Friday, January 18, 2013

ངེས་འབྱུང་ཅུང་ཙམ་ཞིག་སྐྱེས་པའི་ཉིན་མོ།

ཁ་འདོན་བྱེད་བཞིན་པའི་སྐབས་སུ་པར་པ་ཨོ་ཤང་ནས་བླངས་པ
ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་ཆུ་ཚོད་ཕྱེད་ཀ་ཙམ་ལ་རྐང་འགྲོས་བྱས་ནས་ནང་དུ་འབྱོར།  དེ་རིང་ནི་ད་ནུབ་རྨི་ལམ་ཞིག་གི་རྐྱེན་ནས་ད་ནང་ཞོགས་པ་ཡར་ལང་བའི་སྐབས་སུ་བསམ་བློ་འདི་འདྲ་ཞིག་འཁོར་སོང་། ད་ནི་ཕོ་ལོ་ལྔ་བཅུ་ལ་ཉེ་བའི་མི་ཚེ་ས་མཐར་འཁྱར་བའི་ཆོས་མེད་དྲེད་རྒན་དཀོར་ཟན་ང་ད་ལྟ་རང་ཆོས་ལུགས་དང་ལྟ་གོམས་མི་གཅིག་པའི་མཐའ་འཁོབ་ཀྱི་ལུང་པ་མགོ་སེར་མི་ཚང་འདིའི་ནང་དུ་འཆི་ཡོད་ན་ཅི་བྱ་སྙམ་པ་འདྲ་ཞིག་གི་རྐྱེན་བྱས་ནས་ཞོགས་ཟས་མདོར་བསྡུས་ཞིག་ཟོས་ནས་ནམ་རྒྱུན་གྱི་ཁ་འདོན་རྣམས་བྱས། ཁ་འདོན་བྱེད་བཞིན་པའི་སྐབས་སུ་སྔར་དང་མ་འདྲ་བའི་སེམས་ལ་ཚ་ཟིང་ཟིང་གི་འཁོར་བ་འདི་ལས་ངེས་པར་ཐར་འདོད་ཀྱི་ངེས་འབྱུང་ཞིག་དང་། བླ་མ་ལ་དད་པ་རྣལ་མ་བཅས་ཀྱི་རྐྱེན་བྱས་ནས་མིག་ནས་མཆི་མ་ཐ་ར་ར་བྱུང་། ལྷག་པར་དུ་རྗེ་རིན་པོ་ཆེའི་ལམ་རིམ་ཉམས་འགུར་ལས། 
སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན།།
ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་བས།།
ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན།།
འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས།།
སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང་།།
འཁོར་བ་གང་གིས་བཅིངས་པ་ཤེས་པ་གཅེས།།
རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད།།
ཐར་འདོད་བདག་ཀྱང་དེ་བཞིན་བསྐྱངས་འཚལ་ལོ།།
ཞེས་པའི་ཚིག་འདིས་སེམས་ལ་ཧ་ཅང་ཕན་པོ་བྱུང་བས་མཚམས་དེར་བཞག་ནས་གོང་གི་ཤོ་ལོ་ཀའི་ཚིག་དོན་རྣམས་ལ་དཔྱད་སྒོམས་བྱེད་ཁུལ་བྱས་ནས་བསམ་བློ་འགའ་གཏང་བས་ངེས་འབྱུང་གིས་རྐྱེན་ཡིན་ནམ་གང་ལྟར་ཀྱང་སྐར་མ་བཅུ་ཙམ་ཞིག་ལ་ངུས་ནས་བསྡད། 
དེ་ནས་ཞོགས་འདོན་རྣམས་ཚར་བར་བྱས་ཤིང་དེ་རིང་རྒྱ་ནག་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་བུ་མོ་ཞིག་ཡོད་པ་དེའི་ནང་དུ་ཉིན་གུང་ཟ་མ་རུ་ཁ་སང་ནས་འགྲོ་རྒྱུ་བྱས་པ་ལྟར་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་ངེད་གཉིས་དེར་སོང་། བུ་མོ་འདི་རྒྱ་ནག་ནས་ཨ་རིར་སླེབས་ནས་ལོ་བཞི་ཙམ་ལས་འགྲོ་མི་འདུག་ཀྱང་དབྱིན་སྐད་ཧ་ཅང་ཡག་པོ་འདུག མོ་རང་ནང་པ་ཡིན་པ་མ་ཟད་རྒྱ་ནག་ལ་ཡོད་པའི་སྐབས་སུ་བོད་པའི་བླ་མ་འགའ་ཞིག་གི་མདུན་ནས་ཆོས་ཐེངས་མ་ཁ་ཤས་ཞུ་མྱོང་འདུག ཤ་མེད་ཟ་མ་འགྲང་ཚད་ཞིག་ཟོས་ནས་ང་ཚོ་ཚང་མ་རྒྱ་མཚོའི་འགྲམ་དུ་སྤྲོ་སང་ལ་སོང་། ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་འཛམ་གླིང་གི་སྒེའུ་ཁུང་ནས་ལྟ་ཙམ་བྱས་དུས་གདན་ས་ནས་ཚན་རིག་གི་བགྲོ་གླེང་དེ་རེད་འདུག་པས་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment