Tuesday, January 22, 2013

Martin Luther King སྐྱེ་སྐར་ཉིན་མོ།



ཨ་རིའི་མི་སྣ་གྲགས་ཅན་པ་མར་ཊེན་ལུའི་ཐིའི།
ཉིན་མོ་འདི་ནི་ངོས་ལ་མཚོན་ན་ཆེས་བསྐལ་པ་བཟང་པོའི་ཉིན་མོ་ཞིག་ཀྱང་ཡིན། དེ་རིང་གི་ཉིན་མོ་འདི་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཡིན་པ་མ་ཟད་ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་གནང་ནས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐད་གྲགས་ཅན་གྱི་མི་Martin Luther King's birthday སྐྱེ་སྐར་ཡིན་པས་ངོས་ཀྱི་སློབ་མ་ལིནཌེའི་ངོ་ཆེན་ལྟར་དུ་མོན་ཊེརེའུ་ས་གནས་ཐང་ཆེན་ཞིག་ཏུ་མི་མང་ཕལ་ཆེར་ལྔ་བརྒྱ་ཙམ་གྱིས་ལུས་ལ་གཟབ་འཆོར་འདྲ་མིན་གྱིས་བརྒྱན་ནས་ལག་ཏུ་མེ་ཏོག་དང་འཕྲེད་འཕྱངས་སྦྱར་བྱང་མང་པོ་དང་མཉམ་དུ་མི་མང་ནས་དཔའ་བོ་ཁོང་གི་བྱས་རྗེས་ལ་དྲན་གསོའི་འབོད་ཚིག་འདྲ་མིན་བྱེད་ནས་རླངས་འཁོར་གཞུང་ལམ་ནང་ནས་གོམས་འགྲོས་སྐར་མ་སུམ་བཅུ་ཙམ་བྱས་སོང་། ངོས་ཀྱི་དགེ་ཕྲུག་སུས་སིན་དང་ལིནཌི་སོགས་ཀྱང་ཡོད་པས་ང་ཚོའི་ཁོང་གི་བྱས་རྗེས་དྲན་གསོ་དང་ཞི་བར་གཤེགས་པ་ཁོང་གི་ཆེད་དུ་ཨ་མི་དྷེ་ཝའི་བསྙེན་པ་ལྐོག་འདོན་བྱེད་བཞིན་མཉམ་དུ་སོང་། མར་ཊེན་ལུ་རྡིར་ནི་༡༩༢༩ སྤྱི་ཟླ་༡་པོའི་ཚེས་པ་༡༥་འཁྲུངས། ཁོང་ནི་དང་ཐོག་ཡེ་ཤུའི་ཆོས་ལུགས་ཀྱི་གྲྭ་པ་ཞིག་ཀྱང་ཡིན། ཁོང་ནས་ཨ་རིའི་ནང་དུ་མི་མང་གི་ཐོབ་ཐང་ལ་ཞི་བའི་སྒོ་ནས་འཐབ་རྩོད་བྱས་པས་འཛམ་གླིང་ནང་དུ་སྐད་གྲགས་ཀྱིས་ཁྱབ་ནས། ༡༩༦༤ ལོར་ཁོང་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཀྱང་ཐོབ་མྱོང་བ་མ་ཟད་འཛམ་གླིང་གང་སར་མི་མང་པོ་ནས་ཁོང་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་། ༡༩༦༤་སྤྱི་ཟླ་༤་པའི་ཚེས་༤ ཉིན་མགྲོན་ཁང་ཞིག་ནང་དུ་ཁོང་གི་ལྟ་ཕྱོགས་མི་མཐུན་འཇབ་རྒོལ་བ་ཞིག་གིས་མེ་མདའ་རྒྱབ་ནས་དཀྲོངས། 
ཆུ་ཚོད་དྲུག་པའི་སྐབས་སུ་དེ་རིང་བདེ་ཆེན་ཞིང་སྒྲུབས་འཚོགས་ལ་སོང་བས་མི་མང་ནས་ངོས་སྒུག་འདུག དེ་རིང་ནི་དུས་ཚོད་གཅིག་ནང་དུ་འཛམ་གླིང་གང་སར་བལྟ་ཐུབ་པའི་གཟུགས་མཐོང་བརྙན་འཕྲིན་ནང་དུ་ཆོས་བཤད་བྱེད་རྒྱུ་དེ་ཡིན། འདི་ནི་ངོས་རང་ལ་ལྟོས་ན་བསམ་ཡུལ་ལས་འདས་པའི་ཕན་ཐོག་ཆེན་པོ་བྱུང་སོང་། རྒྱུ་མཚན་གང་ཡིན་ཞེ་ན་ངོས་ཀྱི་སློབ་མ་མང་ཤོས་ཨེ་ཤའི་སོགས་སུ་ཡོད་པས་ཕན་ཚུན་ང་ཚོ་དངོས་སུ་མ་ཐུག་ནས་ཕལ་ཆེར་ལོ་གསུམ་ཙམ་འགྲོ་གི་འདུག ཁོང་ཚོའི་དུས་ཚོད་གང་རག་ལ་ལྟ་ཉན་བྱེད་ཀྱི་ཡོད་ཟེར་མཁན་མང་པོ་འདུག དེ་རིང་ཆོས་བཤད་གཙོ་བོ་རུ་སྟོང་པ་ཉིད་སྐོར་ལ་འགྲེལ་བཤད་དང་། (སེམས་མ་བཅོས་ན་བདེ། ཆུ་མ་རྙོག་ན་དྭངས།) ཞེས་པའི་བརྗོད་བྱ་འདི་ཡི་ཐོག་ནས་འགྲེལ་བཤད་མདོར་བསྡུས་དང་མ་འོངས་པའི་ཕྱག་རྒྱ་ཆེན་པོའི་སྐོར་ངོ་སྤྲོད་བྱེད་རྒྱུ་སྐོར་གསལ་སྒྲག་སོགས་བྱས་པས་དེ་རིང་གི་མི་མང་ནས་ཧ་ཅང་དགའ་བོ་བྱས་སོང་། འཚོགས་པ་ཚར་བ་མཉམ་དུ་ནང་དུ་ཡོང་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Friday, January 18, 2013

ངེས་འབྱུང་ཅུང་ཙམ་ཞིག་སྐྱེས་པའི་ཉིན་མོ།

ཁ་འདོན་བྱེད་བཞིན་པའི་སྐབས་སུ་པར་པ་ཨོ་ཤང་ནས་བླངས་པ
ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་ཆུ་ཚོད་ཕྱེད་ཀ་ཙམ་ལ་རྐང་འགྲོས་བྱས་ནས་ནང་དུ་འབྱོར།  དེ་རིང་ནི་ད་ནུབ་རྨི་ལམ་ཞིག་གི་རྐྱེན་ནས་ད་ནང་ཞོགས་པ་ཡར་ལང་བའི་སྐབས་སུ་བསམ་བློ་འདི་འདྲ་ཞིག་འཁོར་སོང་། ད་ནི་ཕོ་ལོ་ལྔ་བཅུ་ལ་ཉེ་བའི་མི་ཚེ་ས་མཐར་འཁྱར་བའི་ཆོས་མེད་དྲེད་རྒན་དཀོར་ཟན་ང་ད་ལྟ་རང་ཆོས་ལུགས་དང་ལྟ་གོམས་མི་གཅིག་པའི་མཐའ་འཁོབ་ཀྱི་ལུང་པ་མགོ་སེར་མི་ཚང་འདིའི་ནང་དུ་འཆི་ཡོད་ན་ཅི་བྱ་སྙམ་པ་འདྲ་ཞིག་གི་རྐྱེན་བྱས་ནས་ཞོགས་ཟས་མདོར་བསྡུས་ཞིག་ཟོས་ནས་ནམ་རྒྱུན་གྱི་ཁ་འདོན་རྣམས་བྱས། ཁ་འདོན་བྱེད་བཞིན་པའི་སྐབས་སུ་སྔར་དང་མ་འདྲ་བའི་སེམས་ལ་ཚ་ཟིང་ཟིང་གི་འཁོར་བ་འདི་ལས་ངེས་པར་ཐར་འདོད་ཀྱི་ངེས་འབྱུང་ཞིག་དང་། བླ་མ་ལ་དད་པ་རྣལ་མ་བཅས་ཀྱི་རྐྱེན་བྱས་ནས་མིག་ནས་མཆི་མ་ཐ་ར་ར་བྱུང་། ལྷག་པར་དུ་རྗེ་རིན་པོ་ཆེའི་ལམ་རིམ་ཉམས་འགུར་ལས། 
སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན།།
ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་བས།།
ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན།།
འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས།།
སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང་།།
འཁོར་བ་གང་གིས་བཅིངས་པ་ཤེས་པ་གཅེས།།
རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད།།
ཐར་འདོད་བདག་ཀྱང་དེ་བཞིན་བསྐྱངས་འཚལ་ལོ།།
ཞེས་པའི་ཚིག་འདིས་སེམས་ལ་ཧ་ཅང་ཕན་པོ་བྱུང་བས་མཚམས་དེར་བཞག་ནས་གོང་གི་ཤོ་ལོ་ཀའི་ཚིག་དོན་རྣམས་ལ་དཔྱད་སྒོམས་བྱེད་ཁུལ་བྱས་ནས་བསམ་བློ་འགའ་གཏང་བས་ངེས་འབྱུང་གིས་རྐྱེན་ཡིན་ནམ་གང་ལྟར་ཀྱང་སྐར་མ་བཅུ་ཙམ་ཞིག་ལ་ངུས་ནས་བསྡད། 
དེ་ནས་ཞོགས་འདོན་རྣམས་ཚར་བར་བྱས་ཤིང་དེ་རིང་རྒྱ་ནག་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་བུ་མོ་ཞིག་ཡོད་པ་དེའི་ནང་དུ་ཉིན་གུང་ཟ་མ་རུ་ཁ་སང་ནས་འགྲོ་རྒྱུ་བྱས་པ་ལྟར་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་ངེད་གཉིས་དེར་སོང་། བུ་མོ་འདི་རྒྱ་ནག་ནས་ཨ་རིར་སླེབས་ནས་ལོ་བཞི་ཙམ་ལས་འགྲོ་མི་འདུག་ཀྱང་དབྱིན་སྐད་ཧ་ཅང་ཡག་པོ་འདུག མོ་རང་ནང་པ་ཡིན་པ་མ་ཟད་རྒྱ་ནག་ལ་ཡོད་པའི་སྐབས་སུ་བོད་པའི་བླ་མ་འགའ་ཞིག་གི་མདུན་ནས་ཆོས་ཐེངས་མ་ཁ་ཤས་ཞུ་མྱོང་འདུག ཤ་མེད་ཟ་མ་འགྲང་ཚད་ཞིག་ཟོས་ནས་ང་ཚོ་ཚང་མ་རྒྱ་མཚོའི་འགྲམ་དུ་སྤྲོ་སང་ལ་སོང་། ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་འཛམ་གླིང་གི་སྒེའུ་ཁུང་ནས་ལྟ་ཙམ་བྱས་དུས་གདན་ས་ནས་ཚན་རིག་གི་བགྲོ་གླེང་དེ་རེད་འདུག་པས་ཉལ་སར་སོང་ནས་གཉིད་དུ་ཡུར།

Tuesday, January 15, 2013

པདྨ་འོད་གསལ་གླིང་ལ་སོང་བའི་ཉིན་མོ།

པདྨ་འོད་གསལ་གླིང་དུ་སྔགས་གསོ་འཚོགས་བཞིན་པ།
ཉིན་མ་གཉིས་གོང་ནས་པདྨ་འོད་གསལ་གླིང་ལ་སོང་། དེ་ནི་ངོས་ཀྱི་ཆོས་གྲོགས་གདུང་སྲས་ཕྲིན་ལས་ནོར་བུའི་སློབ་མ་སྔགས་པ་བླ་མ་མཐར་ཕྱིན་ལགས་ད་ལོར་དགུངས་གྲངས་བདུན་ཅུ་དོན་བདུན་ཏག་ཏག་ལ་ཁེལ་བས་པདྨ་འོད་གསལ་གླིང་འདུས་མང་ནས་ཁོང་ལ་ཞབས་བརྟེན་བསྔགས་གསོ་ཞིག་འཚོགས་ཀྱི་ཡོད་པས་དེ་ངོས་ཀྱང་ཡོང་དགོས་པའི་མགྲོན་བརྡ་འབྱོར་བས་དེར་སོང་བ་ཡིན། བླ་མ་མཐར་ཕྱིན་ནི་ངེས་དོན་ཕུར་པའི་རྣལ་འབྱོར་པ་འདོད་ཆུང་ཆོག་ཤེས་ཅན་ཆོས་པ་གཉོམ་ཆུང་ཞིག་ཡིན། ཁོང་ནི་ག་དུས་ཡིན་ནའང་ངོས་ཀྱི་མིག་ལ་ཧ་ཅང་མཛའ། ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ངོས་ཀྱི་དགེ་ཕྲུག་སུ་སིན་དང་། ལིན་ཌི། རྗེན་སེ། ཧོ་ནེས། ཨོ་ཤང་། ཨེ་ཧྥུ་ཡ། ཌེ་ཝེའི། སོགས་མི་གྲངས་བརྒྱད་ཙམ་འགྲོ་མཁན་འདུག་སྟབས་ང་ཚོ་ཚང་མར་རླངས་འཁོར་གཉིས་ནང་དུ་རྫངས་ནས་སོང་།
དེར་འབྱོར་བས་ངོ་མི་ཤེས་པའི་སྔགས་པ་འགས་ཕྲག་ཏུ་གཟན་དཀར་གོན་མ་གཡོགས་ཀྱིས། ལག་ཏུ་རཀ་ཤའི་ཕྲེང་བ་ཆུ་ལོང་ཙམ་ངོམས་སྟབས་སུ་ཁུར་བའི་མགོ་སེར་ཁ་ཤས་ཞིག་འདུག སྔགས་བན་མགོ་སེར་ནག་སྡོམ་པས་མི་གྲངས་བརྒྱ་ལྷག་ཙམ་ཞིག་འདུག་པས་ཞི་ཁྲོ་ཀར་གླིང་བསྡུས་པ་དེར་བདུད་འཇོམས་རིན་པོ་ཆེའི་སྟབས་བདེའི་ཆོག་ཁྲིགས་གནང་འདུག་པས་ཧ་ཅང་འདོན་བདེ་བ་མ་ཟད་དབྱིན་བོད་ཚང་མ་ནུར་འགྲོས་བྱས་འདུག དགོངས་མོ་ཆུ་ཚོད་དྲུག་པའི་སྐབས་སུ་གཞི་ནས་འདོན་པ་ཞོག་སོང་བས་མི་མང་ནས་ཁྲིའུ་ཁར་ཡོད་པའི་བན་སྔགས་དང་སྐུ་མགྲོན་རྣམས་ལ་བོད་ལུགས་སུ་ཤོག་ཁུག་ནང་དུ་ཨ་སྒོར་ཁ་གཏགས་ཀྱིས་གཡོགས་ནས་ཕུལ་སོང་། ངོས་ཀྱང་ཁྲིའུ་ཁར་ཡོད་པའི་སྐུ་དྲིན་གྱིས་ཤོག་ཁུག་མི་ཉུང་བ་ཞིག་རག་བྱུང་། འོན་ཀྱང་དེ་རིང་གི་བསྒྲུབ་བྱ་གཙོ་བོ་ནི་བླ་མ་མཐར་ཕྱིན་ཁོང་གི་ཞབས་བརྟན་ཡིན་པས་ཉེ་ཆར་ངས་ཁོང་ལ་བྲིས་པའི་ཞབས་བརྟན།
ཨོྃ་སྭསྟི། འཆི་མེད་བདེ་བ་ཆེན་པོའི་ངོ་བོ་རུ།།
འཆི་མེད་ཡེ་ཤེས་སྒྱུ་མའི་སྐུ་བརྙེས་པ།།
འཆི་མེད་པདྨ་འབྱུང་གནས་ཡབ་ཡུམ་སོགས།།
འཆི་མེད་ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ།།
ཕྱི་ལྟར་སྔགས་རིག་བཙུན་ལ་ཞི་ཞིང་དུལ།།
ནང་ལྟར་རིམ་གཉིས་ལམ་ལ་མངའ་དབང་འབྱོར།།
གསང་བ་བདེ་ཆེན་རྡོ་རྗེའི་རྣལ་འབྱོར་པ།།
ངེས་དོན་དབང་ཕྱུག་དམ་པ་ཞབས་བརྟན་གསོལ།།
སྐྱེ་འཆི་འཇིགྃ་མེདྃ་བདེ་ཆེན་རྡོ་རྗེའི་སྐུ།།
ཀུནྃ་བཟངྃ་ཐུགས་ཀྱི་བསྟན་པ་བདུད་འཇོམས་པའི།། 
ཐུགས་སྲས་འགྲོྃ་འདུྃལ་རྡོྃ་རྗེྃ་དྲག་པོ་རྩལ།།
ཞབས་པད་བརྟན་ཅིང་འགྲོ་དོན་མཐའ་རྒྱས་ཤོག།
གང་གི་ཐུགས་ཀྱིས་ཟིན་པའི་བུ་སློབ་དང་།།
ཁྱད་པར་འབྲེལ་བས་ཐོགས་པའི་སེམས་ཅན་རྣམས།།
གནས་སྐབས་བསམ་དགུ་ཡིད་བཞིན་འགྲུབ་འགྱུར་ནས།།
ཚེྃ་ཆོས་སྒྲུྃབ་པ་མཐྃའ་རུ་ཕྱིནྃ་པར་ཤོག། 
 ཅེས་རིག་པ་རྡོ་རྗེ་འཛིན་པ་སྦས་པའི་བརྟུལ་ཞུགས་པ་ཆེན་པོ་ཚེ་སྒྲུབ་བླ་མ་མཐར་ཕྱིན་རིན་པོ་ཆེའི་ཞབས་བརྟན་འདིའང་དམ་པ་གང་གི་མདུན་ནས་བདུད་འཛོམས་ཕུར་པ་སྤུ་གྲི་རེག་ཕུང་གི་དཀའ་དབང་སོགས་སྨིན་གྲོལ་འགའ་ཐོབ་པའི་གུས་འབངས་གྱི་ན་ཆོས་སྨྲ་བའི་མིང་འཛིན་དོན་དུ་ཆོས་དོན་ནོར་གྱིས་དབུལ་བའི་འཁྱར་བོ་ཀར་བསྟན་དེས། གང་གི་གསང་ཁྲོད་གྲུབ་གཉིས་འདོད་འཇོ་གླིང་ནས་ཕུར་པའི་བསྙེན་ཐུན་སྐབས་གསོལ་བ་རྩེ་གཅིག་ཏུ་བཏབས་པས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།
།།        
ཞེས་པའི་ཞབས་བརྟན་འདི་དབྱིན་བསྒྱུར་བྱས་ཡོད་པས་འཚོགས་མང་ནས་མཉམ་འདོན་གནང་སོང་། ཁོང་གི་སློབ་མ་ཡོངས་ནས་ངོས་ལ་ཐུགས་རྗེ་ཆེ་ཞེས་དགའ་མོས་ཟོལ་བསྟོད་བྱེད་མཁན་གྱིས་འཚང་ཁ་རེད་འདུག དེ་ནས་འཚོགས་པ་ཚར་བ་དང་མཉམ་དུ་ང་ཚོ་མི་བརྒྱད་པོ་རླངས་འཁོར་གཉིས་ཀྱི་ནང་དུ་རྩན་གྱིས་བརྫངས་ནས་དེ་རིང་ཡག་རབ་དང་བཟང་རབ་སོགས་ཁ་བརྡ་བྱེད་བཞིན་རླངས་འཁོར་སྐར་མདའ་ཆད་པ་ནང་བཞིན་ནང་དུ་བདེ་བླག་ཏུ་འབྱོར། དེ་རིང་ནི་དཀའ་ལས་ཁ་ནས་ཤི་གྲབ་འདྲ་བྱེད་ཀྱི་འདུག་པས་ཉིན་ཐོ་འབྲི་རྒྱུ་ཞིག་ཕར་ཞོག་དགོངས་ཟས་ཀྱང་མ་ཟོས་ནས་ལམ་སང་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, January 7, 2013

ཉིས་སྟོང་བཅུ་གསུམ་ལོའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཐོག་མ།

བདེ་ཆེན་ཞིང་སྒྲུབས་ཀྱི་ཆོས་ར།
ཕྱི་ལུགས་ཀྱི་གནམ་ལོ་གསར་བཞད་སྐབས་སུ་བདེ་ཆེན་ཞིང་སྒྲུབས་ཐོག་མར་འདིར་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་པས་དེ་རིང་ནི་མི་གྲངས་བཅོ་ལྔ་ཙམ་ཞིག་ལས་མི་འདུག ང་ས་གནས་འདིར་སླེབས་ནས་གཟའ་ཟླ་བ་རྟག་པར་བདེ་ཆེན་ཞིང་སྒྲུབས་མ་ཆད་པར་བྱས་ནས་དེ་རིང་མི་ལོ་གསུམ་རྟག་རྟག་རེད་འདུག ངོས་ཀྱི་རྩ་བའི་བདེ་ཆེན་ཞིང་སྒྲུབས་ཚོགས་པ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་ཀྱང་མ་ལེ་ཤ་དང་། ཨ་རི་པོར་ལེན་ཌི། ཀི་ལི་ཧྥོ་ཉ། ཉིའུ་རྒྱར་སེ། ཉིའུ་ཡོག བྷོ་སི་ཊོན་སོགས་ས་གནས་གང་སར་ཆོས་ཚོགས་དང་བདེ་ཆེན་ཞིང་སྒྲུབས་ཐེབས་རྩ་ཚོགས་པ་སོགས་ཡོད་པ་མ་ཟད་གང་ཟག་སྒེར་གྱིས་ཉམས་ལེན་བྱེད་མཁན་ཀྱང་གང་འཚམས་ཞིག་ཡོད། ས་གནས་འདིར་འཇམ་དབྱངས་ཆོས་འཁོར་གླིང་འདིར་མཚོན་ན་ལོ་གསུམ་གྱི་རིང་ལ་མང་ན་དྲུག་བཅུ་བདུན་བཅུ་དང་། ཉུང་ན་བཅུ་བཅོ་ལྔ་སོགས་གང་འཛོམས་ཀྱིས་ཉམས་ལེན་བྱེད་པ་མ་ཟད་ཁ་ཤས་ནས་ནང་ནས་མ་ཆད་པར་ཉིན་རེ་བཞིན་ཉམས་ལེན་བྱེད་མཁན་ཡང་ཡོད། དེ་སྔ་ཕན་ཆད་ཚེ་སྒྲུབས་ཕུད་པའི་གནམ་ཆོས་འོད་ཆོག་རྒྱས་པ་འདི་ཉིད་ཉམས་ལེན་བྱས་པས་ཆོས་བཤད་དང་ཆོ་ག་མཉམ་འདོན་བཅས་ལ་ཆུ་ཚོད་གཉིས་ཙམ་འགོར་འགྲོ་བས་མི་ཁ་ཤས་ནས་ལས་བྲེལ་ཀྱིས་རྐྱེན་ནས་བསྡུས་ཆོག་ལ་དང་འདོད་བྱེད་ཀྱི་འདུག་སྟབས་དེ་རིང་ཚོད་ལྟའི་ཆེད་དུ་ཉེ་བའི་ཆར་ཆོས་གྲོགས་ཞིག་གི་སར་འོད་ཆོག་བསྡུས་པ་ཤོག་ལྷེ་གསུམ་ཅན་ཞིག་ལག་སོན་བྱུང་བས་དེ་འདོན་རྒྱུ་བྱས་པ་ཡིན། འདོན་པ་འགོ་མ་བཟུང་བའི་གོང་ནས་སྐད་བསྒྱུར་བརྒྱུད་ནས་ཆོས་ཡང་དག་ཞིག་སྒྲུབས་བསམ་ན་མོས་པ་དང་བརྩོན་འགྲུས་གལ་ཆེན་ཡིན་སྐོར་དང་སྦྲགས་ནས་ཀུན་སློང་བཅོས་སྟངས་སྐོར་མདོར་བསྡུས་ཞིག་བཤད་ནས་ཆོ་ག་མཉམ་འདོན་བྱས། ཆོ་ག་ཧ་ཅང་བསྡུས་ཆེ་བས་སྒོམ་རྒྱུན་རིང་ཙམ་དང་ཆོས་བཤད་མང་ཙམ་བྱས་པས་མི་མང་དགའ་བོ་བྱས་སོང་། འཚོགས་པ་ཚར་བ་དང་མཉམ་དུ་ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, January 4, 2013

སྨོན་ལམ་འཚོགས་པའི་ཉིན་མོ།

སློབ་ཕྲུག་ཚེ་འདས་ཀྱི་ཚབ་ཏུ་མཆོད་མེར་སྨོན་ལམ་བྱེད་བཞིན་པ།
ཉིན་མོ་འདི་ནི་ཉེ་བའི་ཆར་ཨ་རིའི་མངའ་སྡེ་ཀི་ནི་ཊི་ཀི་རུ་རིག་འཚོའི་མ་ཟིན་པའི་བུ་ཞིག་གིས་ཕྲུག་གུའི་སློབ་གྲྭ་ཞིག་ནང་ནས་དགེ་རྒན་དང་སློབ་ཕྲུག་ཁོ་རང་གི་མ་དང་མཐར་ཁོ་རང་བཅས་སྡོམ་མི་གྲངས་ཉེར་བརྒྱད་རྐྱེན་ལམ་དུ་གཏང་བའི་ཚེ་ལས་འདས་པ་དེ་རྣམས་ཀྱི་ཆེད་དུ་ངོས་ཀྱི་ཆོས་ཚོགས་ནས་གྲ་བསྒྲིགས་བྱས་ནས་དེ་རིང་བདེ་ཆེན་ཞིང་སྒྲུབས་དང་བཟང་སྤྱོད་སྨོན་ལམ་འཚོགས་རྒྱུ་དེ་ཡིན། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་མི་རྣམས་ཚོགས་ཁང་དུ་འབྱོར་བྱུང་ཕལ་ཆེར་མི་གྲངས་སུམ་བཅུ་ཙམ་ཞིག་འབྱོར་སོང་། སློབ་ཕྲུག་འདས་པོ་དེ་རྣམས་ཀྱི་ཆེད་དུ་ངག་བཅད་སྐར་མ་གཅིག་བྱས་ནས་ཚོགས་ཁང་ཕྱི་རོལ་དུ་མི་མང་རྣམས་ཀྱི་ལག་ཏུ་མཆོད་མེ་ཐོགས་ནས་ངག་ནས་འོད་མཚན་བསྙེན་དབྱངས་རྟ་ལ་སྐྱོན་ནས་སྐོར་བ་ཞིག་བྱས་ནས་ནང་དུ་འབྱོར་ཞིང་དེ་རིང་འོད་ཆོག་བསྡུས་པ་ཞིག་དང་། མཇུག་ཏུ་བཟང་སྤྱོད་སྨོན་ལམ་དབྱིན་སྐད་ཐོག་ནས་མཉམ་འདོན་བྱས། མཐར་བདེ་ཆེན་སྨོན་ལམ་བསྡུས་པ་ངོ་མཚར་སངས་རྒྱས་སོགས་སྨོན་ལམ་གྱིས་མཇུག་ཡོངས་སུ་བསྡུས་པས་མི་མང་ནས་ཧ་ཅང་དགའ་བོ་བྱས་སོང་།