Sunday, May 12, 2013

འཛམ་གླིང་ཨ་མའི་དུས་ཆེན་ཉིན་མོ།

ཨ་མ་ཀུན་བཟང་དབང་མོ་མཉམ་དུ།
ཉིན་མོ་འདི་ནི་འཛམ་གླིང་སྐྱེ་འགྲོ་སྲོག་ལྡན་ཡོངས་ཀྱི་ཆེས་རྩེ་བ་ཆེ་ཤོས་རྩ་ཆེན་ཨ་མའི་དུས་ཆེན་དེ་ཡིན། ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་དེ་རིང་ངོས་ཀྱི་ཨ་མི་དྷེ་ཝའི་བསྙེན་དབྱངས་བྱས་པའི་འོད་སྡེར་གསར་པ་དེ་བཟོ་སྐྲུན་དང་ཉིན་གུང་ཨ་མ་སུས་སིན་དང་མཉམ་དུ་ཟ་མ་བཟའ་རྒྱུ་དེ་ཡིན། དེ་རིང་ནི་གོང་དུ་བཤད་པ་ལྟར་འཛམ་གླིང་སྤྱི་ཡི་ཨ་མའི་དུས་ཆེན་ཡིན་ཀྱང་བོད་ནང་དུ་མཚོན་ན་དེ་རིང་གི་ཉིན་མོ་འདི་ཨ་མའི་དུས་ཆེན་ཡིན་པ་ཕལ་ཆེར་ཤེས་ཀྱི་མེད། ངོས་ལ་མཚོན་ན་མ་མེད་ཁེར་འཁྱམས་ཀྱི་སྡོམ་བུ་ས་ཆ་གང་དུ་སོང་ཀྱང་དེ་རིང་ལྟ་བུའི་ཨ་མའི་དུས་ཆེན་དང་། མ་ཟད་མ་བུ་ལྷན་འཛོམས་བྱུང་བའི་ཁྱིམ་ཚང་སྐྱིད་པོ་རེ་མཐོང་དུས་ངོས་ཀྱི་ཨ་མ་དྲན་པའི་མིག་ཆུ་ཤོར་ཐེངས་རེ་ལ་སེམས་ལ་སོས་མེད་ཀྱི་རྨ་ཁ་རེ་བཟོས་པ་ཐེངས་མ་གཅིག་ག་ལ་ཡིན།  ཡིན་ནའང་སྐྱེས་པའི་ཐ་མ་འཆི་ཞེས་པའི་སྡོམ་ཚིག་འདི་ལ་སྦར་འཇུ་བྱས་ནས་བསྡད་དུས་སེམས་ལ་ཕན་པོ་འདྲ་འདུག ངོས་ཀྱི་ཨ་མ་དེ་རྒྱ་ནག་གཞུང་ནས་བོད་ས་བཙན་བཟུང་བྱས་པའི་ལོ་ཤས་རྗེས་སུ། འབྱོར་ལྡན་གྲལ་རིམ་ཆམས་ལ་ཕབས། ཞེས་པའི་ལས་འགུལ་བོད་ཁམས་སོགས་སུ་བསད་རྡུང་བཙོན་འཇུག་སོགས་སླར་ཡང་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་གནས་སྟངས་འདིའི་འོག་ནས་ངོས་ཀྱི་ཨ་མ་དང་ཨ་ཞང་ཆུང་བ་བླ་མ་ཞིག་བཅས་ནང་མི་འགའ་ལ་འཐབ་རྩོད་དང་། རྡུང་རྡེག་གིས་རྐྱེན་བྱས་ནས་ངོས་ཟླ་བ་གསུམ་ཙམ་ལས་མ་སོན་གོང་དྲིན་ཆེན་ཨ་མ་དེ་དང་ངེད་གཉིས་མཛེས་སྡུག་ལྡན་པའི་འཇིག་རྟེན་འདིར་མི་འདོད་བཞིན་དུ་གསོན་བྲལ་བྱེད་དགོས་བྱུང་འདུག 
ཡིན་ནའང་ཨ་མའི་འཆི་ཁ་མའི་སྨོན་ལམ་ཞིག་ཡིན་ནམ་གང་ལྟར་ཀྱང་ངོས་ནི་ས་ཆ་གང་དུ་སོང་ཀྱང་ཕོ་མོ་རྒན་གཞོན་ཚང་མས་དགའ་དགའ་བྱེད་ས་ཞིག་ལས་ལུས་རྟེན་འདིར་མི་སུ་ཞིག་གིས་ཀྱང་སྙད་སྡང་མ་རབས་སོགས་བྱེད་མ་མྱོང་། དེ་རིང་ནི་ལུས་ཀྱིས་བསྐྱེད་པའི་ཨ་མ་མེད་ཀྱང་། ལས་ཀྱིས་རྙེདཔའི་ཨ་མ་སུས་སིན་ནམ་ཆོས་མིང་དུ་ཀུན་བཟང་དབང་མོ་དང་མཉམ་དུ་ཨ་མའི་དུས་དྲན་སྲུང་བརྩི་ཐེངས་གཉིས་པ་དེ་ཡིན། ཀུན་བཟང་དབང་མོ་འདི་ནི་ཕ་ཡུལ་ཉི་ཧོང་ནས་ཡིན་ཀྱང་མི་ཚེ་སུམ་ཆར་ཨ་རིར་གཏངས་བ་མ་ཟད་མོ་ཡིཟའ་ཟླ་འདས་པོ་དེ་ཉིད་ཀྱང་ཨ་རི་བ་ཞིག་ཡིན་སྐད། མོ་རང་ལ་བུ་གཉིས་ཡོདབུ་རྒན་པ་ད་དུང་མོ་རང་དང་མཉམ་དུ་བསྡད་ཡོད་བུ་ཆུང་བ་ས་ཆ་གཞན་ཞིག་ཏུ་ཀོའུ་རི་ཡའི་སྐྱེ་དམན་ཞིག་དང་མཉམ་དུ་བསྡད་འདུག ཁོ་རང་མ་བུ་གསུམ་ཧ་ཅང་ཆམས་པོ་འདུག ཀུན་བཟང་དབང་མོ་ནི་ཀི་ལི་ཧྥོ་ཉ་ནས་ངོས་ཀྱི་དགེ་ཕྲུག་ཡག་ཤོས་ཞིག་ཡིན། ལོ་གྲངས་བརྒྱད་བཅུ་གྱ་གསུམ་ཡིན་ཀྱང་ཕར་ལྟད་ཚོད་ལ་ལོ་དྲུག་བཅུ་ན་ཚོད་ཙམ་ལས་ཕྱིན་མེད། ཨ་མ་འདིས་ནི་ལོ་གཉིས་གོང་ནས་སྙིང་ཐིག་སྔོན་འགྲོའི་ཐོག་ནས་འབུམ་བཞི་ཆ་ང་ཞོགས་ཚར་བ་མ་ཟད་ཕྱག་རྫོགས་ཀྱི་སྒོམ་ལ་མོས་པ་ཧ་ཅང་ཆེ། མོ་རང་ནི་ངོས་ཀྱི་རླངས་འཁོར་ཁ་ལོ་ཡིན་པ་མ་ཟད་ཆོས་ཚོགས་ཀྱི་མཆོད་དཔོན་ཀྱང་ཡིན། 
དེ་རིང་ཨ་མ་འདི་དང་མཉམ་དུ་ཝེར་ནམ་ཟ་ཁང་ཞིག་ནང་དུ་སོང་ནས་ངོས་ཀྱི་ཐུག་པ་དགའ་ཤོས་ཟས་ཐོ་ཨང་གྲངས་གསུམ་ཅན་དེ་མངགས། ཨ་མ་སུས་སིན་ལ་མེ་ཏོག་ཆགས་པ་ཞིག་དང་། ཤོག་ལིང་ཤིས་ཚིག་གིས་བརྒྱན་པ་ཞིག་བཅས་སྤྲད་པས་མོ་རང་ཧ་ཅང་དགའ་བོ་བྱུང་སོང་། 
ཨ་རིའི་ཡུལ་གྱི་ལུང་པ་འདིའི་ནང་། 
ཨ་སྔོན་གནམ་ལས་ངོ་ཤེས་མེད་དུས།།
ཨ་མ་ཀུན་བཟང་དབང་མོ་དེ་ཡིས།།
ཨ་ཁུ་ང་ལ་དྲིན་གྱིས་བསྐྱངས་སོང་།། 
མ་བུ་ཞེས་པའི་ཐ་སྙད་འདི་ཉིད།། 
མ་གྱུར་འགྲོ་ལ་སྤྱི་སྐད་ཡིན་མོད།།
མ་མེད་དྭ་ཕྲུག་ང་ཡི་ཨ་མ།།
མ་བཞུགས་ས་ཆ་གང་དུ་བཞུད་སོང་།།
 གོང་གི་ཚིག་བཅད་གཉིས་པོ་འདི་ནིསྔ་ལོར་ཨ་མའི་དུས་དྲན་སྐབས་སུ་བྲིས་པའི་རྩོམ་ལས་བཏུས་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

No comments:

Post a Comment