་གཏང་ཚར། ངོས་རང་ཆུང་དུས་ནས་ནད་པ་ཡིན། དགོན་པར་ཡོད་པའི་སྐབས་སུ་མཁལ་སྐེད་ཕོ་ནད་སོགས་ཀྱིས་ཟླ་བ་མང་པོར་ཉལ་སར་བསྐྱལ་མྱོང་ཡོད། བེམ་གོག་འདི་ལ་བཟང་པོའི་ཕྱོགས་སུ་བེད་སྤྱོད་ཡོད་མེད་ལ་མ་ལྟོས་པར་མཚོན་རྣོན་པོའི་གཤའ་བཅོས་ཐེངས་མ་གསུམ་ཙམ་བྱས་ཚར། འོན་ཀྱང་ཁ་ཤྭ་ཚོད་མཛེས་མོ་ཞེས་པའི་དཔེ་ལྟར་ནད་ཀྱིས་མནར་ཡང་མ་ཤི་ནས་ད་ལྟ་ཡང་འཇིག་རྟེན་འདིའི་སྒང་ནས་ལྷུ་གཟུགས་ཐོགས་ནས་འགྲོ་རྒྱུ་ཡོད་པ་དེ་ཡང་གནས་སྐབས་ཚེ་མ་ཟད་པའམ་དཀོན་མཆོག་གི་ཐུགས་རྗེས་ལུས་ཡིན། ཁར་སྔོན་རྒྱ་གར་ལ་མ་སོང་གོང་སྨན་པས་ངོས་ལ་ཁྲག་མངར་མོའི་ན་ཚ་སླེབས་ཉེན་འདུག་ཞེས་པའི་ཉེན་བརྡར་དེ་ལ་མ་བཟོད་ནས་དེ་རིང་ཡང་སྐྱར་ངོས་ཀྱི་དགེ་ཕྲུག་ལིན་ཌིའི་ངེད་གཉིས་སྨན་ཁང་ནང་དུ་ཁྲག་བརྟག་དཔྱད་ཆེད་དུ་སོང་། སྨན་པས་གསུངས་ན་ཁྱེད་རང་ཁྲག་གི་ཚད་གཞི་ཨང་གྲངས་༩༢ འདུག་ཞེས་ཟེར་དེ་ནི་ནམ་རྒྱུན་ལས་དངངས་ཚབ་གང་ཡང་དགོས་མི་འདུག་ཟེར། ངོས་ཀྱང་ནམ་རྒྱུན་ཞོགས་པ་རྒྱུགས་ཤར་བྱེད་པ་དང་ཟས་སྤྱོད་གཟབ་པ་སོགས་གང་དྲག་བྱེད་ཀྱི་ཡོད། ནང་དུ་འབྱོར་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་སེམས་ཧ་ཅང་སྐྱོ་དགོས་པ་ཞིག་ལ། ཁ་སང་ཨ་མདོ་རྔ་བ་ཀིར་ཏི་དགོན་པའི་སྒོ་ཆེན་གྱི་འགྲམ་ནས་བོད་པའི་སྐྱ་སེར་གཉིས་ནས་དུས་ཚོད་གཅིག་ལ་གཟུགས་པོ་མེ་ལ་ཕུལ་འདུག ད་ཡིན་ན་གཞིས་ལུས་པའི་བོད་པའི་སེམས་ཤུགས་དེ་ལ་ངོས་ནི་རྦད་དེ་ཧ་ལས་སོང་། ཡིན་ནའང་ལས་འགུལ་སྤེལ་སྟངས་དེ་ཁོ་རང་ཚོ་ལ་ལྟོས་ན་ལམ་ཁ་དེ་ལས་མ་གཏོགས་འགྲོ་ས་མེད་ནས་འུས་ཐུག་པའི་ལས་ཀ་ཞིག་ལུས་ཡིན་ཀྱང་། ངོས་ནས་བསམ་ན་དེ་ནི་ང་ཚོ་གྲངས་ཉུང་མི་རིགས་ཤིག་ལ་མཚོན་ན་ཕུགས་སུ་བོད་བསྟན་སྲིད་མི་རིགས་ལ་ཧ་ཅང་གྱོང་གུད་ཆེན་པོ་ཞིག་མཐོང་གི་འདུག གང་ལྟར་ཀྱང་དེ་ལྟར་བྱེད་ཕོད་པའི་སྙིང་སྟོབས་དེ་ལ་བསམ་ན་ཕལ་ཆེར་མི་དཀྱུས་མ་ཞིག་མིན་པ་བྱེད་སྟངས་དེས་འགྲེལ་བཤད་བྱས་འདུག དེ་ནས་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, August 27, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།


སངས་རྒྱས་འོད་དཔག་མེད་ཀྱི་ཞལ་ཐང་།
ཞོགས་པ་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་སྐར་མ་བཞི་བཅུ་ཙམ་སོང་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་ལ་རོལ་ནས་རྒྱུན་ཁྱེར་ཁ་འདོན་རྣམས་ཚར་བར་བྱས། དེ་རིང་གནམ་གཤིས་དེ་བཟང་བས་ཆུ་དྲོད་འཇམ་གྱི་འགྱིག་གཞོང་ནང་དུ་སྐར་མ་བཅོ་ལྔ་ཙམ་ཉལ་བས་དཔེ་མེད་སྐྱིད་པོ་འདྲ་ཞིག་བྱུང་། དེ་རིང་གི་ཉིན་མོ་འདི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉམས་སུ་ལེན་པའི་བསྐལ་བཟང་གི་ཉིན་མོ་ཞིག་ཀྱང་ཡིན།  ཉིན་གུང་ཟ་མ་རུ་ཚེ་འབྲས་ཞིག་ཟོས་ནས་ཐོག་ཁའི་ཉི་གདུགས་ཞབས་བསིལ་དྲོད་མཚམས་སུ་ཧྲེང་ཉལ་ངལ་གསོ་བྱས་པས་ཧ་ཅང་སྐྱིད་པོ་བྱུང་། མི་རྣམས་ཀྱིས་ང་ལ་ཁྱོད་རང་བསོད་ནམས་ཆེན་པོ་ཅན་ཞིག་རེད་ཁྱེད་རང་ས་ཆ་གང་དུ་སོང་ཀྱང་ཟས་གོས་གནས་མལ་སོགས་ཀྱིས་དཀའ་ངལ་གང་ཡང་མེད་པ་མ་ཟད་ད་དུང་ཁྱོད་རང་ནས་བོད་རིགས་གཙོར་བྱས་མི་མང་པོ་ལ་རོགས་རམ་བྱེད་ཐུབ་ཀྱི་འདུག ཞེས་བཤད་མཁན་མི་ཉུང་བ་ཞིག་བྱུང་བས་དེ་ནི་ང་རང་ནས་ཀྱང་སྔ་མོ་ནས་ངོས་ལེན་བྱས་ཚར་བ་ཡིན། དེང་སང་བོད་པའི་བླ་མ་དགེ་བཤེས་ང་ལས་ལྷག་པ་མང་པོ་ཞིག་ལུང་པ་འདིའི་ནང་ནས་གཞན་དོན་བྱེད་རྒྱུ་ཕར་ཞོག་མི་འདོད་ཀྱང་རང་དབང་མེད་པར་གཟན་ཤམ་ཕུད་ནས་མི་གཡོག་ཏུ་རྒྱུག་དགོས་བྱུང་བ་ནི་རེ་ཟུང་ཙམ་ག་ལ་ཡིན། དེ་ནི་བླ་མ་རྣམ་པ་མི་གཡོག་ཏུ་རྒྱུག་རྒྱུ་ལ་དགའ་དྲག་ནས་གཟན་ཤམ་ཕུད་པ་མིན་པ་ནི་ཚང་མས་ལུས་མཁྱེན། ངོས་ནི་དེ་སྔ་ཕན་ཆོད་རྩ་བའི་བླ་མ་ཐུགས་རྗེ་ཅན་དེའི་བཀའ་དྲིན་ཉག་གཅིག་ལ་བསྟེན་ནས་ཆེ་ས་བཤད་ན་གཟན་ཤམ་ཕུད་ནས་མི་གཡོག་ཏུ་རྒྱུགས་མ་དགོས་པ་དེ་བསམ་བཞིན་ཉི་འདེ་བྱས་ནས་ཁང་ཐོག་གི་བསིལ་གདུགས་ཞབས་སུ་བསྡད་པ་ཡིན། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་རྣམས་འཚང་ཁ་ཤིག་ཤིག་བྱས་སླེབས་སོང་བས་མི་གྲངས་སུམ་བཅུ་ཙམ་གྱིས་ཚོགས་ཁང་ཕལ་ཆེར་ཁེངས་སོང་། བདེ་ཆེན་ཞིང་སྒྲུབ་ཉིད་དབྱིན་ཇིའི་སྒྲ་གདངས་ཐོག་བཏོན། བསྙེན་མཚམས་སྐབས་སུ་དེ་རིང་གི་ཆོས་ཁྲིད་ལ་སེམས་གནས་པའི་ཐབས་སྐོར་བཤད་པས་མི་མང་དགའ་བོ་བྱས་སོང་། དེ་ནས་ནང་དུ་འབྱོར་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, August 26, 2012

ཁར་མེལ་རྒྱ་མཚོའི་འགྲམ་དུ་སྤྲོ་སེང་ལ་སོང་བའི་ཉིན་མོ།

ཁར་མེལ་རྒྱ་མཚོའི་འགྲམ་ཟུར་ཞིག་གི་པར།
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་སྐར་མ་བཞི་བཅུ་ཙམ་སོང་ནས་ནང་དུ་འབྱོར་ཞིང་གཟུགས་པོར་ཆུ་གཤལ་ཐེངས་གཅིག་བྱས་ནས་ཞོགས་འདོན་རྣམས་ཚར་བར་བྱས་ནས་ཞོགས་ཟལ་ལ་རོལ། 
ཉིན་མོ་འདི་ནི་གཟའ་ཉི་མའི་གུང་སང་ཡིན་པས་ཁ་སང་དུས་ཆད་བྱས་པའི་མེ་ཁོའི་གཟའ་ཟླ་གཉིས་མཉམ་དུ་སྐད་གྲགས་ཅན་གྱི་ཁར་མེལ་རྒྱ་མཚོའི་འགྲམ་དུ་སྤྲོ་འཁྱམས་ལ་འགྲོ་རྒྱུ་བྱས་པ་དེ་ཡིན། Carmel beach ཞེས་ཁར་མེལ་རྒྱ་མཚོ་འདི་ནི་ཀི་ལི་ཧྥོ་ཉའི་ས་གནས་སུ་སྐད་གྲགས་ཆེ་ཤོས་དང་དགུན་ཁའི་དུས་ཚོད་སྐབས་ཉི་ཡོག་སོགས་ས་གནས་གཞན་པ་ནས་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་། དེ་ནས་མེ་ཁོའི་གཟའ་ཟླ་གཉིས་སླེབས་བྱུང་བས་ངོས་ཀྱི་སློབ་མ་ལིན་ཌིའི་དང་བཅས་ང་ཚོ་ཀར་མེལ་རྒྱ་མཚོའི་འགྲམ་དུ་སྤྲོ་སེང་ལ་སོང་། དེ་རིང་གི་གནམ་གཤིས་དེ་ཧ་ཅང་བཟང་བ་མ་ཟད་གུང་སང་གི་ཉིན་མོ་ཡིན་སྟབས་རྒྱ་མཚོའི་འགྲམ་དུ་མི་རྣམས་གྲོག་ཚང་ཁ་རྡོལ་བ་ནང་བཞིན་འཚང་ཁ་ཤིག་ཤིག་རེད་འདུག བྱེ་ཐང་ནང་དུ་ངོ་ཚའི་སྒྲིབ་བྱེད་ནུ་ཁེབ་དང་གསང་ཁེབ་ཙམ་ལས་གཞན་གང་ཡང་མེད་པར་ལོ་ཆུང་བུ་མོ་རྣམས་ནས་གཟུགས་པོ་དང་སྐེད་པ་སོགས་ངོམ་ནས་ཡར་མར་འགྲོ་བ་དང་། ཁ་ཤས་དམར་ཧྲང་དུ་བྱེ་མའི་ནང་དུ་སྲོག་བྲལ་གྱི་བེམ་པོ་བཞིན་དུ་ཉལ་བ། ཁ་ཤས་ཀྱིས་ཁྱི་དང་མཉམ་དུ་པོ་ལོ་ཆུ་ནང་དུ་གཡུགས་ནས་རྩེད་མོ་སོགས་དེ་སྔ་ཕན་མཐོང་མ་མྱོང་བའི་ལྟས་མོ་དེ་འདྲ་མཐོང་རྒྱུ་འདུག དེ་ནས་ང་ཚོ་བྱེ་ཐང་ནང་ནས་རྒྱ་མཚོའི་རྦ་རླབ་ལ་བལྟ་བཞིན་ཡར་མར་ཐེངས་ཁ་ཤས་སོང་བས་ངོས་ནི་ཐང་འདྲ་ཆད་སོང་བས་ནང་ལ་འགྲོ་འདོད་བསྟན་པ་ཡིན་པས་ཁོང་ཚོའི་ནང་དུ་བསྐྱལ་བྱུང་། ང་ནི་བྱེ་ཐང་འདིའི་ནང་ནས་མི་དམིགས་བསལ་སྤུ་རྟགས་ཅན་ཞིག་རེད་འདུག་སྟབས་ཚང་མས་ངོས་ལ་བལྟ་བཞིན་འདུག ནང་དུ་འབྱོར་ནས་ཉིན་གུང་ཟ་མ་འགྲང་ཚད་ཟོས། དེ་རིང་གི་ཉིན་མོ་འདི་ནི་གཟའ་ཉི་མའི་དགོང་ཟས་ཀྱི་དུས་ཚོད་ཀྱང་ཡིན་པས་ངོས་ཀྱི་དགེ་ཕྲུག་སུ་སིན་དང་རྗེའུ་ཧྥུ་གཉིས་ནས་ཁ་པར་གཏང་བྱུང་བས་ཨ་རིའི་ཤ་མེད་ཟ་ཁང་ནང་དུ་སོང་ནས་དགོང་ཟས་ཟོས་ནང་དུ་འབྱོར་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, August 25, 2012

ཀིམ་གྱི་ནང་མི་དང་མཉམ་དུ་ཉིན་གུང་ཟ་མ་ཟོས་པའི་ཉིན་མོ།

ཁ་འདོན་སྐབས་སུ་ངོས་ཀྱི་དགེ་ཕྲུག་ནས་བླངས་པའི་པར།
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་ཐལ་རྡུལ་དང་རྫས་ངན་གྱིས་མ་བསླད་པའི་ཞོགས་རླུང་བསིལ་མོའི་ཁྲོད་ནས་རྒྱུགས་གཤར་སྐར་མ་བཞི་བཅུ་ཙམ་བྱས་ནས་ནང་དུ་འབྱོར་ཞིང་གཟུགས་པོར་ཆུ་གཤལ་ཞིག་བྱས་ནས་ཞོགས་འདོན་རྣམས་ཚར་བར་བྱས་ཞིང་ཞོགས་ཟས་མདོར་བསྡུས་ལ་རོལ།
 ཁ་སང་དུས་ཆད་བྱས་པ་ལྟར་དེ་རིང་ངོས་ཀྱི་ཆོས་ཚོགས་ཀྱི་དྲུང་ཡིག་ཆོས་མིང་དུ་ཡེ་ཤེས་མཚོ་མོའམ་ཀིམ་ནང་མི་དང་མཉམ་དུ་ཉིན་གུང་ཟ་མ་བཟའ་རྒྱུ་དེ་ཡིན་པས་ཆུ་ཚོད་བཅུ་གཅིག་སྐབས་སུ་ཀིམ་མ་བུ་གཉིས་སླེབས་བྱུང་། ང་ཚོ་ཨ་མི་རི་ཁའི་ཟ་ཁང་ཞིག་ནང་དུ་སོང་བས་ཀིམ་གྱི་ཨ་མ་དང་གྲོགས་མོ་སོགས་མང་པོ་ཞིག་ནས་དེར་སྒུག་འདུག་སྟབས་ཕན་ཚུན་ངོ་སྤྲོད་དང་ལག་འཇུ་སོགས་བྱས་ནས་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་སྐྱོན་བཞིན་ཟླ་བ་གསུམ་རིང་རྒྱ་གར་ལ་སོང་བའི་སྐོར་ཁ་བརྡ་བྱེད་བཞིན་ཟ་མ་འགྲང་ཚད་ཟོས་ནས་ཀིམ་མ་བུ་གསུམ་གྱིས་དེ་རིང་ཧ་ཅང་སྐྱིད་པོ་བྱུང་། ཡང་སྐྱར་དུས་ཚོད་ཁོམས་ན་ཟ་མ་མཉམ་བཟའ་དགོས་ཞེས་བཤད་བྱུང་། ངོས་ཀྱང་ཕན་ཚུན་མ་འཕྲད་ཟླ་གཉིས་ཙམ་རིང་དེ་རིང་ཡང་སྐྱར་འཛོམས་རྒྱུ་བྱུང་བ་ཧ་ཅང་དགའ་བྱུང་ཞེས་ལབ་པ་ཡིན། དེ་ནས་ཀིམ་ནས་ནང་དུ་བསྐྱལ་བྱུང་བས་དེ་རིང་གི་ཕྱི་རོལ་གནམ་གཤིས་དེ་ཙམ་ཡག་རྒྱུ་མེད་སྟབས་ལིན་ཌིའི་ནས་ཁང་པར་མེ་གཏང་བྱུང་བས་ཁང་སྦུགས་སུ་མེ་འདེ་བྱེད་བཞིན་༧གོང་ས་མཆོག་གི་བཀའ་སློབ། "སེམས་ཀྱི་ཞི་བདེ་"ཞེས་པ་དེ་བཀླགས་པས་སེམས་ལ་ཕན་པོ་བྱུང་། དེ་ནས་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Friday, August 24, 2012

སྐྱིད་ཉལ་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

འཕྲེད་འཕྱངས་དྲྭ་ཐག་ཐོག་ཏུ་ཉི་འདེ་བྱེད་བཞིན་པ
ཞོགས་འདོན་རྣམས་ཚར་བར་བྱས་ཤིང་དེ་རིང་གི་གནམ་གཤིས་དེ་ཧ་ཅང་བཟང་བས་ཞོགས་ཟས་ཚར་རྗེས་ཆུ་དྲོད་འཇམ་གྱི་འགྱིག་གཞོང་ནང་དུ་ཉལ་བས་ཧ་ཅང་སྐྱིད་པོ་བྱུང་། མི་ཚེ་འདི་གཅིག་པུར་བསམ་བློ་གཏང་མཁན་ཞིག་ཡིན་ན་དབང་པོའི་སྒོ་ལྔའི་འདོད་ཡོན་ལ་ཚོད་འཛིན་གྱི་སྒོ་ནས་ལོངས་སྤྱད་ནས་རང་གི་ཆེད་དུ་སྡིག་ལས་སུ་མ་འདྲེས་པར་མི་ཚེ་འདིར་བག་ཕེབས་པོའི་སྒོ་ནས་བསྐྱལ་ཐུབ་ནའང་དེ་བས་འཚེངས་བསམ་ནས་ཆུ་དྲོད་མཇམ་ནང་དུ་སྐྱིད་ཉལ་སྐར་མ་སུམ་བཅུ་ཙམ་བྱས། འགྱིག་གཞོང་གི་ཟུར་དུ་གློག་གི་མཐེབ་གནོན་མནན་ན་ནང་ནས་ཆུ་རྣམས་རང་ཤུགས་ཀྱིས་འཕགས་ནས་རྒྱབ་དང་སྒལ་པ་སོགས་ལ་མཉེ་འཕུར་བྱེད་པ་འདི་ཡི་ཚོར་བ་བདེ་བ་ནི་ཧ་ཅང་སྐྱིད་པ་ལ་བཤད་མ་ཤེས་པ་ཞིག་རེད།  དེ་ནས་ཡར་ལངས་ནས་གཟུགས་པོར་ཆུ་གཤལ་ཐེངས་གཅིག་བྱས་ནས་ཉི་རའི་བར་གསེང་ནང་དུ་འཕྲེད་འཕྱངས་ཐག་སྡང་གི་ཐོག་ཏུ་བར་སྣང་དུ་ཉི་འོད་ཞབས་སུ་སྐྱིད་ཉལ་ཆུ་ཚོད་གཅིག་ཙམ་རིང་བྱས་པས་དེ་རིང་ནི་བན་རྒན་ལུང་པ་འདིར་སླེབས་ནས་སྐྱིད་པའི་ཚད་ལ་འགྲན་ཟླ་མེད་པ་ཞིག་བྱུང་། ཉིན་གུང་ཟ་མ་རུ་བྱ་ཤའི་ཐུག་པ་ཞིག་འཐུང་ནས་འཛམ་གླིང་གི་སྒེའུ་ཁུང་ནང་རྒྱངས་ལྟ་ཞིག་བྱས་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་སུ་བོད་པ་རྣམས་བཀའ་སློབ་ཞིག་གི་སྐབས་སུ་འདི་ལྟར་གསུངས་འདུག 
ང་ཚོའི་བོད་རིགས་ནང་ནས་ཞེན་ཁོག་དང་ཤ་ཚ་ཡིན་ཀྱང་ཁ་ཤས་ཤིག་གིས་ད་བོད་གཞུང་བསྡུ་གསོག་བརྒྱབ་སོང། འགྲིག་གི་མི་འདུག་ཅེས་སྐད་རྒྱག་མཁན་བྱུང་བ་དེ་ལ་ང་རང་ཏོག་ཙམ་བློ་ཕམ་བྱུང།  ངས་ལོ་བཅུ་དྲུག་ནས་བོད་གཞུང་གི་འགན་འཁྱེར་བ་ཡིན། ལོ་བཅུ་དྲུག་ནས་ད་ཆ་ལོ་བདུན་ཅུ་དོན་དྲུག་ལ་སླེབས་པའི་བར་ངས་འགན་འཁྱེར་བ་ཡིན། མི་ལྟ་བུར་མཚོན་ན་ཕྲུ་གུ་ཆུང་ཆུང་གཡས་སྐྱོར་གཡོན་སྐྱོར་བྱེད་མཁན་ཞིག་མགོ་འདོན་འཚོ་སྐྱོང་བྱས་པ་ཡིན། དེ་འདྲ་བྱེད་མཁན་གྱི་མི་གཅིག་ལ་ད་ཆ་བོད་གཞུང་བསྡུ་གསོག་བརྒྱབ་སོང་བརྗོད་ན་ལ་དག་གི་རེད་དམ། ལོ་དྲུག་ཅུའི་རིང་ངས་ཕར་གཡས་སྐྱོར་གཡོན་སྐྱོར་གྱི་ལྟ་རྟོག་བྱས་པ་དེ་ཇི་ལྟར་བྱས་ཏེ་བསྡུ་གསོག་རྒྱག་གི་རེད་དམ། དེ་ཙམ་ཡང་བསམ་བློ་མ་འཁོར་བར་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་སྐད་ཅོར་རྒྱག་དུས་དེ་ནི་ང་ལ་ཡིད་ཆེས་མེད་པའི་རྟགས་རེད་བསམ་པ་དྲན་བྱུང། ཚུར་ཡིད་ཆེས་མེད་ན་དེ་ལ་བྱེད་རྒྱུ་གང་ཡང་མི་འདུག ཡིད་ཆེས་ཡོད་ན་ལོ་བཅུ་དྲུག་ནས་འགན་འཁྱེར་མཁན་གྱི་༸རྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་རྒྱག་གི་མ་རེད། དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་ཀྱི་རེད་བསམ་དྲན་དགོས་པ་ཡིན། ཤེས་སོང་ངམ། 
གསུང་འདི་མཐོང་བ་དང་མཉམ་དུ་སེམས་ལ་སྐྱོ་གདུང་འདྲེས་མས་མིག་ཆུ་རྡོག་མ་ཁ་ཤས་རང་དབང་མེད་པར་ཤོར་སོང་། ད་ཡིན་ན་དེང་སང་བོད་པ་རེ་ཟུང་གི་ཁོག་ཏུ་བསམ་བཞིན་དུ་གཟུགས་ཅན་གནོད་བྱེད་སྡང་བའི་དགྲ་བོ་རྒྱ་དམར་དང་། གཟུགས་མེད་དམ་སྲིའི་དོལ་ཚོགས་ཁོག་ཏུ་ཞུགས་པར་བསམ་ནས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་སེམས་ཤུགས་དང་ལྷག་བསམ་སོགས་དྲན་ནས་སེམས་ཁུང་ནས་གཅོས་མིན་གྱི་སྙིང་རྗེ་འདྲ་ཞིག་སྐྱེས་བྱུང་།
དེ་ནས་ཉིན་གུང་རྒྱབ་ཏུ་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་རྒྱ་མཚོའི་འགྲམ་དུ་ཆུ་ཚོད་གཅིག་ལྷག་སོང་ནས་ནང་དུ་འབྱོར་ཞིང་དགོང་ཟས་སུ་ཁ་སང་གི་མོག་མོག་ལྷག་འཕྲོ་དེ་ཟོས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Thursday, August 23, 2012

སུ་སིན་དང་རྗེམ་གཉིས་ཀྱི་མཉམ་དུ་ཉིན་གུང་ཟ་མ་ཟོས་པའི་ཉིན་མོ།

དད་ལྡན་མ་སུ་སིན་དང་ལྷན་དུ་རྒྱ་མཚོའི་འགྲམ་དུ།
ངོས་ཀྱི་དགེ་ཕྲུག་དད་ལྡན་མ་ཆོས་མིང་དུ་ཀུན་བཟང་དབང་མོའམ་སུ་སིན་དང་། རྗེམ་གཉིས་ལྷན་དུ་ཁ་སང་དུས་ཆད་བྱས་ནས་དེ་རིང་ཉིན་གུང་ཟ་མ་མཉམ་དུ་བཟའ་རྒྱུ་དེ་ཡིན། སུ་སིན་ཉིན་གུང་ཆུ་ཚོད་བཅུ་གཉིས་སྐབས་སུ་ཏག་ཏག་སླེབས་བྱུང་བས་ངོས་ཀྱི་ཟ་མ་དགའ་ཤོས་འདི་ནས་སྐར་མ་སུམ་བཅུ་ཙམ་གྱི་སར་ཡོད་པའི་ཝེར་ནམ་ཟ་ཁང་ཞིག་ནང་དུ་སོང་། ཝེར་ནམ་ཟ་ཁང་འདི་ནི་ངོས་ཀྱི་ཟ་ཁང་ངོ་ཤེས་རྙིང་པ་ཞིག་ཡིན་ཟ་ཁང་འདི་ལ་ཉིན་ལྟར་འཚང་ཁ་ཧ་ཅང་ཆེ་བ་མ་ཟད་ཟ་མ་ཡང་གོང་ཚད་རན་པོ་ཧ་ཅང་ཞིམ་པོ་ཡོད། ངོས་ཀྱི་དགའ་ཤོས་ཀྱི་ཟ་མ་ནི་གླང་ཤ་དང་སྦྲགས་པའི་ཐུག་པ་ཞིག་ཡོད་པ་དེ་ཡིན། ཟས་ཐོའི་ནང་ནས་ཐུག་པ་དེ་ཨང་གྲངས་གསུམ་པ་ཡིན་པས་ཐད་ཀར་དེ་ལ་མཛུབ་མོ་གཙུགས་ནས་ནམ་རྒྱུན་མངག་རྐྱང་བྱས་བྱས་ནས་ཟ་ཁང་ནང་གི་ཞབས་ཞུ་བ་བུ་མོ་ཁ་ཤས་ཡོད་པ་དེ་རྣམས་ཀྱིས་རྩེད་མོ་དང་སྦྲགས་ནས་ངོས་ཀྱི་མིང་ལའང་ཨང་གྲངས་གསུམ་པ་ཞེས་འབོད་ཀྱི་ཡོད། སུ་སིན་དང་རྗེམ་ངེད་གསུམ་ནས་ཐུག་པ་ཕོར་རྒན་གང་རེ་མངག་ནས་ཁ་བརྡ་བྱེད་བཞིན་ཁོ་རང་གཉིས་འདི་ལོའི་བཀའ་བརྒྱུད་སྨོན་ལམ་ལ་སོང་བས་ངོས་ལའང་སྟོད་གོས་དམར་པོ་རྒྱབ་ཏུ་ཀརྨ་པའི་ལས་རྟགས་ཡོད་པ་ཞིག་སྤྲད་བྱུང་། ཐུག་པ་འགྲང་ཚད་འཐུང་ནས་ངེད་གསུམ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་སོང་ནས་ནང་དུ་འབྱོར་དགོང་ཟས་སུ་མོག་མོག་ཞིག་ཟོས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Wednesday, August 22, 2012

ཆོས་འཛིན་དང་ཀུན་བཟང་གཉིས་ལྷན་དུ་ཞོགས་ཟས་ཟོས་པའི་ཉིན་མོ།

ཀུན་བཟང་དང་ཆོས་འཛིན་གཉིས་ལྷན་དུ་སྒྲོན་པའི་པར་ཞིག
ས་གནས་འདིར་བོད་པ་གསུམ་གཅིག་པུ་ཡོད་པ་ནི་རྡོ་རྗེ་གླིང་ནས་ཡིན་པའི་བུ་མོ་ཀུན་བཟང་དང་། བལ་ཡུལ་ནས་ཡིན་པའི་བུ་མོ་ཆོས་འཛིན་ངེད་གསུམ་ཡིན། ང་ས་གནས་འདིར་མ་འབྱོར་གོང་ནས་ཁོང་གཉིས་འདིར་ཕེབས་ནས་ཕལ་ཆེར་ལོ་གྲངས་བརྒྱད་དགུ་ཙམ་རེད་འདུག ང་ས་ཆ་འདིར་ཆོས་ཚོགས་གསར་པ་དང་མི་གསར་པའི་སྐབས་སུ་ཁོང་གཉིས་ནས་ལྷག་བསམ་རྣམ་དག་གིས་རོགས་པ་མང་པོ་བྱས་སོང་། ཁོ་རང་གཉིས་ལ་བོད་རིགས་ཀྱི་ཞེན་ཁོག་ཧ་ཅང་ཆེན་པོ་ཡོད་པ་མ་ཟད་བོད་དོན་ལ་ལས་ཀ་ཧུར་ཐག་གནང་མཁན་ཞིག་རེད་འདུག བོད་པ་ངེད་གསུམ་ལས་མེད་ཀྱང་བོད་ཆོལ་ཁ་གསུམ་གྱི་མི་ཚབ་མཚོན་པར་བྱེད་ནས་བོད་ནས་གནས་ཚུལ་གསར་པ་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་སུམ་བཅུའི་དུས་དྲན་སོགས་ལ་བོད་དོན་ཆེད་ལས་ཀ་གང་ནུས་བྱེད་ཀྱི་ཡོད། ཉེ་ཆར་ངོས་རྒྱ་གར་ལ་གུང་སང་ཆེད་དུ་ཟླ་བ་གསུམ་སོང་ནས་ཁ་སང་ཚུར་འབྱོར་བ་དང་མཉམ་དུ་ངེད་གསུམ་ཁ་པར་བརྒྱུད་ནས་དེ་རིང་ཞོགས་ཟས་མཉམ་དུ་བཟའ་རྒྱུ་བྱས་པ་དེ་ཡིན་པས་ཨ་རིའི་ཟ་ཁང་ཞིག་ནང་དུ་སོང་ནས་ཞོགས་ཟས་འགྲང་ཚད་ཟོས་པས་དངུལ་ཁོ་རང་གཉིས་ནས་སྤྲད་ཚར་འདུག དེ་ནས་ངེད་གསུམ་ངོས་ཀྱི་བྱེས་སོང་གི་ལོ་རྒྱུས་འདྲི་རྨེད་བྱེད་བཞིན་ཁོ་རང་གཉིས་ལ་བརྔན་པ་སྤུས་ཤེལ་རྫུན་མའི་ཕྲེང་བ་རེ་དང་། ལག་སྐེ་ལ་འདོགས་རྒྱུའི་སྐུད་པ་ཆུ་མིག་དགུ་འགྱུར་རེ་བཅས་སྤྲད་པས་གཉིས་ཀ་དགའ་བོ་བྱུང་སོང་། ཆོས་འཛིན་ནས་ངོས་ལ་ཨ་རིའི་གསར་ཤོག་ཞིག་བསྟེན་ནས་དེའི་ནང་དུ་ས་གནས་འདིར་ཡོད་པའི་ཐང་ཀ་གཙོང་མཁན་བལ་ཡུལ་རྟ་མང་བའི་མི་ཞིག་ཡོད་པ་དེས་འདི་ལྟར་བཤད་འདུག་ཟེར། ང་བོད་པ་ཡིན་བོད་ནས་༢༠༠༨ ལོར་ཡོང་བ་ཡིན་བོད་ལ་སློབ་གྲྭ་ཞིག་ལ་རོགས་པ་བྱེད་ཀྱི་ཡོད་ཟེར་ནས་བོད་པའི་མིང་ཁུར་ནས་སློང་མོ་བྱེད་ཀྱི་འདུག ཞེས་ཆོས་འཛིན་དང་ཀུན་བཟང་གཉིས་ལས་ཧ་ལས་མདོག་བྱེད་ནས་བཤད་ཀྱི་འདུག ཁོ་རང་བོད་པ་མ་ཡིན་པ་ས་གནས་འདིར་ཡོད་པའི་བལ་པོའི་མི་རིགས་དང་ངེད་གསུམ་བཅས་ཚང་མས་ཤེས་གསལ་རེད་བསམ་བཞིན་དུ་དངུལ་གྱི་ཆེད་དུ་དེ་འདྲའི་རྫུན་བཤད་ནས་གསར་ཤོག་ཐོག་ཏུ་བཀོད་ཕོད་པ་ལ་བསམ་ནས་ང་ནི་ཧ་ལས་སོང་། ཁོ་རང་ནི་ང་ཚོ་ཚང་མས་ཤེས་ཀྱི་ཡོད་པ་མ་ཟད་སྐབས་རེ་ངོས་ཀྱི་འཚོགས་པ་ལའང་ཡོང་གི་རེད། ལྷག་པར་དུ་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌེའི་དང་འབྲེལ་བ་ཆེན་པོ་རེད། 
དེ་སྔོན་ནས་ཆོས་འཛིན་ནས་ཁོ་རང་གི་བུ་མོ་ལ་གདོང་པ་གཏུགས་ནས་ཁྱེད་རང་བོད་པ་ཡིན་པས་ཞེས་ཧ་གོ་མདོག་དང་མ་ཟད་ད་ཕྱིན་ཆད་བོད་པའི་མིང་ཁུར་ནས་སློང་མོ་རྒྱབ་ན་ཡག་པོ་མ་རེད་ཅེས་བཤད་པ་ཡིན་ཟེར། ལར་ནི་ང་བོད་པ་ཡིན་ཟེར་བ་ཙམ་གྱིས་ཁྱད་པར་མི་འདུག་ཀྱང་ང་བོད་ནས་ཡོང་བ་ཡིན་ཞེས་ལོ་ཚིགས་དང་བཅས་བོད་པའི་མིང་ཁུར་ནས་སློང་མོ་རྒྱགས་གི་ཡོད་དུས་ང་ཡང་ཁོ་ལ་ཁོང་ཁྲོ་ལངས་བྱུང་། དེ་ནས་ནང་དུ་འབྱོར་ནས་དེ་རིང་ཡང་སྐྱར་ངལ་གསོ་བྱས་ནས་ནང་དུ་བསྡད་པ་ཡིན། དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Tuesday, August 21, 2012

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས།

བདེ་ཆེན་ཞིང་སྒྲུབས་འཚོགས་པའི་སྐབས་སུ།
ཉིན་མོ་འདི་ནི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་སུ་སོང་བས་མི་རྣམས་ཀྱིས་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ལ་ཕེབས་སྒུག་བྱས་འདུག བླ་སློབ་ཕན་ཚུན་མ་འཕྲད་ནས་ཟླ་བ་གཉིས་ཙམ་རིང་སོང་བས་ཕན་ཚུན་དེ་རིང་བདེ་ཆེན་ཞིང་སྒྲུབས་སྐབས་སུ་ཡང་སྐྱར་འདིར་འཛོམས་པ་ཧ་ཅང་ནས་དགའ་བོ་བྱུང་སོང་། དེ་རིང་ངོས་ཀྱི་སྐད་བསྒྱུར་བྱམས་པ་ལགས་དང་། མཛུབ་གནོན་སྒྲ་བསྙན་གཏོང་མཁན་མེའུ་ཀོའི་སོགས་ང་རང་གི་ཆོས་ཚོགས་ཀྱི་ཚོགས་མི་ལས་བྱེད་སོགས་མི་གྲངས་སུམ་བཅུ་ཙམ་གྱིས་ཚོགས་ཁང་དེ་ཁེངས་འདུག དེ་ནས་དེ་རིང་ང་རྒྱ་གར་སོང་བའི་རིང་བླ་སློབ་རྣམས་མ་ཕྲད་ཟླ་བ་གཉིས་ཙམ་རིང་ཕན་ཚུན་ཁམས་འདྲི་དང་སྦྲགས་ངོས་ཀྱི་བྱེས་སོང་གི་ལོ་རྒྱུས་མདོར་བསྡུས་ཞིག་བཤད་ནས་དེ་རིང་བདེ་ཆེན་ཞིང་སྒྲུབས་བསྡུས་པ་ཞིག་བཏོན་ནས་གཙོ་བོ་ཆོས་བཤད་གང་མང་བྱས་པས་མི་མང་ནས་ཧ་ཅང་དགའ་བོ་བྱུང་སོང་། དེ་རིང་གི་ཆོས་གྲལ་དུ་བོད་པ་སྔགས་པ་གཟན་དཀར་ཅན་ཞིག་འདུག་པས་ཁོང་ནི་ངོས་ཀྱི་ཆོས་གྲོགས་པདྨ་འོད་གསལ་གླིང་གི་བླ་མ་མཐར་ཕྱིན་རིན་པོ་ཆེའི་སྲས་པོ་རེད་འདུག ཁོང་ནི་འཕྲེད་གླིང་གཏང་བ་ལ་མཁས་པ་ཞིག་རེད་འདུག་སྟབས་ཞིང་སྒྲུབས་ཚར་བ་དང་མཉམ་དུ་གླིང་བུའི་མཆོད་པ་ཕུལ་སོང་བས་མི་མང་ནས་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་ངོས་ཀྱི་དགེ་ཕྲུག་རྣམས་ནས་ཨེ་ཤདད་ལྡན་རྣམས་ཀྱི་ལུགས་སྲོལ་ལྟར་ངོས་ལ་ཁ་གཏགས་དང་མཉམ་དུ་ཤོག་ཁུག་ནང་སྒོར་མོ་བཅས་བང་བསྒྲིགས་ནས་སླེབས་སོང་བས་ངོས་ནས་རྒྱ་གར་ནས་ཁུར་བའི་བརྔན་པ་རྣམ་བཅུ་དབང་ལྡན་གྱི་མཚོན་པར་དང་འོད་དཔག་མེད་ཀྱི་མཚོན་པར་བོད་ཀྱི་ཤོག་ཁྲའི་རྒྱལ་དར་ཆུང་ཆུང་རེ་བཅས་ཕུལ་བས་ཚང་མ་ཧ་ཅང་ནས་ཀྱང་དགའ་བོ་བྱུང་སོང་། དེ་ནས་ཕན་ཚུན་གྱེས་བྲལ་གྱི་ཕྱག་རྒྱ་དང་ལག་གཡུགས་སོགས་བྱས་ནས་ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, August 20, 2012

གཟའ་ཉི་མའི་ཤ་མེད་དགོང་ཟས་ལ་སུ་སིན་དང་རྗེའུ་ཧྥུ་མཉམ་དུ་སོང་བའི་ཉིན་མོ།

 ཟླ་བ་གསུམ་མེད་ཙམ་རིང་རྒྱ་གར་ལ་སོང་བའི་རིང་ས་གནས་འདིར་ཡོད་པའི་ངོས་ཀྱི་དགེ་ཕྲུག་རྣམས་ནས་ང་ལ་མགྱོགས་པོ་ཐུག་དགོས་པའི་ཁ་པར་ཉིན་ལྟར་ཡོང་གི་འདུག ངས་ཀྱང་སང་ཉིན་འཆར་ཅན་ལྟར་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་སྐབས་སུ་ཐུག་རྒྱུའི་དུས་ཚོད་བྱས་པ་ཡིན། རྒྱ་གར་དང་ཨ་རིའི་ཉིན་མཚན་གོ་ལྡོག་པའི་སྟབས་ཀྱིས་མཚན་མོར་གཉིད་མ་ཁུག་པ་དང་ཉིན་མོ་གཉིད་ཁུག་ཅིང་ཟས་ཟ་སྙིང་མི་འདོད་པའི་ན་ཚ་འདི་ནི་འགྲིམ་འགྲུལ་བ་ཞིག་ལ་རྒྱུན་ལྡན་ལྟར་དུ་ངོས་ཀྱང་ན་ཚ་དེ་གཅིག་པ་རེད། དེ་རིང་ནི་དྲིན་ལྡན་གྱི་ཨ་མ་རྒན་མོ་སུ་སིན་དང་དགེ་ཕྲུག་རྗེའུ་ཧྥུ་སོགས་མི་གྲངས་ལྔ་དྲུག་ཞིག་མཉམ་དུ་ཁོ་རང་ཚོའི་འདོད་པ་ལྟར་ཨ་རིའི་ཤ་མེད་ཟ་ཁང་ཞིག་ནང་དུ་སོང་བས་ཁོ་རང་ཚོ་ནས་སྐད་ཆ་བཤད་བཞིན་ཟ་མ་འགྲང་ཚད་ཟོས་ཀྱང་ངས་ནི་འདི་ཡི་དགོང་ཟས་དེ་ཉིན་མ་གཉིས་སྔོན་རྒྱ་གར་གྱི་ཞོགས་ཟས་ཡིན་སྟབས་ཟ་སྙིང་མི་འདོད་པ་རེད་འདུག་སྟབས་ཅུང་ཟད་ལས་བཟའ་ཐུབ་མ་སོང་། དེ་ནས་དགོང་ཟས་ཚར་བ་དང་མཉམ་དུ་ནང་དུ་འབྱོར་བས་དགེ་ཕྲུག་ལིན་ཌེའི་ཀྱང་དེར་འབྱོར་འདུག་པས་ཁམས་འདྲི་ཅུང་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Saturday, August 18, 2012

ཨ་རིར་འབྱོར་བའི་ཉིན་མོ།

རྒྱ་གར་ལྷོ་ཕྱོགས་ནས་གསུངས་ཆོས་སྐབས་སུ།
ཟླ་བ་གསུམ་མ་ཟིན་ཙམ་གྱི་རིང་རྒྱ་གར་སོགས་ས་གནས་གང་སར་འཁྱམས་ཉུལ་དང་ཆོས་ཕྱོགས་ཀྱི་ལས་ཀ་རྣམས་ཧ་ཅང་ཡག་པོ་བྱུང་། ལྷག་པར་དུ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་སྒར་གཞིས་ཆགས་དད་ལྡན་རྒན་གོག་རྣམས་ནས་ངོས་ལ་ར་གན་གསེར་རློམ་ཅན་གྱི་འདུ་ཤེས་པ་མི་མང་རྣམས་དང་ཐུག་འཕྲད་བྱུང་བ་ངོས་ཀྱང་ལྷག་པར་ཧ་ཅང་དགའ་བོ་བྱུང་། ཀོ་ལི་སྒར་ཆོས་ཀྱི་མཛད་ཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་ནས་ལྡི་ལི་མན་ཇུ་ཊི་ལ་སླེབས། མན་ཇུ་ཊི་ལའི་ས་གནས་འདི་ནི་བོད་པ་ཡོངས་རྫོགས་བསྡད་ས་རྒྱ་གར་གཞུང་ནས་སྤྲད་པའི་ཆུ་བོ་ཆེན་པོ་ཡ་མུ་ནའི་འགྲམ་དུ་ཡོད་པའི་ས་སླད་ཞིག་ཡིན་ཀྱང་བོད་པ་ས་གནས་གང་དུ་བསྡད་ཀྱང་ཕྱི་རྒྱལ་བའི་ཡུལ་སྐོར་བ་རྣམས་མེ་ཏོག་ལ་སྦྲང་མ་འཁོར་བ་ནང་བཞིན་འདུས་ཡོང་པ་ས་གནས་འདི་གཅིག་པུ་མ་ཡིན་པར་ས་ཆ་ག་ས་གང་དུ་ཡོད། མན་ཇུ་ཊི་ལའི་ས་གནས་འདི་རུ་བོད་དགོན་རྣམས་ཀྱིས་གཙོར་བྱས་པའི་བཙན་བྱོལ་བའི་འབྱོར་ལྡན་རྣམས་ཀྱིས་འགྲན་སེམས་ཀྱིས་རྒྱབ་པའི་མགྲོན་ཁང་དང་ཟ་ཁང་སོགས་མང་པོ་ཡོད། ས་གནས་འདི་ནི་འགགས་དོག་ཅིང་ས་རྒྱ་ཆུང་བ་གསེང་བར་གཅིག་ལས་མ་གཏོགས་འགྲོ་ས་མེད་ཀྱང་ལམ་འཕྲང་དེའི་ནང་དུ་མི་ཡི་རྒྱུ་འགྲུལ་གྱིས་སྒྱུ་མ་གཡོས་པ་ནང་བཞིན་འཚངས་ཁ་ཤིག་ཤིག་ཡིན། ངོས་ཀྱང་ས་གནས་དེར་ཉིན་ཁ་ཤས་རིང་བསྡད་ནས་བདེ་ཆེན་ཞིང་སྒྲུབ་ཀྱི་དེབ་ཞིག་པར་སྐྲུན་བྱེད་འཆར་བྱས་ཀྱང་རྒྱ་གར་ཐོངས་མཆན་ཝི་སའི་དུས་ཚོད་ཀྱི་རྐྱེན་པས་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་མོར་ལྡི་ལིའི་གནང་ཐང་ནས་འཇོན་མན་གནང་ཐང་བརྒྱུད་ནས་ཀི་ལི་ཧྥོ་ཉའི་གནང་ཐང་དུ་འབྱོར་བྱུང་། གནམ་ཐང་དུ་ངོས་ཀྱི་དགེ་ཕྲུག་ཨ་མ་སུ་སིན་དང་རྗེའུ་ཧྥུ་བཅས་མི་གསུམ་ནས་ལག་ཏུ་ཁ་གཏགས་བཟུང་ནས་སྒུག་འདུག ཕན་ཚུན་བླ་སློབ་རྣམས་འཕྲད་པའི་དགའ་ཚོར་གྱིས་དད་ལྡན་མ་སུ་སིན་གྱི་མིག་ནས་མཆི་མ་ནར་ནར་གཏོང་བཞིན་འདུག ངོས་ཀྱང་ཧ་ཅང་དགའ་བོ་བྱུང་། དེ་ནས་རླངས་འཁོར་ཁར་མེལ་སོགས་སུ་བསྐོར་ནས་ལམ་བར་དུ་སྐད་ཆ་བཤད་བཞིན་ནང་དུ་ཆུ་ཚོད་བཅུ་པའི་སྐབས་སུ་འབྱོར་བྱུང་བས་དེར་ངོས་ཀྱི་དགེ་ཕྲུག་ལིན་ཌི་ནས་སྒུགས་འདུག་མོ་རང་ཧ་ཅང་དགའ་བོ་བྱུང་སོང་། ནམ་མཁར་ཆུ་ཚོད་ཉེར་གཉིས་བར་གནམ་གྲུར་བསྡད་དགོས་བྱུང་བའི་དཀའ་ངལ་གྱིས་ལམ་སང་ཐུག་པ་ཞིམ་པོ་བསྐོལ་འདུག་པས་ཕོར་པ་གང་འཐུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།