Sunday, June 30, 2013

ཉིན་ལྔ་ལ་ཁྲོས་ནག་སྒྲུབ་མཆོད་མཚམས་ལ་བསྡད་པའི་ཚོར་སྣང་།

པདྨ་འོད་གསལ་གླིང་ཁྲོས་མའི་སྒྲུབ་མཆོད་སྐབས་སུ་ཟུར་པར་ཞིག
ངོས་ཀྱི་ཆོས་གྲོགས་རེབ་ཀོང་སྔགས་པ་མཐར་ཕྱིན་ལགས་ཀྱི་ཆོས་ཚོགས་པདྨ་འོད་གསལ་གླིང་ལ་ཉིན་ལྔ་ཡི་རིང་བདུད་འཇོམས་ཁྲོས་མའི་སྒྲུབ་མཆོད་ལ་སོང་བའི་ཚོར་སྣང་། པདྨ་འོད་གསལ་གླིང་ཞེས་པའི་ཆོས་ཚོགས་འདི་ནི་ངོས་ཀྱི་བསྡད་ས་འདི་ནས་སྐར་མ་བཞི་བཅུ་ཙམ་གྱི་སར་ཡོད་པའི་བདུད་འཇོམས་རིན་པོ་ཆེའི་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་སློབ་མ་སྔགས་པ་མཐར་ཕྱིན་རིན་པོ་ཆེ་ལགས་ནས་ཕལ་ཆེར་ལོ་རབས་བརྒྱད་བཅུའི་མཇུག་ཙམ་ནས་ཕྱག་བཏབས་པའི་ཆོས་ཚོགས་ཞིག་རེད་འདུག ང་ས་ཆ་འདིར་སླེབས་ནས་ལོ་ཕལ་ཆེར་བཞི་ལྷག་ལས་མ་སོང་ཀྱང་དྲིན་ཆེན་རྩ་བའི་བླ་མའི་ཐུགས་རྗེའི་སྐུ་དྲིན་ལ་བསྟེན་ནས་ལྟོས་ས་ལྟོས་འཇོག་གིས་ས་གནས་འདིར་ཆོས་ཕྱོགས་ཀྱི་བྱེད་སྒོས་མི་མང་ལ་ཕན་ཐོག་གང་འཚམས་ཞིག་བྱུང་། 
བླ་མ་མཐར་ཕྱིན་ངེད་གཉིས་ནི་ཁམས་པའི་ཁ་དཔེར། རི་གཅིག་ལ་འཁོར་བའི་རི་དྭགས་དང་། ཆུ་གཅིག་ལ་འཁོར་བའི་ཉ་སྲམ་ཞེས་པའི་དཔེ་ལྟར་དུ་བན་སྔགས་གཉིས་ས་གནས་འདིར་མཉམ་དུ་བསྡད་ཡོད། ཁོང་ནི་ཕ་ཡུལ་རེབ་ཀོང་ཡིན་ཅིང་ཕུར་པ་རྡོ་རྗེ་གཞོན་ནུ་མི་རབས་མང་པོར་ཉམས་ལེན་གནང་མཁན་སྔགས་པའི་གདུང་བརྒྱུད་ཚད་ལྡན་ཅན་གྱི་ཆོས་པ་ཉམས་ལེན་ཅན་ཞིག་རེད་འདུག ང་ནི་ཁོང་ལ་ཧ་ཅང་ནས་དགའ་བོ་ཡོད། རྒྱུ་མཚན་དང་པོ། ངོས་ཀྱི་ཡི་དམ་རྡོ་རྗེ་གཞོན་ནུ་ཡིན་པས་བླ་མ་ཡི་དམ་གཉིས་ཀའི་ཐོག་ནས་འབྲེལ་བ་འདུག རྒྱུ་མཚན་གཉིས་པ། ཁོང་ནི་དེང་དུས་སྔགས་པ་ཡིན་ཟེར་ཞིང་མགོ་ལ་རལ་པ་བསིགས་ཤིང་། ལུས་ལ་ཆ་ལུགས་ཡ་མ་ཟུང་། ལྟ་བ་རྫོགས་ཆེན་དང་ཕྱག་ཆེན་གྱི་སྟོང་སྐད་བསྒྲགས་ནས་སྤྱོད་པ་ཐོ་ཅོའི་སྤྱོད་པ་ཅན་རྣམས་དང་གཏན་ནས་མི་འདྲ་བ་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་རྩིང་སྤྱོད་མེད་པ། མི་གཞི་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་རེད་འདུག སྔ་ལོར་ཁོང་གི་མདུན་ནས་བདུད་འཇོམས་གཏེར་གསར་ཕུར་པའི་སྐོར་གྱི་དབང་ལུང་ཀྱང་ཁ་ཤས་ཞིག་ཞུས་པ་ཡིན། ད་ལོར་ཀྱང་ཁྲོས་ནག་སྒྲུབ་མཆོད་འདིར་ཆེད་བཅར་བྱས་པ་ཡིན། ཞོགས་པ་ཆུ་ཚོད་དྲུག་ནས་དགོང་མོ་ཆུ་ཚོད་དགུ་ཡི་བར་ཉིན་གང་འདོན་པ་གྲེ་བ་མ་འཛེར་བར་དུ་འདོན་དགོས་འདུག ང་ནི་འདོན་པ་འདོན་རྒྱུར་འཚེར་སྣང་གཏན་ནས་མེད། རྩ་བའི་བླ་མའི་ཐུགས་རྗེའི་སྐུ་དྲིན་གྱིས་ཆོ་ག་ཕྱག་ལེན་སོགས་ཀྱང་ཐབ་མ་ཆགས་ཙམ་ཡོད། ཁྲི་ཐོབ་ཀྱི་བན་སྔགས་མིང་འདྲ་མིན་ཡོད་མཁན་བརྒྱད་ཙམ་འདུག་ཀྱང་ང་ལ་དམིགས་བསལ་གྱི་ཁྲི་ཞིག་འདུག་པས་དེ་ལ་དཔྱད་ན་བན་སྔགས་གཉིས་ལས་བན་ལ་གུས་བཀུར་ཆེ་བའི་རྟགས་སུ་ངེས། ལར་ནི་པདྨ་འོད་གསལ་གླིང་བླ་སློབ་ཡོངས་ནས་ང་ལ་ཧ་ཅང་དགའ་འགའ་བྱེད་ཀྱི་ཡོད། ཉིན་གཉིས་པའི་སྐབས་སུ་ཆོས་ཚོགས་ཀྱི་བླ་མ་བསོད་ནམས་ལགས་ནས་ཆུ་ཚོད་བཅུ་པའི་བར་གསེང་སྐབས་སུ་ང་ལ་ཆོས་བཤད་དགོས་པའི་སྐུལ་མ་ལྟར་དུ་དེ་རིང་གི་ཁྲོས་མའི་སྒྲུབ་མཆོད་འདི་དང་འབྲེལ་བ་ཡོད་པ་བཅོད་ཀྱི་གོ་དོན་གང་ཡིན་སྐད་བསྒྱུར་བརྒྱུད་ནས་འགྲེལ་བཤད་སྐར་མ་བཞི་བཅུ་ཙམ་བྱས་པས་མི་མང་དགའ་བོ་བྱས་སོང་། ཆོས་བཤད་གྲུབ་མཚམས་ཟུར་ནས་བླ་མ་བསོད་ནམས་ནས། 
ང་ཚོས་ཆོས་བཤད་བྱེད་ཁུལ་བྱེད་པ་དེ་རྣམས་ནི་ངོ་ཚ་དགོས་པ་རང་རེད། མཁན་རིན་པོ་ཆེས་ཆོས་བཤད་དེ་འདྲ་གནད་ལ་ཕིག་པོ་ཡག་པོ་ཞིག་གསུངས་སོང་། 
 ཞེས་ང་ལ་ཟོལ་བསྟོད་འདྲ་བྱེད་ཀྱི་འདུག བོད་བརྒྱུད་ནང་བསྟན་གྱི་ཆོས་འདིར་ཐོས་བསམ་སྒོམ་གསུམ་གྱི་བསྐལ་བ་མ་ཆད་ཙམ་ཞིག་ཡོད་པ་དེ་ནི་ཐུད་སྣུམ་པ་མར་གྱི་དྲིན་ལྟར་ངོས་ཀྱི་རྩ་བའི་བླ་མ་རྣམས་ཀྱི་སྐུ་དྲིན་ཡིན་པ་ལས་ངོས་ཕོ་འཇོན་བུ་རྒོད་ནས་མིན་པ་སྔ་ནས་ཤེས་ཀྱི་ཡོད། ཉིན་རྗེས་མའི་སྐབས་སུ་དཔོན་སློབ་བརྒྱ་མ་ཟིན་ཙམ་གྱིས་མཉམ་དུ་དངོས་གྲུབ་ལེན་ཆོག་དང་ཚོགས་འཁོར་བཅས་ཟབ་རྒྱས་ངང་གྲུབ་མཚམས་བླ་སློབ་རྣམས་ལ་འབྲལ་མི་ཕོད་པ་ལྟ་བུའི་ཕན་ཚུན་ཁ་གཏགས་དང་སྐྱབས་རྟེན་འབུལ་རེས་བྱས། ཨ་མ་སུས་སིན་གྱི་རླངས་འཁོར་ནང་དུ་ཞུགས་པས་རླངས་འཁོར་གྱི་སྒེའུ་ཁུང་ནང་ནས་ཕར་བལྟས་དུས་དབྱིན་ཇི་ཁ་ཤས་ཞིག་ནས་མིག་ཆུ་འཕྱི་བཞིན་པ་མཐོང་བ་དང་མཉམ་དུ་ངོས་ཀྱང་སེམས་སྐྱོ་ལྷང་ལྷང་འདྲ་བྱས་སོང་། དེ་ནས་སུས་སིན་ངེད་གཉིས་འཚོགས་པ་དེ་ཡག་རབ་དང་། སློབ་མ་རྣམས་བཟང་རབ། ས་ཆ་དེ་སྐྱིད་རབ་སོགས་ཀྱི་ཁ་བརྡ་བྱེད་བཞིན་ནང་དུ་དགོང་མོ་ཚུ་ཚོད་དྲུག་པའི་སྐབས་སུ་འབྱོར། ཁྲོས་མའི་རི་ཁྲོད་ཀྱི་སྒྲུབ་མཆོད་ཉིན་ལྔ་ཡི་རིང་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Tuesday, June 25, 2013

ཨ་རིའི་དེབ་ལྗང་གུའམ་གྷི་རིན་ཀར་ཊི་འབྱོར་བའི་ཉིན་མོ།

ཨ་རིའི་འགྲིམ་འགྲུལ་ལག་ཁྱེར་དང་ཐོབ་ཐང་དཔང་ཡིག
ཁ་སང་གི་ཉིན་མོ་འདི་ནི་ངོས་ཀྱི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་དེ་ཡིན། དགོང་མོ་ཚོགས་ཁང་དུ་སོང་བས་མི་གྲངས་ཉི་ཤུ་མ་ཟིན་ཙམ་ཞིག་འབྱོར་འདུག དེ་རིང་ནི་སྐད་བསྒྱུར་མེད་ཀྱང་ངོས་ཀྱི་དབྱིན་སྐད་ར་མ་ལུག་དེ་རྒྱབས་ནས་ཀུན་སློང་བཅོས་སྟངས་སྐོར་དང་གསར་པ་འགའ་ཡི་ཆེད་དུ་བདེ་ཆེན་ཞིང་སྒྲུབས་དང་སངས་རྒྱས་འོད་དཔག་མེད་ཀྱི་ལྷ་འདི་ངོ་སྤྲོད་མདོར་བསྡུས་བྱས་ནས་ཆོ་ག་བོད་ཡིག་སྒྲ་གདངས་ཐོག་ཏུ་བཏོན། 
དེ་ནས་མདུན་གྱི་བཅོམ་ལྡན་འདས།། 
འོད་དུ་ཞུ་ནས་རང་ལ་ཐིམ།། 
རང་ལུས་ནམ་མཁའི་འཇའ་ཚོན་ལྟར།། 
བཅོམ་ལྡན་འདས་ཀྱི་སྐུར་སྣང་བ།། 
གསལ་སྟོང་ཟུང་དུ་འཇུག་པར་གྱུར།།
བསྐྱེད་རིམ་འོད་ཞུའི་ཚིག་མཚམས་འདིར་སྐར་མ་བཅུ་ཙམ་ལ་སེམས་ངོ་སྐྱོང་ནས་སྒོམ་བྱེད་བཅུགས། 
སྤྱིར་གཏང་བོད་ལུགས་ཀྱི་ཆོ་ག་འདི་རྣམས་བཀའ་གཏེར་གང་རུང་གིས་ཆོག་ཁྲིག་བྱས་པ་ཞིག་ཡིན་སྟབས། ཚིག་ཉུང་ལ་དོན་འདུས་པ། ཚིག་གཅིག་ལ་དོན་མང་པོར་བཀྲལ་རྒྱུ་ཡོད་པ། ཚིག་དོན་གྱི་ཆ་ཡོངས་སུ་རྫོགས་པ་སྒོམ་གྱི་དངོས་གཞིར་སོང་བ་ཞིག་ཡིན་ཀྱང་མང་པོ་ཞིག་ནས་ཆོ་ག་འདོན་པའི་སྐབས་སུ་དོན་ལ་བསམ་བློ་མི་གཏོང་ནས་ཚིག་རྣམས་མགོ་ཆད་མཇུག་སྡུམ་གྱི་ཆོ་ག་ཁྲལ་སོད་དེས་རང་རྒྱུད་ལ་མི་ཕན་པ་མ་ཟད་གསང་སྔགས་བོན་གྱེར་དུ་མི་འགྲོ་བའི་ངེས་པ་མི་འདུག ངས་ནི་ནམ་རྒྱུན་ངོས་ཀྱི་དགེ་ཕྲུག་རྣམས་ལ་འདོན་བྱ་ཡོངས་རྫོགས་བསྒོམ་བྱ་དང་། སྒོམ་དོན་རང་རྒྱུད་ཉོན་མོངས་ཀྱི་གཉེན་པོར་འགྲོ་དགོས་སྐོར་ཁ་དིག་དིག་བར་དུ་བཤད་ཀྱི་ཡོད།
 ཞིང་སྒྲུབ་ཚར་མ་ཐག་ཏུ་ནང་དུ་འབྱོར་བས་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་ནི་ངོས་ཀྱི་རླངས་འཁོར་ཁ་ལོ་བའམ་ཆོས་ཚོགས་ཀྱི་མཆོད་དཔོན་གཅིག་ཅོག་ཨ་མ་ཀུན་བཟང་དབང་མོའམ། སུས་སིན་རེད་འདུག མོ་རང་ནས་གསུངས་ན་རིན་པོ་ཆེ་དེ་རིང་གཏམ་བཟང་ཡོད་ཅེས་སྐད་ཤུགས་ཆེན་པོའི་གསུང་བྱུང་། ངས་ཕལ་ཆེར་ཧ་གོ་སོང་དེ་ནི་ངོས་ཀྱི་ཨ་རིའི་མི་རིགས་ངོས་ལེན་ཐོབ་ཐང་དཔང་ཡིག་གམ་ཡོངས་གྲགས་སུ་green card. དང་འགྲུལ་བཞུད་ལག་ཁྱེར་རམ་Travel Document. གཉིས་དུས་མཉམ་དུ་འབྱོར་འདུག དེ་ནི་ང་ཡི་མི་ཚེ་ལ་ལྟོས་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པས་སེམས་ལ་སྐྱིད་སྣང་ཚོད་མེད་ཅིག་བྱུང་། སུ་སིན་དང་ཆོས་ཚོགས་ཀྱི་དྲུང་ཆེ་པདྨ་སྒྲོལ་མ་སོགས་མི་དྲུག་བདུན་ཞིག་ངོས་སར་སླེབས་བྱུང་བས་ཁོང་ཚོ་ཧ་ཅང་དགའ་བོ་བྱུང་འདུག མ་ལེ་ཤའི་སོགས་ལ་ཡོད་པའི་ངོས་ཀྱི་དགེ་ཕྲུག་རྣམས་ཀྱིས་ཡོང་སྒུག་བྱས་ནས་མི་ལོ་ལྔ་ཙམ་རེད་འདུག དགོང་མོ་དེ་མ་ཐག་མ་ལེ་ཤའི་ཆོས་ཚོགས་ཀྱི་འགན་འཛིན་ཀརྨ་ཐུབ་བསྟན་ལ་ཁ་པར་གཏངས་བས་ཁོ་རང་ཧ་ཅང་དགའ་བོ་བྱུང་སོང་། སྟབས་མ་ལེགས་པ་ཞིག་ལ་གྷི་རན་ཀར་ཊི་ནང་དུ་མི་རིགས་རྒྱ་ནག་ཡིན་ཅེས་བྲིས་འདུག་སྟབས་སེམས་པ་མ་བདེ་བ་ཚོད་མེད་ཅིག་བྱུང་། གན་སྐྱལ་དུ་ཉལ་ཁྲིའི་སྒང་དུ་ཉལ་བཞིན་ལག་པ་བྲང་ཐོག་ཏུ་བཞག་ནས་ཞིབ་འདིང་ཞིག་རྒྱབས་པས་དུས་རབས་བརྒྱད་པ་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་སློབ་དཔོན་པདྨས་ཆོས་རྒྱལ་མུ་ནེ་བཙན་པོའི་ཞལ་དུ་གཟིགས་བཞིན་པར། 
ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག༔ 
ཅེས་པའི་ལུང་བསྟན་གྱི་སྡོམ་ཚིག་འདིར་སེམས་ལ་ལྷང་ལྷང་འཁོར་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་འདི་ཡི་དོན་དུ་ཆུང་ནས་ད་བར་སྐུ་ལས་སྐྱོན་སྟངས་རྣམས་དོན་སྤྱིའི་བློ་ངོ་རུ་འཆར་བཞིན་སེམས་སྐྱོ་ལྷང་ལྷང་འདྲ་ཞིག་བྱུང་སོང་། 

Wednesday, June 19, 2013

ཁ་སང་ཚེས་པ་བཅུ་ཉིན་གསང་ཐིག་ཕུར་པའི་ཚོགས་མཆོད་ཕུལ་བའི་ཉིན་མོ།

གསང་ཐིག་ཕུར་པའི་ཚོགས་མཆོད་ཕུལ་བའི་ཉིན་མོ།
ཁ་སང་ནི་བོད་ཚེས་བཅུ་ཡིན་སྟབས་ཁར་ཉིན་མོ་ནས་གྲ་སྒྲིག་བྱས་པ་ནང་བཞིན་གསང་ཐིག་ཕུར་པའི་ཚོགས་འདོན་རྒྱུ་དེ་ཡིན། ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་ཨ་མ་སུན་སིན་སླེབས་སོང་བས་ངེད་གཉིས་ནས་ངོས་ཀྱི་ནང་དུ་མཆོག་གླིང་གཏེར་གསར་གསང་ཐིག་ཕུར་པའི་ཚོགས་མཆོད་ཞིག་ཕུལ། ངོས་ལ་མཚོན་ན་ཆོས་ལུགས་བཀའ་བརྒྱུད་ཡིན་ཀྱང་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཁོང་ནི་བཀའ་རྙིང་འདྲེས་མ་ཡིན་པ་མ་ཟད་དགོན་པའི་དུས་མཆོད་དང་སྒྲུབས་ཆེན་སོགས་ནི་ཕལ་ཆེར་མཆོག་གླིང་གཏེར་གསར་ཐུགས་སྒྲུབ་རྣམ་གཉིས་དང་། ཟབ་པ་སྐོར་བདུན་སོགས་ཁོ་ན་ཡིན། ང་ལོ་ཉེར་གཅིག་སྐབས་སུ་ངོས་ཀྱི་ཕ་རྒན་ཞིང་གཤེགས་དམ་པ་དེ་དང་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་དྲིན་ལ་བསྟེན་ནས་མཆོག་གླིང་གཏེར་གསར་སྒྲུབ་ཁང་ནང་དུ་ལོ་གསུམ་ཕྱོགས་གསུམ་ཁྲལ་སོད་ཞིག་ལ་བསྡད་པ་ཡིན། སྐབས་དེ་དུས་ནས་བཟུང་ཕུར་པ་རྡོ་རྗེ་གཞོན་ནུ་ཡི་དམ་ལ་བཟུང་ནས་ད་བར་གྲངས་བསྙེན་ས་ཡ་གཉིས་ལྷག་བཏོན་ཀྱང་རྒྱུད་གཞུང་རྣམས་ལས་དུས་གྲངས་རྟག་གསུམ་ལས་རྟགས་ཀྱི་བསྙེན་པ་གཙོ་ཆེ་གསུངས་འདུག་པས་ད་བར་ཞལ་གདངས་མཆེ་གཙིགས་ཞལ་གསུམ་ཕྱག་དྲུག་ཅན་འཇིགས་སུ་རུང་བའི་ལྷ་ཞིག་ཞལ་མ་མཇལ་ཀྱང་། དྲིན་ཅན་རྩ་བའི་བླ་མའི་ཐུགས་རྗེའི་བཀའ་དྲིན་ལ་བསྟེན་ནས་དོན་དམ་རྟགས་ཀྱི་ལྷ་རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་གཞོན་ནུའི་ངང་དུ་རྫོགས་ཤིང་ངོ་བོ་སྟོང་ལ་རང་བཞིན་གསལ་བའི་སྣང་ཆ་རྣམས་དངོས་མེད་སྒྱུ་མ་ལྟ་བུ་རྟོག་
བྲལ་ཤར་གྲོལ་དུས་མཉམ་དུ་ངོ་བོ་བསྐྱངས་ནས་ལོ་མང་སོང་བས་རང་མྱོང་ལ་ངེས་ཤེས་མི་འཕྲོག་པ་ཞིག་ཐོབ། 
ཨ་མ་སུས་སིན་ནི་ངོས་ལ་ར་གན་གསེར་རློམ་གྱི་འདུ་ཤེས་བཟུང་ནས་ཅི་གསུངས་ཚད་མར་དང་། ཅི་མཛད་ལེགས་པར་མཐོང་མཁན་ཞིག་ཡིན་སྟབས་དེ་རིང་འཚོགས་པ་དེ་དམིགས་བསལ་ཡག་པོ་བྱུང་ཚུལ་དང་མ་འོངས་པར་ཚེས་བཅུ་ཉེར་ལྔའི་དུས་ཆེན་སྐབས་སུ་ཚོགས་མཆོད་བྱེད་དགོས་ཚུལ་གྱི་ཞུ་བསྐུལ་ཀྱང་ནན་པོ་བྱེད་ཀྱི་འདུག 
ཁ་སང་གི་ཉིན་ཐོ་གཏང་ཁོམ་མ་བྱུང་བས་དེ་རིང་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Wednesday, June 12, 2013

ཅ་དངོས་རྙིང་པ་བཙོང་ས་ཞིག་ནང་ནས་གའུ་ཞིག་ཉོས་པའི་ཉིན་མོ།

དངུལ་གྱིས་མཛེས་བཟོ་བྱས་པའི་བུད་མེད་ཀྱི་གའུ།
དེ་རིང་ནི་ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་དགེ་ཕྲུག་གསར་པ་ནོའུ་ར་ཞེས་པའི་བུད་མེད་ཞིག་ནང་དུ་ཉིན་གུང་ཟ་མའི་ཆེད་དུ་སོང་། མོ་རང་ནི་བོད་པའི་ནང་ཆོས་ལ་ཞུགས་ནས་ལོ་མང་སོང་ཀྱང་ངེས་གཏན་གྱི་ཆོས་བརྒྱུད་དང་རྩ་བའི་བླ་མ་འདི་ཡིན་ཞེས་མཛུབ་མོ་བཙུགས་ས་ཞིག་མི་འདུག ཨ་རིར་ཡོད་པའི་བོད་པའི་བླ་མ་མཐོ་དམན་ཚང་མའི་མིང་ཤེས་པ་མ་ཟད་ཕལ་མོ་ཆེའི་མདུན་ནས་དབང་ཆོས་ཞུ་མྱོང་འདུག ཉིན་གུང་ཟ་མ་ཚར་བ་དང་མཉམ་དུ་མོ་རང་གི་ཁང་པའི་འཁྲིས་ཀྱི་རི་ཆུང་ཆུང་ཞིག་གི་མགོ་རུ་ཁྲིད་སོང་། མོ་རང་ནས་གསུངས་ན་ས་ཆ་དེ་བཙོང་གི་ཡོད་རེད་གོང་ཁེ་བོ་རེད་ཞེས་ཟེར་ངས་ནི་འདྲེ་ལྟོགས་པས་ས་འོག་མི་རོ་དྲན་ཞེས་པའི་དཔེ་ལྟར་དུ་ས་ཆ་དེ་ཉོ་ཐུབ་ན་འདྲ་བསམ་བྱུང་། ས་ཆ་ཨེ་ཀ་ཉི་ཤུའི་ཁ་ལྷག་ཡོད་སྐད་འདུག ཆུ་ཚོད་གསུམ་པའི་སྐབས་སུ་ནང་དུ་འབྱོར་ནས་ཆོས་ཚོགས་ཀྱི་ཚོགས་གཙོ་ལ་ས་ཆ་དེའི་སྐོར་སྐད་ཆ་བྱས་པས་མོ་རང་ནས་ངས་དེང་སང་ཁར་མེལ་ཝ་ལེའི་ལ་ཡོད་པའི་ཀོ་རའི་ཡའི་ཆོས་ཚོགས་དེ་གཙོང་སྐད་འདུག་ང་ཚོའི་དེ་ཉོ་ཐུབ་ན་བསམ་བསྡད་ཡོད། ས་ཆ་གོང་ཁེ་བོ་སློབ་མ་རྣམས་དང་ཐག་ཉེ་ས་གཙོ་བོ་ཁྱེད་རང་གི་བློ་ལ་བབས་ས་ཞིག་ཡོད་ན་ང་སང་ཉིན་རང་ལྟ་རུ་འགྲོ་གི་ཡིན་ཟེར།
དེ་ནས་ཟུར་དུ་ཡོད་པའི་ཅ་དངོས་རྙིང་པ་བཙོང་སའི་ཚོང་ཁང་ཞིག་ཡོད་པ་དེའི་ནང་དུ་འཛུལ་བས་ཅ་དངོས་ཀྱི་ཁྲོད་ནས་བོད་ཁམས་རིགས་ཀྱི་བུད་མེད་ཀྱི་མགུལ་སྲུང་ངམ་དངུལ་གྱིས་པ་ཊ་བཀོད་ནས་མཛེས་བཟོ་བྱས་པའི་གའུ་སྤུས་ལེགས་ཤིག་རྙེད་སོང་། གའུ་ཞེས་པ་འདི་ནི་བོད་ཁམས་སོགས་ལ་ཧ་ཅང་དར་ཁྱབ་ཆེ། གའུ་ནང་དུ་སྲུང་མདུད་དང་དམ་རྫས། སྨན་སྒྲུབས། སངས་རྒྱས་ཀྱི་རིང་བསྲེལ། མཚོན་སྲུང་དང་མ་ཟད་སོ་སོའི་རྩ་བའི་བླ་མའི་སྐུ་པར་སོགས་ཉར་ཚགས་བྱེད་སའི་སྣོད་གཅིག་ཡིན། མི་རྣམས་ཀྱིས་གང་དུ་སོང་ཀྱང་རང་ལུས་དང་འབྲལ་མེད་རྒྱུན་འཆངས་བྱེད་ཀྱི་ཡོད། དེ་རིང་གི་གའུ་དེ་བོད་ཀྱི་ལུང་པ་ནས་ཡིན་ན་ཨ་སྒོར་བརྒྱ་ཡི་ཡར་ལྷག་གི་གོང་ཚད་ཅན་ཞིག་རེད་འདུག དེ་རིང་ནི་བསམ་ཡུལ་ལ་འདས་པ་ཞིག་ལ་ཨ་སྒོར་གཉིས་གཅིག་པུ་རེད་འདུག་པས་དགའ་བཞིན་དུ་གའུ་དེ་ཉོས་ནས་ནང་དུ་འབྱོར། ནུབ་ཟས་མདོར་བསྡུས་ཞིག་ཟོས་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Tuesday, June 11, 2013

ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་ལ་སྐད་ཆ་བཤད་པའི་ཉིན་མོ།

ཨེ་ཤ་ཡའི་བོད་སྐད་རླུང་འཕྲིན་ཁང་གི་ལས་རྟགས།
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་ཟུར་ནས་ཨང་གྲངས་ངོ་མི་ཤེས་པའི་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ལ་ཡོད་པའི་ཁམས་སྐད་སྡེ་ཚན་གྱི་རླུང་འཕྲིན་རྒྱངས་སྒྲོག་པ་ཚེ་དབང་ནོར་བུ་ལགས་རེད་འདུག ཁོང་ནས་ཟེར་ན་ཉེ་བའི་ཆར་ངོས་ཀྱི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་གི་མཚན་ཐོག་ནས་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་གནད་ཡོད་གལ་ཆེའི་མི་སྣ་གསུམ་གྱི་མཚན་ཐོག་བརྒྱུད་ནས་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཤིས་ཅིང་ཕིས་གཉིས་མཇལ་འཕྲད་སྐབས་སུ་བོད་དོན་ངེས་པར་ཅན་གྱི་གླེང་དགོས་པའི་འབོད་བསྐུལ་གྱི་ཡི་གེ་གཏངས་བ་དེ་ངོས་ཀྱི་ངོ་དེབ་ནང་ནས་མཐོང་ནས་དེའི་སྐོར་དྲི་བ་རེད་འདུག 
ཁོང་ནས་སྐར་མ་དགུ་གཅིག་པུ་ཡོད་པས་དེའི་སྐོར་མདོར་བསྡུས་ཞིག་དྲི་བ་དྲིས་ལན་གྱི་ཚུལ་དུ་དགོས་གསུངས་པ་ལྟར་དོན་ཚན་གསུམ་གྱི་ནང་དུ་བསྡུས་ནས་མདོར་བསྡུས་ཞིག་བཤད་པ་ཡིན།  ཉིན་གུང་རྒྱབ་ཏུ་ཨ་མ་སུས་སིན་དང་མཉམ་དུ་ཁ་སང་འོད་སྡེར་འཁོར་ཐག་སྒྲ་འཇུག་བྱས་པ་དེ་ལེན་ལ་སོང་ཀྱང་ཆ་ཚང་མ་ཚར་བའི་རྐྱེན་གྱིས་རགས་མ་སོང་། 
ནང་དུ་འབྱོར་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་བལྟ་ཞིག་བྱས་པས་ཞི་བའི་དོན་ཚན་ལྔ་ཡི་དམ་བཅའ་ཁུར་ནས་བོད་བར་ཞི་བའི་གོམས་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་རྒྱ་ཁབ་རྩ་ནང་དུ་སོང་བ་ལྟར་བོར་རླག་སོང་བའི་གཏམ་ངན་སྐོར་རེད་འདུག ངས་ནི་ཁོང་གི་ལས་འགུལ་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་རྩ་དང་ཡི་རངས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་དེ་རིང་བློ་བུར་དུ་གླིང་ཚ་རླག་པའི་གནས་ཚུལ་གསར་པ་དེའི་ངོས་ཀྱི་སྙིང་ལ་སོས་མེད་ཀྱི་སྦར་ཤད་ཞིག་ཀྱང་རྒྱབ་སོང་། ཉིན་མ་གཉིས་སྔོན་ནས་ངས་ཁོང་ལ་ཁ་པར་ཞིག་གཏངས་བས་སྐབས་དེ་དུས་ཁོང་ཀ་ལིང་སྦུགས་ལ་འདུག ངས་ཁོང་ལ་སྐད་ཆ་འགའ་བཤད་པ་ཡིན། ཁོང་ནས་ཟེར་ན་བླ་མ་ཁྱེད་ནས་ང་ལ་སྙིང་རྗེ་གནང་ནས་རྟག་པར་ཁ་པར་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཟེར། ངས་ཀྱང་ཁྱེད་རང་གི་ད་ལྟའི་རླབས་ཆེན་གྱི་ལས་ཀ་དེ་ང་ཚོ་བོད་པ་ཚང་མའི་ལས་ཀ་རེད་མ་གཏོགས་ཁྱེད་རང་གཅིག་པུའི་ལས་ཀ་མ་རེད་ཅེས་ཁ་སྐམ་པོའི་སེམས་གསོའི་ཚུལ་དུ་བཤད་ཁུལ་བྱས་པ་ཡིན། ཁོང་ནས་ཟེར་ན་ཉིན་མ་གཉིས་གསུམ་གྱི་རྗེས་སུ་ཡང་ན་གླིང་ཚ་རླག་འདུག་དང་། ཡང་ན་གླིང་ཚ་རྒྱ་ནག་ས་སྲུང་དམག་མིའི་བསད་འདུག ཡང་ན་ཤི་གསོན་གྱི་མི་དང་རོ་གང་ཡང་མེད་པར་བཙན་བྱོལ་ནང་དུ་གནས་སྐབས་འཇམ་ཅག་གེ་འགྲོ་སྲིད་པ་རེད་ཟེས་བཤད་བྱུང་། བཤད་སྟངས་དེར་ད་ལྟ་བལྟས་ན་བྲོས་འགྲོ་བའི་འཆར་གཞི་ཞིག་ཏན་ཏན་ཡོད་ས་རེད་བསམ། ཁོང་ནི་བོད་ཡིག་གི་སློབ་སྦྱོང་བཟང་ཞིང་། བློ་རྒྱ་ཆེ་ཞིང་རང་ཚུགས་ཟིན་པ། བསྟན་སྲིད་དོན་དུ་སེམས་ཤུགས་ལྷག་བསམ་ཆེ་བ། དགོས་པའི་དུས་སུ་བློས་གཏང་ལ་ཐེ་ཚོམ་མེད་པ་ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་ལ་དད་གུས་གཡོ་བ་མེད་པ་ཡོད་མཁན་ཕལ་ཆེར་མི་དཀྱུས་མ་ཞིག་གཏན་ནས་རེད་མི་འདུག 
དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, June 10, 2013

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ།

རྒྱ་ནག་ལུགས་ལས་བཟོས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སྣང་བརྙན
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཐུང་ཙམ་བྱས་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་ཚར་མ་ཐག་ཁ་འདོན་བྱས། ཉིན་རྒྱབ་ཆུ་ཚོད་དང་པོའི་སྐབས་སུ་ཨ་མ་སུས་སིན་ཀྱི་རེ་བ་ལྟར་ཆགས་མེད་བདེ་སྨོན་སྒྲ་འཇུག་བྱེད་ལ་ངོས་ཀྱི་གྲོགས་པོ་རྗེའུ་ཧྥུའི་མཐུན་རྐྱེན་འོག་སྒྲ་འཇུག་བྱེད་ལ་སོང་ནས་བདེ་ཆེན་སྨོན་ལམ་གདངས་དང་སྦྲགས་ནས་སྒྲ་འཇུག་བྱས། དེ་རིང་ནི་འཆར་ཅན་ལྟར་དུ་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་དེ་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་། ངོས་ཀྱི་དབྱིན་ཇི་ཆག་རོ་དེ་སྐྱོན་ནས་ཀུན་སློང་བཅོས་སྟངས་སྐོར་དང་སྦྲགས་ཆོས་བཤད་མདོར་བསྡུས་བྱས། ལར་ནི་ངོས་ཀྱི་དབྱིན་ཇིའི་སྐད་བཟང་རྒྱུ་དེ་ཙམ་མེད་ཀྱང་ངོས་ཀྱི་དགེ་ཕྲུག་རྣམས་ནས་ངོས་ཀྱི་དབྱིན་ཇི་ཆག་རོ་དེ་ལ་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་རིང་ནི་མི་གྲངས་སུམ་བཅུ་ཙམ་གྱིས་འཚོགས་ཁང་ཕལ་ཆེར་ཁེང་འདུག བདེ་ཆེན་ཞིང་སྒྲུབས་བོད་ཀྱི་སྒྲ་གདངས་ཐོག་བཏོན་ནས་མདུན་བསྐྱེད་འོད་ཞུའི་སྐབས་སུ་སྐར་མ་བཅུ་ཙམ་ལ་མཉམ་བཞག་བྱས་ནས་མཐར་བསྔོ་སྨོན་གྱིས་མཐའ་ལེགས་པར་རྒྱན་ནས་དེ་རིང་གི་ཆོས་གྲལ་དུ་ངོས་ཀྱི་ཡོ་ག་དགེ་རྒན་སུཀ་མེར་དིན་སླེབས་འདུག་པས་ཁོང་ལ་ཟུར་བཅར་དང་། མི་ཁ་ཤས་ཀྱི་འདོད་མོས་ལྟར་དྲི་བ་དང་འཚམས་འདྲི་སོགས་ཀྱིས་སོ་སོའི་འདོད་བློ་ཡོངས་སུ་བསྐང་ནས་ནང་དུ་འབྱོར་ཞིང་དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Saturday, June 8, 2013

ཕྱག་ཆེན་རྣལ་འབྱོར་བཞི་རིམ་གྱི་ཆོས་བཤད་བྱས་པའི་ཉིན་མོ།

ཆོས་བཤད་བཞིན་པའི་ཟུར་པར་ཞིག
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་གོམས་འགྲོས་ཀྱིས་སྐར་མ་སུམ་ཅུ་ཙམ་བྱས་ནས་ནང་དུ་འབྱོར། དེ་རིང་ནི་ངོས་ཀྱི་དགེ་ཕྲུག་ལིན་ཌི་རྗོན་སིན་ནམ་ཆོས་མིང་དུ་ཆོས་དབྱིངས་སྒྲོལ་མའི་ནང་དུ་སྔ་ནས་གོ་སྒྲིག་བྱས་པ་ནང་བཞིན་ཕྱག་ཆེན་རྣལ་འབྱོར་བཞི་རིམ་གྱི་ཆོས་བཤད་ཡོད་པས་ཞོགས་ཟས་མདོར་བསྡུས་ལ་རོལ་ནས་ཆོས་བཤད་ཀྱི་སྟ་གོན་ཚང་མ་ཚར་བར་བྱས། ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་ཆོས་ཐུན་འགོ་བཟུང་། པོར་ལེན་ཌ་ལ་ཡོད་པའི་ངོས་ཀྱི་ཆོས་གྲོགས་པདྨ་ཆོས་འཕེལ་དང་། ཤེས་རབ་སྐལ་ལྡན་གཉིས་ཀྱི་མོས་པ་ལྟར་དྲ་རྒྱའི་བརྒྱུད་ནས་བལྟ་ཉན་ཐུབ་པར་བཟོས། དེ་རིང་གི་ཆོས་ཐུན་དེ་ནི་ངོས་ཀྱི་དགེ་ཕྲུག་དད་ལྡན་ཨ་མ་སུས་སིན་སོགས་སློབ་མ་འགའ་ཡིས་ང་མ་ལེ་ཤ་རུ་མ་སོང་བའི་གོང་དུ་ཇི་ལྟར་རེ་བ་བྱས་པ་ལྟར་དུ་ཡིན། 
སྤྱིར་གཏང་ངོས་ནས་ནམ་རྒྱུན་ཕྱི་རྒྱལ་བ་ནང་ཆོས་ལ་གསར་ཞུགས་ཅན་རྣམས་ལ་བློ་ལྡོག་རྣམ་བཞི་དང་། བདེན་བཞི་སོགས་བཤད་པ་ལས་ཕྱག་ཆེན་དང་རྫོགས་ཆེན་ཆེར་བཤད་མྱོང་མེད། དེ་རིང་གི་ཆོས་ཐུན་སྐད་བསྒྱུར་ངོས་ཀྱི་དགེ་ཕྲུག་བྱམས་པ་མཐར་ཕྱིན་ལགས་ཡོད་པས་ང་ནི་མི་འཇིགས་པའི་གདེངས་འདྲ་ཞིག་འདུག ཁོང་ནི་ངོ་མ་ང་ལ་དད་གུས་ཚད་མེད་བྱེད་མཁན་ཆོས་པ་ཡང་དག་དང་སྐད་བསྒྱུར་ཚད་ལྡན་ཞིག་ཀྱང་ཡིན། རྣལ་འབྱོར་བཞི་རིམ་ནི། རྩེ་གཅིག སྤྲོས་བྲལ། རོ་གཅིག སྒོམ་མེད། 
བཞི་པོ་ཡིན་པས་རང་གི་ཉམས་མྱོང་དང་སྦྲགས་ནས་བཤད་གང་ཤེས་བྱས་པས་མི་རྣམས་ཧ་ཅང་དགའ་བོ་བྱུང་སོང་། 

Thursday, June 6, 2013

ཁ་འདོན་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

གྲུབ་ཆེན་ཏེ་ལོ་པ།
ད་ནུབ་ཉལ་ཁར་ཁ་པར་དེ་སྒོ་རྒྱག་རྒྱུ་རྗེད་འདུག་སྟབས་ད་ནང་མཚན་གུང་ཆུ་ཚོད་གསུམ་པའི་སྐབས་སུ་ཟུར་ནས་ཁ་པར་གྱི་ཐིར་སྒྲ་དྲག་པོས་སྐྱིད་པོའི་གཉིད་དེ་རྦད་དེ་དཀྲོགས་སོང་། མིག་ལྕི་ཁ་ཕྱེ་ལོངས་མེད་པར་ཁ་པར་ལ་ལག་ཉུག་བྱས་ནས་གཉིད་སྐད་དང་སྦྲགས་ཧ་ལོའི་སྒྲ་ཡིས་གཏམ་སྒོ་ཕྱེས་དུས་བལ་ཡུལ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དགོན་པའི་ནང་དུ་ལོ་གསུམ་ཟླ་གསུམ་མཚམས་ནས་གྲོལ་བའི་ངོས་ཀྱི་ཕ་ཡུལ་དང་ལུང་པ་གཅིག་པ་སྐུ་ཞབས་བསོད་ནམས་རྡོ་རྗེ་རེད་འདུག ནམ་རྒྱུན་རྒྱ་གར་དང་བལ་ཡུལ་སོགས་ནས་ཁ་པར་འབྱོར་ན་ཕལ་ཆེར་ཨ་སྒོར་དགོས་མཁན་ཤ་སྟག་ཡིན་ཀྱང་དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ལ་ངོས་ལ་འཚམས་འདྲི་ཙམ་ལས་གཞན་སྐད་ཆ་གང་ཡང་མི་འདུག 
 ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ལངས་ཞིང་གཙང་ཁང་ཆུང་ཆུང་དེ་བྱི་དོར་བྱས་མཆོད་པ་གཤམས་ནས་ཞོགས་ཟས་ལ་རོལ། ཞོགས་ཟས་ཚར་མ་ཐག་སྔ་ཐུན་བཟུང་ནས་ནམ་རྒྱུན་གྱི་ཁ་འདོན་རྣམས་ལ་བྲེལ། ནམ་རྒྱུན་ཉིན་ལྟར་ཐག་ཉེར་ཡོད་པའི་ངོས་ཀྱི་དགེ་ཕྲུག་ལས་མེད་རྒན་གོག་འགའ་མི་ཡི་ལས་ཟློས་སྤྲེའུ་བྱེད་ནས་ངོས་ཀྱི་སྒོམས་དང་ཁ་འདོན་སྐབས་སུ་ཁོ་རང་ཚོ་ཡང་མཉམ་དུ་སྒོམ་བྱེད་ཀྱི་ཡོད། དེ་རིང་རྒན་གོག་གསུམ་འབྱོར་བྱུང་བས་ང་ཚོ་སྒོམ་མཉམ་དུ་བྱས་ནས་བསྡད་པ་ཡིན། 
ཉིན་གུང་རྒྱབ་ཏུ་ངོས་ཀྱི་སྟབས་བདེའི་ལག་ཁྱེར་རྩིས་འཁོར་རམ་ipad ནང་དུ་རིན་མེད་ལ་ཕབས་ལེན་བྱས་པའི་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ་ནས་མཛད་པའི་ཕྱག་ཆེན་ངེས་དོན་རྒྱ་མཚོ་ལ་ཁ་སང་གི་དཔེ་བལྟས་རིམ་གྱིས་འཕྲོ་བསྐྱངས་ནས་བཀླགས་པ་ཡིན། ལྷག་མཐོང་སྐབས་སུ་སེམས་ཀྱི་བཞག་ཐབས་ལ་འདི་འདྲ་ཞིག་གསུངས་འདུག 
ཐོག་མར་སེམས་རང་བབས་སུ་ལྷོད་ཀྱིས་ཀློད་ནས་འཇོག འཇོག་ལུགས་ནི། གསལ་དྭངས་ངར་དང་ལྡན་པ་ཉི་མ་སྤྲིན་དང་བྲལ་བ་བལྟ་བུར་བཞག བྱུང་ཚོར་སེམས་སུ་ཤེས་པ་ཆུ་དང་རླབས་ལྟ་བུར་བཞག གསལ་ཆ་ཡོད་ལ་འཛིན་པ་མེད་པ་བུ་ཆུང་གིས་ལྷ་ཁང་མཐོང་བ་ལྟ་བུར་བཞག 
ཞེས་ཚིག་ཉུང་ལ་དོན་འདུས་པ་དོན་གོ་རྒྱུ་ཡོད་པ་རྡོ་རྗེའི་གསུངས་བྱིན་རླབས་ཅན་འདིས་སེམས་ལ་ཕན་པོ་ཞིག་བྱུང་། 
དེ་ནས་པོར་ལེན་ཌ་ནང་དུ་ཡོད་པའི་ངོས་ཀྱི་ཆོས་གྲོགས་པདྨ་ཆོས་འཕེལ་དང་ལྷན་དུ་ཆོས་གཏམ་འགའ་བྱས་ནས་དགོང་ཟས་ལ་རོལ། 
དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Wednesday, June 5, 2013

དབྱིན་ཇིའི་འཛིན་གྲྭའི་དགེ་སློབ་ཡོངས་ཀྱི་ཐུགས་སྤྲོའི་ཉིན་མོ།

འཛིན་གྲོགས་རྣམས་དང་མཉམ་དུ་སྒྲོན་པའི་ཟུར་པར་ཞིག
ཞོགས་པ་ལངས་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཆུ་ཚོད་ཕྱེད་ཙམ་རིང་བྱས་ནས་ནང་དུ་འབྱོར་ནས་ཞོགས་འདོན་རྣམས་ཚར་བར་བྱས། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་དེ་རིང་ངོས་ཀྱི་དབྱིན་ཇིའི་འཛིན་གྲྭའི་ཐུགས་སྤྲོ་དང་དམའ་རིམ་འཛིན་གྲྭའི་ལག་ཁྱེར་སྤྲད་པ་སོགས་ཀྱི་མཛད་སྒོ་ཁག་ལ་ཆེད་བཅར་བྱས། ང་ནི་དེ་སྔ་ཕན་ཆད་ལོ་གྲངས་མང་པོའི་རིང་ས་མཐའ་སྐོར་བས་བསྐོར་ཀྱང་ཕྱི་རྒྱལ་སྐད་རིགས་སྣ་གཅིག་གི་ཐོག་ནས་ཀྱང་རང་སྐྱ་ཕེར་བ་ཞིག་མེད། མ་ཟད་ང་ནི་སྐད་རིགས་ཐོག་ལ་རིགས་པ་གཏན་ནས་མེད་མཁན་ཞིག་ཡིན། ངོས་ཀྱི་དགེ་ཕྲུག་འགའ་ཡི་འདོད་མོས་ལྟར་ང་བསྡད་སའི་ཉེ་འཁྲིས་སུ་དབྱིན་ཇིའི་འཛིན་གྲྭ་ཞིག་ཡོད་པས་དེར་དུས་ཚོད་གང་ཁོམས་ལ་སོང་བ་ཡིན། འཛིན་གྲོགས་རྣམས་མང་ཤོས་ནི་མི་སི་ཀོ་ནས་ཡིན། གཞན་ཀོའུ་རི་ཡ་དང་། རྒྱ་གར། ལྷོ་ཨ་མི་རི་ཀ་སོགས་ལུང་པ་མ་འདྲ་བའི་མི་རྣམས་ཡོད་ཀྱང་བོད་རིགས་དང་གྲྭ་པ་ཡིན་པ་ནི་ང་གཅིག་པུ་ཡིན། ཁོང་ཚོ་ཚང་མ་ང་ལ་དགའ་བོ་བྱེད་ཀྱི་ཡོད། དེ་རིང་ནི་དགེ་ཕྲུག་ཚང་མས་སོ་སོའི་ལུང་པའི་ཟ་མ་ཁུར་ནས་འཛིན་ཁང་ནང་དུ་མཉམ་ཟ་བྱས། ངས་ཀྱང་སྔ་ནས་གྲ་བསྒྲིགས་བྱས་པའི་མོག་མོག་ཞིག་ཁུར་ཡོད་པས་ཚང་མས་ར་མ་ཚྭ་དང་འཕྲད་པ་ལྟར་ཧབ་ཐོབ་རྒྱབ་ནས་གཅིག་ཀྱང་མ་ལུས་པར་ཚང་མ་ཟོས་ཚར་ནས་རྡོག་གཅིག་ཀྱང་ལྷག་མི་འདུག ཟ་མ་ཚར་མ་ཐག་ཏུ་དམའ་རིམ་འཛིན་གྲྭའི་ལག་ཁྱེར་དགེ་རྒན་ནས་སྤྲད་བྱུང་། དགེ་སློབ་ཚང་མ་དགའ་སྤྲོའི་ངང་པར་མཉམ་ལེན་དང་། གཞོན་སྐྱེས་འགའ་ནས་དེང་དུས་ཕོ་མོ་ཟུང་ཟུང་འཐམ་འཁྱུད་ཀྱི་སྒྲང་སི་འམ་ཞབས་བྲོ་རྒྱབས་ནས་འཛིན་ཁང་འུར་སྒྲས་ཁེངས་སོང་། མཚན་མོ་ཆུ་ཚོད་བརྒྱད་པའི་སྐབས་སུ་དགེ་སློབ་གྲོགས་ཕོ་མོ་ཕན་ཚུན་བར་གྱེས་བྲལ་གྱི་ལག་འཇུ་དང་འཐམས་འཁྱུད་ཅི་རིགས་ཀྱིས་ཐུགས་སྤྲོ་མཚམས་བཞག་ནས་རང་ཁྱིམ་དུ་ཡོང་། དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Monday, June 3, 2013

བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱལ་དར།
དེ་རིང་ནི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཉིན་མོ་དེ་ཡིན་པས་ཉིན་རྒྱབ་ཚོང་ཁང་ནང་དུ་སོང་ནས་མེ་ཏོག་དང་ཤིང་ཐོག་ཕྲན་ཙམ་ཉོས། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་སུ་སོང་བས་མི་ཉི་ཤུ་རྩ་གྲངས་ཞིག་ནས་ངོས་ལ་ཡོང་སྒུགས་བྱས་འདུག དེ་རིང་ནི་སྐད་བསྒྱུར་མེད་སྟབས་ངོས་ཀྱི་དབྱིན་ཇིའི་ཆག་རོ་དེ་རྒྱབ་ནས་ཀུན་སློང་བཅོས་སྟངས་དང་། གསར་པ་ཁ་ཤས་ཞིག་ཡོད་པ་དེ་རྣམས་ཀྱི་ཆེད་དུ་སངས་རྒྱས་འོད་དཔག་མེད་ཀྱི་ལོ་རྒྱུས་དང་ཕན་ཡོན་སོགས་མདོར་བསྡུས་ཞིག་བཤད་ནས་དེ་རིང་གི་ཆོ་ག་རྒྱས་པ་དེ་བོད་སྐད་སྒྲ་ཐོག་ཏུ་བཏོན། 
དེ་ནས་མདུན་གྱི་བཅོམ་ལྡན་འདས། 
འོད་དུ་ཞུ་ནས་རང་ལ་ཐིམ། 
རང་ལུས་ནམ་མཁའི་འཇའ་ཚོན་ལྟར། 
བཅོམ་ལྡན་འདས་ཀྱི་སྐུར་སྣང་བ། 
གསལ་སྟོང་ཟུང་དུ་འཇུག་པར་གྱུར། 
ཞེས་པའི་མདུན་བསྐྱེད་འོད་ཞུའི་ཚིག་མཚམས་སྐབས་སུ་རྫོགས་རིམ་ངང་དུ་སྐར་མ་བཅུ་ཙམ་ལ་སྒོམ་བྱས་ནས་མཐར་བསྔོ་སྨོན་སོགས་ཀྱིས་མཐའ་རྒྱན་ཞིང་དེ་རིང་གི་བདེ་ཆེན་ཞིང་སྒྲུབ་དེ་ལེགས་པར་གྲུབ། མི་ཁ་ཤས་ལ་ཟུར་དུ་དྲི་བ་དྲིས་ལན་སོགས་ཀྱིས་སོ་སོའི་འདོད་བློ་ཡོངས་སུ་བསྐང་། 
ནང་དུ་འབྱོར་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་དུས་རྡ་རམ་སར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐེངས་བཅོ་ལྔ་པའི་འཚོགས་ཆེན་དེ་རེད་འདུག ཉེ་བའི་ལོ་ཤས་ནང་གཞོན་ལྷན་ཚོགས་མི་འགའ་ནས་སྐད་ཆ་བཤད་སྟངས་དང་ཕྱག་ལས་གནང་ཕྱོགས་འགས་རྐྱེན་བྱས་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་འཁྲུགས་རྐྱེན་ལ་བརྟེན་ནས་བོད་རིགས་ནང་ཁུལ་དུ་ལབ་གླེང་མང་པོ་ཞིག་བྱུང་ཡོད་པ་མ་ཟད་ས་གནས་ཁག་གི་གཞོན་ནུའི་རྒྱུན་ལས་རྣམས་སུ་ཡང་ཕན་ཚུན་འགལ་བ་སྣ་ཚོགས་བྱུང་འདུག ད་ཐེངས་གཞོན་ནུའི་འཚོགས་འདུའི་སྐབས་སུ་ཉིན་དང་པོར་འཚོགས་འདུའི་བསམ་ཚུལ་མ་མཐུན་པའི་དབང་གིས་ས་གནས་ཁག་བརྒྱད་ལས་གྲུབ་པའི་ཚོགས་མི་སུམ་བཅུ་སོ་གྲངས་ཞིག་ཕྱི་ལོགས་སུ་དོན་དགོས་བྱུང་འདུག དེ་ནི་ཁོང་ཁྲོ་ཤིག་ལ་ཟ་ན་ར་རྩག་མེ་ལ་རྒྱབས་ཞེས་པའི་དཔེ་ལྟར་དུ་རང་རེད།  ང་ནི་རང་བཙན་དང་དབུ་མ་ཞེས་པའི་ཚིག་ཙམ་གྱི་རྗེས་སུ་མ་འབྲངས་ནས་བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཆེད་དུ་སྐྱབས་མགོན་རིན་པོ་ཆེའི་དགོངས་པ་དང་མ་འགལ་བར་སྤྱི་སྒེར་སུས་ངོས་ལྐོག་མེད་པར་ལས་ཀ་བྱས་པ་ཡིན་ན་དེ་ལ་ལེགས་སོའི་བསྔགས་བརྗོད་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་པའི་ཆ་ནས་གཞོན་ནུའི་ལྷག་བསམ་དང་སེམས་ཤུགས་ཆོད་སེམས་སོགས་ལ་མཐའ་གཅིག་ཏུ་ཡི་རངས་ཡོད། འོན་ཀྱང་ཉེ་བའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རི་པོར་ལེན་ཌ་བོད་རིགས་རྣམས་ལ་བཀའ་སློབ་གནང་བའི་སྐབས་སུ་གསུངས་པ་ནང་བཞིན་ཁ་ནས་རང་བཙན་རེད། རང་བཙན་དགོས་ཞེས་བགྲངས་བསྡད་པ་མ་ཡིན་པར་དོན་ངོ་མའི་ཐོག་ནས་རང་བཙན་ལེན་དགོས་ན་གང་འདྲ་བྱེད་ནས་རང་བཙན་ལེན་གྱི་ཡིན་མདུན་དུ་དངོས་སུ་ཐོན་ནས་སྐད་ཆ་བཤད་དགོས་རེད་གསུངས་པ་ནང་བཞིན་གཞོན་ལྷན་ལ་ལྐུགས་པ་ཨུ་ཚུགས་ཀྱིས་ཁ་སྟོང་པ་ཙམ་ལས་དོན་དུ་ད་ལྟའི་མི་ཐོག་འདིར་རང་བཙན་ལེན་པའི་ཐབས་ལམ་དང་སྤོབས་པ་གདེངས་ཚོད་སོགས་གང་ཡང་མེད་པ་ནི་ཟུར་བལྟས་ལེབ་མཐོང་རང་རེད། དེ་མིན་ཚོགས་པའི་སྒེར་གཅོད་པའི་མི་ཁ་ཤས་ཞིག་ནས་མི་རབས་རྗེས་མའི་སྐབས་སུ་རང་བཙན་ཐོབ་ཀྱི་རེད་ཞེས་བོད་དོན་ནར་འགྱང་གི་སྐད་ཆ་འདྲ་ཆག་མདོག་ཁ་པོ་རེ་བཤད་བསྡད་ན་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་པ་དབུ་མའི་ལམ་ལ་རྡོག་རོལ་དང་། གཞིས་ལུས་བོད་རིགས་དཔའ་བོ་བརྒྱ་དང་ཉི་ཤུ་མ་ཟིན་ཙམ་གྱིས་ཁ་ཆེམས་དང་བོད་མི་ཡོངས་ཀྱི་མངོན་འདོད་ངོ་མ་གང་ཡིན་པ་དེར་བདག་པོ་མ་རྒྱབས་པའི་སྐྱོན་ཆ་ཞིག་རེད། ལར་ནི་དེང་སང་མི་འགའ་ཤས་ནས་མི་མང་འདུ་འཛོམས་ཀྱི་ལྡིང་ཆའི་སྒང་ནས་སྐར་མ་ཁ་ཤས་རིང་མི་མང་བློ་སེམས་འགུལ་ཐབས་ཀྱི་ཆེད་དུ་སྐད་ཆ་འདྲ་ཆག་པོ་རེ་བཤད་པ་དེ་ལ་ནི་ང་སྔོན་མ་ནས་ཡི་ཐང་ཆད་ཚར་སོང་། དེར་བརྟེན་ཉིའུ་ཡོག་ས་གནས་གཞོན་ནུའི་ལྷན་ཚོགས་ཀྱི་རྒྱུན་ལས་འགའ་ངོས་ཀྱི་ཡུན་རིང་འདྲིས་པའི་གྲོགས་པོ་རྙིང་པ་ཡིན་པས་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་དང་འགལ་ན་ཡག་པོ་མིན་ཚུལ་ནང་ཚགས་ཀྱི་ཚུལ་དུ་སྔ་ནས་ངས་འགྲེལ་བཤད་ཐེངས་མང་བྱས་ཟིན་པ་ཡིན། ལར་ནི་དེང་སང་སྤྱི་ཚོགས་ནང་དུ་མི་ཞིག་ཁ་རྗེ་དབང་ཐང་ཀླུང་རྟ་སོགས་ཡར་དར་བཞིན་པའི་སྐབས་སུ་མ་བོས་ཀྱང་མགྲོན་ནི་མེ་ཏོག་ལ་སྦྲང་མ་འཁོར་བ་ནང་བཞིན་ཡོང་བ་དང་། གལ་སྲིད་མི་དེ་ཉིད་ལམ་འགྲོ་མ་རྒྱུགས་ནས་སྤྱི་ཚོགས་ནང་དུ་བྱས་ཉེས་ཅན་དུ་ཆགས་ན་རང་བཞིན་གྱིས་སྔོན་གྱི་གྲོགས་པོ་བློས་ཐུབ་རྣམས་ཀྱང་དགྲ་རུ་ལངས་པའི་སྲོལ་ངན་ཞིག་ཡོད་པ་དེ་ནི་མི་དེ་ཉིད་ཀྱི་རྒྱབ་ལོགས་ཀྱི་བདེན་དོན་ལ་རྒྱབ་རྩ་མ་བྱས་པར་རི་བོང་ཅལ་འདྲོགས་ཀྱི་གཡམ་རྒྱུགས་རང་ཡིན། དེ་རིང་གཞོན་ནུའི་ཚོགས་ཆེན་ཉིན་གསུམ་པའི་སྐབས་སུ་མེ་ཆུ་ལྟར་འགལ་བ་ཡོད་པའི་གཞོན་ནུའི་དངོས་འགལ་གྱི་ཁ་གཏད་དབུ་མའི་ལམ་གྱི་སློབ་སྟོན་པ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དགའ་ལྡན་བོ་བྲང་གི་སྐུ་ཚབས་ཀྱི་ཚུལ་དུ་ཕེབས་འདུག་པས་ངས་ནི་མཐོང་མ་ཐག་ཁོག་བགད་ཐེངས་འགའ་རང་དབང་མེད་པར་ཤོར། རྒྱ་གར་གྱི་མེས་པོ་དམ་པ་མ་ཧཱ་གནྡྷི་ནས་འདི་ལྟར་གསུངས་སྐད། 
མེ་མདས་མི་བསད་པ་ལས་ཆབ་སྲིད་ཀྱི་མི་བསད་ཚབས་ཆེ། 
ཞེས་པའི་ཚིག་འདི་ལ་ཧ་ཅང་བདེན་པ་རུ་མཐོང་། ནམ་རྒྱུན་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ནི་སློབ་སྦྱོང་ཆེར་མེད་མཁན་མི་ཞིག་གིས་ཉན་ན་གོ་རྒྱུ་གང་ཡང་མེད་པ་ཉོབ་སྣང་སྐྱེ་བ་ཞིག་ཡོད། སློབ་སྦྱོང་ཅན་ཞིག་གིས་ཉན་ན་ཚིག་ཉུང་ལ་དོན་འདུས་པ། གནད་ལ་ཕིག་པོ། དངོས་ཤུགས་རྒྱུད་གསུམ་ནས་གོ་རྒྱུ་ཡོད་མཁན་ཞིག་ཡོད། དེ་རིང་གི་བཀའ་སློབ་དེ་ཟམ་གདོང་རིན་པོ་ཆེའི་ཡུན་རིང་བཅངས་བཅངས་ཁུ་ཚུར་དེ་བསམ་བསམ་འགྲམ་རྩ་རུ་ཞེས་པའི་དཔེ་ལྟར་དུ་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དང་། དགའ་ལྡན་ཕོ་བྲང་བླ་བྲང་གི་སྐུ་ཚབས་བེད་སྤྱོད་གཏང་ནས་གཞོན་ནུའི་ནག་ཉེས་རྣམས་རེ་རེ་བཞིན་རི་བོང་གི་རྣམ་ཐར་བཤད་པ་ནང་བཞིན་ཁ་ཤྭ་ས་དང་རྔ་མ་ཐུང་ས་༧གོང་སྐྱབས་མགོན་ཆེན་པོའི་བཀའ་ལས་འགལ་ཚུལ་རྐྱང་རྐྱང་སྔགས་པས་ལིངྒ་ལ་བཤད་བཤད་བྱས་པ་ལས། གཞོན་ནུ་གཙུགས་ནས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་བརྒྱ་ཕྲག་མང་པོ་བྱས་ནས་རྒྱ་ནག་དམར་པོའི་གཞུང་ཉིད་ཀྱང་འདར་སྐད་ཤོར་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དེའི་མཛད་བཟང་ལ་ལེགས་སོའི་བསྔགས་བརྗོད་གང་ཡང་མེད་པར་༧གོང་ས་སྐྱབས་མགོན་ཆེན་པོའི་མཚན་བེད་སྤྱོད་གཏངས་ནས་རལ་གྲི་གནམ་གཡུགས་ལྟ་བུའི་རྒྱུགས་པག་ལེབ་རྡུང་འདི་ལ་ཡིད་མ་རངས་བ་ཞིག་བྱུང་། ད་ལྟའི་དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་འདི་ནི་ཨ་རིའི་པོར་ལེན་ཌི་ནང་དུ་གནས་བསྡོད་བ་ཞིག་རེད་འདུག་ང་ནི་པོར་ལེན་ཌ་བོད་རིགས་རྣམས་ལ་འབྲེལ་བ་གཏིང་ཟབ་ཡོད་པས་ཁོང་ཚོའི་བཤད་ན་ཁོང་ནི་པོར་ལེན་ཌ་ལ་ཡོད་པའི་སྐབས་ས་གནས་དེར་ཡོད་ཀྱི་གཞོན་ལྷན་ཧ་ཅང་ཚགས་ཚུད་པོ་ཡོད་ཅིང་ཁོ་རང་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག དོ་སྣང་བྱས་ན་ཁོ་རང་གི་སེམས་ཤུགས་ལྷག་བསམ་གང་ཡོད་ཁ་སང་གཞོན་ནུའི་འཚོགས་ཆེན་ཐ་མའི་མཇུག་སྡོམ་གྱི་སྐབས་སུ་རྟོགས་ཐུབ། ཁོ་རང་མཇུག་སྡོམ་གྱི་སྐད་ཆའི་སྐབས་སུ་མདོར་བསྡུས་ཞིག་ཕབས་པ་ཡིན་ན།
 ངས་ཨ་རིའི་ལུང་པ་དང་། སྐྱེ་དམན་བུ་ཕྲུག་ཚང་མ་བློས་གཏངས་ནས་རྡ་རམ་སར་ཡོང་བ་ཡིན་ཡོང་དགོས་པའི་རྒྱུ་མཚན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་རྒྱུན་བོད་མི་མི་རེ་ངོ་རེར་ལས་འགན་རེ་ཡོད་གསུངས་པ་སེམས་བཅངས་བྱས་ནས་མི་ལོ་དྲུག་གི་རིང་བོད་ཀྱི་རྩ་དོན་ཕན་གནོད་ཡོད་པའི་སྡེང་ཆའི་སྒང་ནས་ལས་ཀ་ཧུར་ཐག་རྦད་ཐག་བྱས་པ་ཡིན། སང་ཉིན་ཤི་ནའང་རང་ངོས་ནས་བློ་འགྱོད་སྤུ་ཙམ་མེད་པར་བྱས་ཡོད། རང་བོད་མི་ཞིག་གི་གོ་ཆོད་སོང་བསམ་པ་བྱས་ཡོད། ཁྱེད་རང་ཚོ་དེ་རིང་འདིར་རྒྱུན་ལས་གསར་པ་རྣམ་པས་གལ་ཆེན་པོ་ཞིག་ཐུགས་ལ་བཞག་རྒྱུར་སྤྱིའི་སྡིང་ཆའི་སྒང་ནས་སྒེར་གྱི་བསམ་ཚུལ་དང་འཁོན་འགྲས་མེད་པའི་ཐོག་ནས་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད།
ངས་གཞོན་ནུ་ཚོགས་གཙོས་སྐད་ཆ་བཤད་བཞིན་པའི་ཕྱི་ལོགས་ཀྱི་ཚོར་སྣང་དང་། སྐད་ཆའི་ནང་དོན་སོགས་ལ་ཉན་བཞིན་མིག་ནས་མཆི་མ་ཤོར་སོང་། གཅིག་བྱས་ན་མི་ཞིག་གིས་སྐད་ཆ་བཤད་པར་ང་མཆི་མ་ཤོར་བ་དེ་ང་སེམས་ཆུང་བའི་སྐྱོན་ཞིག་ཡིན་སྲིད་ཀྱང་། ཞིབ་ཏུ་བསམ་བློ་གཏངས་ན་མི་འདི་དང་འདི་འདྲ་བ་མང་པོ་ཞིག་རྡ་རམ་སའི་རི་མགོ་ཆུང་ཆུང་འདི་སྒང་ནས་སེམས་ཤུགས་ཆགས་ནས་རྦབ་ཏུ་གྲིལ་བ་ད་རེས་གཅིག་པུ་ག་ལ་ཡིན། 
ལར་ནི་ཉེ་བའི་ཆར་ས་གནས་མང་པོ་རུ་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་སྐབས་སུ་དབུ་མའི་ལམ་གྱི་དགོས་པ་དང་དམིགས་ཡུལ་དེ་ཡི་ཁེ་ཕན། རང་བཙན་གྱིས་བོད་རྒྱ་ཞི་འགྲིགས་ཀྱི་འགོག་རྐྱེན་དང་དེ་ཡི་སྐྱོན་ཆ་སོགས་ཁ་དང་ཁ་སྤུ་དབྱེ་འབྱེད་གནང་ནས་གསལ་བཤད་བྱས་པའི་འཇུག་འབྲས་ད་ཐེངས་གཞོན་ནུའི་འཚོགས་འདུའི་སྐབས་སུ་ཟམ་གདོང་རིན་པོ་ཆེའི་གསུངས་བཤད་དང་གཞོན་ནུའི་རྩ་ཁྲིམས་བསྒྱུར་བཅོས་གཏངས་བ་སོགས་གང་ལ་བལྟས་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྦར་མོ་གང་འདི་རྡོག་གཅིག་ཏུ་དྲིལ་བའི་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཀྱང་མཐོང་། ལར་ནི་ཉིན་ཐོ་འདིའི་ནང་དུ་རང་ཉིད་དབུ་རང་གང་གི་ཕྱོགས་སུ་མ་ལྷུང་བར་དྲང་པོའི་རང་གི་རྟོག་འཆར་ཙམ་ཡིན་པས་ཉིན་ཐོ་བཀླག་མཁན་རྣམ་པས་དེ་ལུགས་གནང་བར་ཞུ།
དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།