Friday, July 26, 2013

ངོས་ཀྱི་ཚ་མོ་བདེ་ཆེན་ཨ་རི་ལ་འབྱོར་བའི་ཉིན་མོ།

ཚ་མོ་བདེ་ཆེན་དང་མཉམ་དུ་གནམ་ཐང་ནས།
ཉིན་གཉིས་སྔོན་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་ཚ་མོ་བདེ་ཆེན་ཨ་རིའི་ New Jersey Airport གནམ་ཐང་དུ་འབྱོར་བ་ལ་ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་དགེ་ཕྲུག་ཀརྨ་ཆོས་སྒྲོན་དང་མཉམ་དུ་ལེན་ལ་སོང་། བདེ་ཆེན་དབྱངས་སྐྱིད་དང་མོ་རང་གི་གྲོགས་མོ་གཉིས་གཅིག་རྗེས་གཉིས་མཐུད་གནང་ཐང་རྒྱལ་སྒོའི་ནང་ནས་མར་བུད་སོང་བས་ངོས་ནས་དེང་དུས་བོད་ལུགས་ལྟར་དུ་སྐེ་ལ་ཁ་གཏགས་རེ་བཀོན་ནས་རླངས་འཁོར་དུ་ཞུགས་ནས་ཚ་མོ་དང་ཁ་བརྡ་བྱེད་བཞིན་ནང་དུ་འབྱོར། བདེ་ཆེན་དབྱངས་སྐྱིད་ནི་ངོས་ཀྱི་སྤུན་མཆེད་ཆེ་བའི་བུ་མོ་བཞི་པ་དེ་ཡིན། སྤྱིར་གཏང་ང་ལ་སྤུན་མཆེད་དང་ཚ་བོ་ཚ་མོ་སོགས་མང་པོ་ཡོད་ཀྱང་ཕྱི་ལོགས་སུ་ཡོད་པའི་ཚ་མོ་གཉིས་དང་ཚ་བོ་གཅིག་ཡོད་པ་འདི་ནི་ངོས་ཀྱི་ལོ་མང་རིང་ལྟ་སྐྱོང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། བདེ་ཆེན་ནི་བོད་གཞུང་སློབ་གྲྭར་སློབ་སྦྱོང་འཛིན་གྲྭ་རྣམས་ཐོད་རྒལ་བྱས་ནས་བྱ་དགའ་རྐྱང་རྐྱང་ལས་ཐེངས་གཅིག་འཛིན་གྲྭར་རྗེས་ལུས་ཐེབ་མྱོང་མེད། ལྷག་པར་ལོ་བཞིའི་ཡར་སྔོན་བདེ་ཆེན་བོད་གཞུང་སློབ་གྲྭའི་སློབ་ཕྲུག་ནང་ནས་ཡིག་རྒྱུགས་རྩེ་ཕུད་ཐོབ་ནས་དབྱིན་ལན་དུ་Pestalozzi International Village Trust སློབ་གྲྭ་འདིའི་ནང་དུ་ལོ་གཉིས་རིང་སློབ་སྦྱོང་བྱས་ཤིང་། ད་རེས་ཡང་སྐྱར་ཨ་རིའི་མཐོ་སློབ་Bucknell University ནང་དུ་ལོ་བཞིའི་རིང་སློབ་སྦྱོང་གི་གོ་སྐབས་རགས་པ་མ་ཟད་སློབ་ཡོན་དང་འགྲོ་སོང་སོགས་ཀྱང་རོགས་རམ་འོག་ཨ་རིར་འབྱོར་བྱུང་། ལུང་པ་ཁུག་ཀྱོག་ནང་དུ་འཚར་ལོང་བྱུང་བའི་མི་ཚང་སྐྱོ་བོ་ཞིག་ལ་ལྟོས་ན་བོད་ནས་ཡོང་ཞིང་རྒྱ་གར་བོད་གཞུང་སློབ་གྲྭ་ནས་སློབ་སྦྱོང་བྱས་ཤིང་སྦྱང་འབྲས་སུ་འཛམ་གླིང་ཆེས་སྟོབས་ལྡན་གྱི་རྒྱལ་ཁབ་དབྱིན་ལན་དང་ཨ་རི་གཉིས་ནང་དུ་རང་ངོས་ནས་སློབ་ཡོན་དང་འགྲོ་སོང་ཐ་ན་གནམ་གྲུའི་འཛིན་བྱང་སོགས་གཞན་གྱིས་དང་བླངས་རོགས་སྐྱོར་ལ་བསྟེན་ནས་ས་གནས་འདིར་འབྱོར་བ་ནི་ངོ་མ་ཕྱི་མིག་གཅིག་བལྟས་ན་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དྲིན་དང་བོད་གཞུང་བདག་རྐྱེན་རང་ལ་བསྟེན་ནས་བྱུང་བ་ཞིག་ཡིན་པ་ད་གཟོད་གཞི་ནས་ཤེས་ཐུབ། ལར་ནི་དེང་སང་མི་མང་པོ་ཞིག་ལུང་པ་འདིར་ཡོང་བའི་ཐབས་ཤེས་སུ་ལུས་སྲོག་འབེན་དུ་བཙུགས་ནས་ཐ་ན་གཅེས་པའི་བུ་དང་ཆུང་མ་སོགས་ཀྱང་གཏའ་མར་བཞག་ནས་ཨ་སྒོར་ཁྲི་གསུམ་བཞིའི་ལམ་གཏོད་ནས་ཡོང་བའི་སྐབས་སུ་བརྒྱ་ལན་རེ་ཙམ་ཡོང་ཐུབ་པའི་དུས་སྐབས་སུ་བདེ་ཆེན་ནི་སྔུན་ནས་བསུ་མ་དང་། རྒྱབ་ནས་སྐྱེལ་མ་གང་ཡང་མེད་པར་སོ་སོའི་སློབ་སྦྱོང་གི་སྦྱང་འབྲས་ངོམས་ནས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་སུ་མཚོ་གླང་གིས་མཚོ་གཤགས་པ་ནང་བཞིན་ཡོང་ཐུབ་པ་འདིར་བསམ་ནས་བན་རྒན་ངས་ཀྱང་སྒོར་ཁུག་སྲབ་འཐུག་ལ་མ་གཏོས་པར་ཚ་མོ་ལ་སྣེ་ལེན་གང་དྲག་བྱས། དུས་ཚོད་འདིར་ངོས་ཀྱང་མ་ལེ་ཤ་རུ་འགྲོ་ཆེས་ཀྱི་བྲེལ་ཟིང་དང་། ས་གནས་འདིར་ཡོད་ངོས་ཀྱི་དགེ་ཕྲུག་རྣམས་དང་ཐུག་འཕྲད་སོགས་ཀྱིས་ལས་བྲེལ་ཆེ་ཡང་ད་རེས་ངོས་ཀྱི་ཚ་བོ་བཀྲ་ཤིས་རྡོ་རྗེ་དང་ཁོ་རང་གི་གྲོགས་མོ་ཚ་མོ་བདེ་ཆེན་བཅས་ནང་མི་རྣམས་དང་མཉམ་དུ་ཉིན་འགའ་ཡི་རིང་བསྡད་རྒྱུ་བྱུང་བ་ཧ་ཅང་དགའ་བོ་བྱུང་། སྐབས་སྐབས་ལ་ངོས་ཀྱི་དགེ་ཕྲུག་རྣམས་ནས་སྐད་གྲགས་ཅན་གྱི་ས་ཆ་ལ་སྤྲོ་འཆམས་ལ་ཁྲིད་ཀྱི་འདུག ཉིན་འགའ་ཡི་རིང་ཉིན་ཐོ་དེ་རིང་མཉམ་དུ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Tuesday, July 23, 2013

བླ་མ་མཐར་ཕྱིན་ལགས་ཞིང་དུ་ཕེབས་པའི་སྐད་ངན་གོ་བའི་ཉིན་མོ།

ཞིང་གཤེགས་བླ་མ་མཐར་ཕྱིན་རིན་པོ་ཆེ་དང་མཉམ་དུ།
དེང་སང་ཨ་རིའི་རྒྱལ་ས་ཉིའུ་ཡོག་ཏུ་འབྱོར་ནས་ཉིན་ཤས་ཡིན། ཉིའུ་ཡོག་གི་རྒྱལ་ས་འདི་ནི་འཛམ་གླིང་མི་རིགས་འདྲ་མིན་འདུས་བསྡོད་བྱེད་ས་ཆེས་སྐད་གྲགས་ཅན་གྱི་ས་ཚིག་ཞིག་ཡིན། གནམ་གཤིས་ཚ་གྲང་གི་འགྱུར་ལྡོག་གནས་བབས་མི་མཚུངས་ཤིང་དགུན་དུས་གྲངས་ངར་ལ་བོད་ཁམས་ལུང་པ་དང་འདྲ་ཞིང་། དབྱར་དེང་སང་དུས་སུ་ཚ་བ་དང་གཞའ་ཚན་ཧ་ཅང་ཆེ་ཞིང་རྒྱ་གར་ལྡི་ལི་དང་འདྲ། མི་རྣམས་རང་བཞིན་གྱིས་བྲེལ་ཟིང་ཆེ་ཞིང་ཟས་གོས་དང་ཁང་གླ་སོགས་ཀྱི་རིན་གོང་ཧ་ཅང་ཆེ་བས་མི་རྣམས་ལྟོ་གོས་ཁོ་ནའི་ཆེད་དུ་ཉིན་མཚན་བསྟུད་མར་ལས་ལ་བྲེལ་ཆེ་ནས་མི་མང་པོ་ལ་སེམས་ཁམས་མི་བདེ་བ་དང་། གཉིད་མི་ཁུག་པ་སོགས་ཀྱིས་ལུས་སེམས་གཉིས་ཀར་དཀའ་ངལ་མེད་མཁན་ཕལ་ཆེར་མེད། ངོས་ནི་ཁ་སང་ཉིན་འགའ་ཡི་སྔོན་ནས་ཕྱི་ཕྱོགས་སུ་འགྲུལ་བཞུད་ཞིག་གི་ཆེད་དུ་དང་ངོས་ཀྱི་སྤུན་མཆེད་འགའ་དང་ཐུག་འཕྲད་ཀྱི་ཆེད་དུ་མི་ཡོང་ཁ་མེད་གྱུར་སོང་མ་གཏོགས་གྲོང་ཁྱེར་འདིའི་ནང་དུ་བསྡད་འདོད་གཏན་ནས་མེད། 
ད་ནང་ཞོགས་པ་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་ཆོས་ཚོགས་ཀྱི་འགན་འཛིན་ཧར་ཌེའི་རེད་འདུག མོ་རང་ནས་གསུངས་ན་བླ་མ་མཐར་ཕྱིན་རིན་པོ་ཆེ་ཁ་སང་དགོངས་པ་རྫོགས་ཡོད་པའི་སྐད་ངན་དེ་རེད་འདུག  ངས་ནི་གཏམ་ངན་དེ་གོ་བ་དང་མཉམ་དུ་སེམས་མ་བདེ་བ་ཞིག་བྱུང་། གང་ཡིན་ཟེར་ན་བླ་མ་མཐར་ཕྱིན་ཁོང་ནི་ངེས་པ་དོན་གྱི་བསྔགས་པ་ཚད་ལྡན་ཞིག་ཡིན་པ་མ་ཟད་སྐྱབས་རྗེ་གདུང་སྲས་ཕྲིན་ནས་ནོར་བུ་རིན་པོ་ཆེའི་ཐུགས་སྲས་ཀྱི་སློབ་མ་ཡག་ཤོས་དེ་ཡིན། ནམ་རྒྱུན་ངོས་ལ་ར་གན་གསེར་རློམ་གྱིས་ཐུགས་རྩིག་ཧ་ཅང་ཆེན་པོ་གནང་ནས་སྔ་ལོར་ངོས་ཀྱི་དགེ་ཕྲུག་དགའ་ཡིས་བསྐུལ་མ་ལྟར་དུ་རིན་པོ་ཆེ་ནས་ངོས་ཀྱི་ཞབས་བརྟན་ཞིག་ཀྱང་འབྲི་མྱོང་ཡོད། ང་ནི་སྤྱིར་གཏང་བྱས་ན་རིས་སུ་མ་མཆིས་པའི་ཆོས་ལུགས་ཡོངས་ལ་དད་པ་དང་། སྐྱ་སེར་དང་སྔགས་བན་ལ་མ་ལྟོས་པར་གང་གི་ཐུགས་རྒྱུད་ལ་རྟོགས་པའི་བསྟན་པ་རིན་པོ་ཆེ་ཡོད་ན་གང་ཟད་དེ་ལ་དགའ་མོས་དང་དེའི་མདུན་ནས་ལེགས་བཤད་ཀྱི་ཤོ་ལོ་ཀ་རེའི་ཆེད་དུ་འབད་རྩོན་བྱེད་མཁན་ཞིག་ཡིན། 
སྔ་ལོར་བླ་མ་མཐར་ཕྱིན་རིན་པོ་ཆེའི་མདུན་ནས་བདུད་འཇོམས་གཏེར་གསར་ལས། ཕུར་པ་སྤུ་གྲི་རེག་ཕུང་གི་དབང་དང་ཁྲིད་སོགས་ཞུས་ནས་བླ་མ་དང་སློབ་མའི་འབྲེལ་བ་ཞིག་ཀྱང་ཡོད། ད་རེས་ཁོང་དགོངས་པ་གཞན་དོན་དུ་གཤེགས་པ་དེས་སེམས་པ་སྐྱོ་བ་ཚད་མེད་པ་ཞིག་བྱུང་ཀྱང་བྱ་ཐབས་བྲལ། ཁོང་ནི་ཕལ་ཆེར་༧གོང་སྐྱབས་མགོན་ཆེན་པོ་མཆོག་དང་དགུངས་མཉམ་ཡིན་ཅིང་ནམ་རྒྱུན་ཁྲག་མངར་མོའི་སྙུང་གཞི་དང་མ་ཟད་དུས་ངེས་དུ་ཁྲག་རླུང་སྟོད་འཚང་གི་སྙུང་གཞིས་ཟིན་ནས་ལོ་འགའ་ཡིན། འཁྲུངས་ཡུལ་བོད་མདོ་སྨད་འགུ་ལོག་ནས་ཡིན་ཅིང་ང་དགུ་ལོའི་ཡས་མས་སྐབས་སུ་བོད་རིགས་བྲོས་བྱོལ་བ་སྤྱི་མཚུངས་ལྟར་རྒྱ་གར་ལ་ཕེབས་ནས་ཨོ་རིའི་སའི་གཞིས་ཆགས་སུ་བཞུགས་གནང་འདུག ཨ་རིར་ནམ་ཕེབས་སོགས་ཀྱི་ལོ་རྒྱུས་ཞིབ་ཕྲ་མི་ཤེས་ཀྱང་ས་གནས་ཀི་ཧྥོ་ཉ་ང་བསྡད་ས་ནས་ཆུ་ཚོད་གཅིག་ཙམ་རིང་སོང་ན་ཁོང་གི་དགོན་པ་པདྨ་འོད་གསལ་གླིང་ཞེས་ས་ཁྱོན་ཆེ་ལ་ཁོར་ཡུག་གཙང་ཞིང་། ཟུར་དུ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་སྡེ་ཡོད་པ་བདུད་འཇོམས་གཏེར་གསར་གྱི་ཆོས་བརྒྱུད་འཛིན་མཁན་བསྔགས་གྲྭ་ཕོ་མོ་སུམ་བཅུ་ཡས་མས་ཞིག་གཉུག་མར་གཏན་བསྡོད་བྱེད་མཁན་ཡོད། ང་ནི་ཁོང་ཚོའི་འཚོགས་པ་དང་དམིགས་བསལ་གྱི་མཛད་སྒོ་ཞིག་ཡོད་ནས་བཟུང་སྟེ་སྐུ་མགྲོན་གཙོ་བོ་བྱེད་ནས་མགྲོན་འབོད་བྱེད་ཀྱི་ཡོད།

Sunday, July 14, 2013

ཆོས་ཚོགས་ཀྱི་ལས་བྱེད་རྣམས་དང་ལྷན་འཚོགས་འདུ་བྱས་པའི་ཉིན་མོ།

ཞོགས་ཟས་སྐབས་སུ་ཆོས་ཚོགས་ཀྱི་ལས་བྱེད་རྣམས་དང་ལྷན་དུ།
ཉིན་མོ་འདི་ནི་སྔ་ནས་དུས་ཆད་བྱས་པ་ནང་བཞིན་འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་ཀྱི་ལས་བྱེད་རྣམས་དང་ལྷན་ཞོགས་ཟས་དང་མཉམ་དུ་འཚོགས་འདུ་ཡོད་པ་དེ་ཡིན། ཞོགས་པ་ལང་ནས་རྐང་འགྲོས་ཀྱིས་ཆུ་ཚོད་ཕྱེད་རིང་སོང་ནས་ནང་དུ་འབྱོར། ཆུ་ཚོད་བཅུ་པའི་སྐབས་སུ་ཆོས་ཚོགས་ཀྱི་དངུལ་གཉེར་སེའི་ཊེའུ་ཧྥེ་ནེའི་དང་། འགན་འགན་འཛིན་ཧེར་ཌེའི། དྲུང་ཡིག་ཁའུ་ཡོའི། ཨ་མ་སུས་སིན་བཅས་རིམ་བཞིན་འབྱོར་སོང་། ཞོགས་ཟས་ལ་རོལ་བཞིན་ངོས་ཀྱི་གནས་སྐབས་མ་ལེ་ཤ་དང་རྒྱ་གར་སོགས་བྱེས་བགྲོད་ཀྱི་རིང་ལོ་རྗེས་མའི་མཛད་འཆར་ཁག་དང་། མ་འོང་པར་ས་གནས་འདིར་འཇམ་དབྱངས་ཆོས་འཁོར་གླིང་གཏན་འཇག་གི་དགོན་པའམ་ཆོས་ཚོགས་ཀྱི་ཆེད་དུ་ས་ཆ་དང་ཁང་པ་སོགས་ཉོ་རྒྱུའི་སྐོར་རེད་འདུག ཉེ་བའི་ཆར་ས་གནས་འདིར་ཀོ་ར་ཡའི་དགོན་པ་ཞིག་ཡོད་པ་དེ་བཙོང་བའི་སྐད་ཆ་འདུག་པས་ངོས་ཀྱི་ཆོས་ཚོགས་ཀྱི་སློབ་མ་རྣམས་ནས་རྟག་པར་དགོན་པ་དེ་ཉོ་ཐུབ་ན་ཟེར་ནས་རེ་བ་རྒྱག་གི་ཡོད། དགོན་པར་དེ་ཨ་སྒོར་ས་ཡ་གསུམ་ལྷག་ཡིན་སྐད་འདུག་ངོས་ལ་ལྟོས་ན་ཨ་སྒོར་ས་ཡ་གསུམ་ཕར་ཞོག་ཨ་སྒོར་ཁྲི་གསུམ་ཙམ་ཡང་མེད་ཀྱང་ངོས་ཀྱི་དགེ་ཕྲུག་འབྱོར་ལྡན་འགའ་ནས་ཁ་ཡག་ཙམ་མིན་ན་ཉེ་ཆར་ཁྱེད་རང་ས་ཁང་ཉོ་དགོས་ན་རོགས་པ་བྱེད་ཀྱི་ཡིན་ཟེར་མཁན་ཁ་ཤས་བྱུང་། སྤྱིར་གཏང་ང་བསྡད་སའི་ས་གནས་འདིར་camel ཟེར་དུས་ཨ་རི་ནས་འབྱོར་ལྡན་སྐད་གྲགས་ཅན་ཤ་སྟག་བསྡད་ས་ཞིག་ཡིན། ང་སྟབས་ལེགས་སྟེས་དབང་གིས་འབྱོར་མེད་འབྱོར་ལྡན་བསྡད་ས་རུ་ཚུད་ཡོད་པ་རེད། གང་ལྟར་ཀྱང་ངོས་ཀྱི་ཆོས་ཚོགས་ལས་བྱེད་དང་དགེ་ཕྲུག་རྣམས་སྡུག་ཏུ་འགྲོ་མ་སོང་ན་ད་ལྟ་ཚང་མ་ཁ་སེམས་མཉམ་མཐུན་དང་། ངོས་དང་ངོས་ཀྱི་ཆོས་ལ་ཚང་མས་ཧ་ཅང་ནས་ཀྱང་དགའ་བོ་བྱེད་མཁན་ཡིན། ཉིན་གུང་རྒྱབ་ཏུ་ངོས་ཀྱི་དགེ་ཕྲུག་ཞིག་ནང་དུ་མི་འགའ་ཤས་ལ་ཕྱག་ཆེན་སྔོན་འགྲོའི་ཆོས་བཤད་བྱེད་རྒྱུ་དེ་ཡིན་པས་དེར་སོང་ནས་སུ་སིན་གཙོས་སློབ་མ་འགའ་ནས་སྔོན་འགྲོ་འབུམ་བཞི་བསགས་ཐུབ་པའི་ཁས་ལེན་བྱས་སོང་བས་ཁོང་ཚོ་ལ་སྔོན་འགྲོའི་ལུང་དང་ཁྲིད་སོགས་བྱས་པས་དགའ་བོ་བྱུང་སོང་། ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Thursday, July 11, 2013

ཀུ་ཤུ་རྟག་ཅན་གྱི་རྩིས་འཁོར་ལག་ཁྱེར་ཉོས་པའི་ཉིན་མོ།

ཀུ་ཤུ་རྟག་ཅན་གྱི་རྩིས་འཁོར་ལག་ཁྱེར།
ཉིན་མོ་འདི་ནི་རིང་ནས་སྙིང་དུ་བརྣགས་པའི་འདོད་དོན་ཉེ་བའི་ཆར་ངོས་ཀྱི་ཨ་རིའི་ལག་ཁྱེར་ཐོབ་པའི་དགའ་སྟོན་གྱི་ལེགས་སྐྱེས་སུ་ངོས་ཀྱི་སྦྱིན་བདག་བཀའ་དྲིན་ཅན་རྡེའུ་རའི་ནས་ཀུ་ཤུ་རྟག་ཅན་གྱི་རྩིས་འཁོར་ལག་ཁྱེར་སྤུས་ལེགས་ཞིག་ལ་ཨ་སྒོར་༢༦༠༠ སྤྲད་ནས་ཉོས་སོང་། ངོས་གྲྭ་རྐྱང་དཀྱུས་མ་ཞིག་ལ་ལྟོས་ན་ཨ་སྒོར་༢༦༠༠ ནི་ཆེས་མང་པོ་ཞིག་ཡིན་པས་གྲོགས་པོ་རྗེའུ་ཧྥུ་ལ་རྩིས་འཁོར་ལག་ཁྱེར་དེ་རིན་གོང་ཆེ་དྲག་འདུག་པས་མར་སློག་རོགས་ཟེར་བས་ཁོང་ནས་གསུངས་ན་རྡེའུ་རའི་ནས་རྩིས་འཁོར་ཉོ་བྱེད་ཆེད་དུ་ཨ་སྒོར་༣༠༠༠་སྤྲད་བྱུང་བས་ཁྱེད་རང་ནས་མ་ཉོས་ན་ཁྱེད་རང་གི་གྱོང་རང་རེད། རྡེའུ་རའི་ལ་ཨ་སྒོར་ཆིག་སྟོང་ཉིས་སྟོང་གིས་དམའ་མཐོ་གང་ཡང་ཡོད་མ་རེད་ཧ་ཅང་འབྱོར་ལྡན་རེད་ཟེར། ཡིན་ནའང་བོད་ཀྱི་གཏམ་དཔེར། རྨ་རྒྱལ་སྤོམ་ར་ཤ་ལ་འགྱུར་ཀྱང་། མགྲོན་པོའི་ཟ་ཚོད་སྡེར་མ་གང་། ཞེས་པའི་དཔེ་དེ་སེམས་ལ་འཁོར་སོང་། རྡེའུ་རའི་ནི་ཁར་མེལ་ལ་བསྡད་མཁན་ཧ་ཅང་འབྱོར་ལྡན་མ་ཞིག་ཡིན་དེ་སྔ་ཕན་ཆད་ངོས་ཀྱི་རྒྱ་གར་ལྷོ་ཕྱོགས་དགོན་པའི་འགྲོ་སོང་གི་སྦྱིན་བདག་དང་མ་ཟད་ས་གནས་འདིར་ཟས་གོས་གནས་མལ་སོགས་ཐ་ན་བྱེས་བགྲོད་སྐབས་སུ་གནམ་གྲུའི་འཛིན་བྱང་སོགས་ཀྱང་ཉོ་ནས་སྦྱིན་བདག་ཧ་ཅང་དཀའ་དྲིན་ཅན་ཞིག་ཡིན། ཡང་སྐྱར་བསམ་བློ་ཞིག་གཏངས་དུས་ད་རེས་རྩིས་འཁོར་ལག་ཁྱེར་དེ་དད་པས་ཆོས་ཕྱོགས་དང་སྐྱབས་བརྟེན་གྱི་ཆེད་དུ་ཕུལ་བ་མ་ཡིན་པ་ངོས་ཀྱི་ཨ་རིའི་ལག་ཁྱེར་ཐོབ་པའི་དགའ་སྟོན་གཏངས་རག་གི་ཆེད་དུ་བརྔན་པ་སྤྲད་པ་ཞིག་ཡིན་དུས་ཕྱི་མིའི་བུ་ལོན་དུ་མི་འགྲོ་ཤས་ཆེ་སྙམ་ནས་རྩིས་འཁོར་ལག་ཁྱེར་དེ་མ་བླངས་ཁག་མེད་གྱུར་སོང་། ནང་དུ་འབྱོར་མ་ཐག་པོར་ལེན་ཌི་ལ་ཡོད་པའི་ངོས་ཀྱི་ཆོས་གྲོགས་པདྨ་ཆོས་འཕེལ་ལ་ཁ་པར་གཏངས་ནས་རྩིས་འཁོར་ལག་ཁྱེར་འདིའི་སྐོར་སྐད་ཆ་བྱས་པས་ཁོང་ནས་གསུངས་ན་ཐོན་གསར་ཅན་ཀུ་ཤུ་རྟག་ཅན་གྱི་རྩིས་འཁོར་ཡག་ཤོས་དེ་རེད་ཟེར། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, July 6, 2013

འཁྲུངས་སྐར་དུས་ཆེན་ཉིན་མོ།

འཁྲུངས་སྐར་དང་སྤྲོ་སྐྱིད་ཀྱི་ཟུར་པར་ཞིག
ཉིན་མོ་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་དང་ངོས་ཀྱི་ཨ་རིའི་ལག་ཁྱེར་ཐོབ་པའི་ཐུགས་སྤྲོ་བཅས་མཉམ་དུ་ཡིན་པས་ཉིན་གུང་རྒྱབ་ཏུ་ཆུ་ཚོད་གཉིས་པའི་ཐོག་འཚོགས་ཁང་ནང་དུ་སོང་བས་ངོས་ཀྱི་དགེ་ཕྲུག་རྣམས་ནས་འུར་ཟིང་གིས་གྲ་སྒྲིག་བྱེད་བཞིན་པའི་སྐབས་རེད་འདུག ཆུ་ཚོད་གཉིས་དང་ཕྱེད་སྐབས་སུ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ལ་ཕྱག་གསུམ་དང་སྦྲགས་མི་མང་ལ་དེ་རིང་༧གོང་ས་མཆོག་དགུང་གྲངས་བདུན་དོན་བརྒྱད་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྐོར་འགྲེལ་བཤད་མདོར་བསྡུས་དང་བཅས་ཚང་མས་སྐུ་པར་ལ་མེ་ཏོག་དང་ཁ་གཏགས་སོགས་འདེགས་འབུལ་ཞུས། དེ་ནས་ཞབས་བརྟན་རྒྱས་པ་དབྱིན་ཇི་ཐོག་ཏུ་གཏོན་ནས་འཁྲུངས་སྐར་གྱི་འཁྱག་སྤྲིས་གཏུབས་ནས་བོད་ལུགས་ཕྱི་ལུགས་རེས་མོས་ཀྱིས་སྐྱིད་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་དབྱངས་རྟ་ལ་སྐྱོན། དེ་ནས་ངོས་ལ་ཨ་རིའི་ལག་ཁྱེར་ཐོབ་པའི་རྟེན་འབྲེལ་དང་ཆོས་ཚོགས་ཀྱི་འགན་འཛིན་ཧར་ཌིའི་དང་། སེའུ་ཊེའི་ཧྥུ་ནེའི་སོགས་ཀྱིས་ཆོས་ཚོགས་ཀྱི་ལས་ཀ་ལ་ཐོབ་མཐའ་བར་གསུམ་དུ་ཧུར་ཐག་བྱས་པ་མི་བཞི་ལྔ་ཞིག་ལ་བྱས་དགའི་བརྔན་པ་ཉི་འོད་ཀྱིས་རང་འགུལ་བྱེད་ཐུབ་པའི་མ་ཎིའི་འཁོར་ཆུང་རེ་དང་ཁ་གཏགས་རེ་བཅས་སྤྲད་པས་ཧ་ཅང་དགའ་བོ་བྱུང་སོང་། ར་ཁྱིམ་ཕྱི་ལོགས་སུ་མི་མང་ནས་ཁུར་ཡོང་བའི་ཟས་སྣ་གང་དགོས་ཡོད་པ་ལ་རོལ་ནས་རྩེད་མོ་དང་ཁ་བརྡ་སོགས་ཀྱིས་དེ་རིང་གི་ཉི་མ་དེར་རྫོགས་སོང་། ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Friday, July 5, 2013

བྷོ་སི་ཊོན་ནས་ངོས་ཀྱི་ཆོས་གྲོགས་སླེབས་པའི་ཉིན་མོ།

ངོས་ཀྱི་ཆོས་གྲོགས་ཨེའི་ཌེའི་དང་མཉམ་དུ་བླངས་པའི་པར།
དེ་རིང་ནི་ཨ་རི་མི་རིགས་ངོས་ཀྱི་སློབ་མ་ཆེས་ཐོག་མ་ཨེའི་ཌེ་འམ་ཆོས་མིང་དུ་ཀརྨ་ཤེས་རབ་དང་ཁོང་གི་གྲོགས་མོ་གཉིས་བྷོ་སི་ཊོན་ནས་ཆེད་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་ངོས་ཀྱི་green card ཐུགས་སྤྲོ་ལ་སླེབས་བྱུང་། སང་ཉིན་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དུ་བྱས་ན་དགུང་གྲངས་༧༨ ལ་སོན་པའི་སྐུའི་འཁྲུངས་སྐར་དང་། ངོས་ཀྱི་ཨ་རིའི་མི་སེར་གྱི་ལག་ཁྱེར་ཡིག་ཆ་རགས་པའི་དགའ་སྟོན་བཅས་མཉམ་དུ་ཡིན། ཨེའི་ཌེའི་ནི་ལོ་ལྔ་ཡི་གོང་ནས་ཨ་རི་བ་ངོས་ཀྱི་སློབ་མ་ཐོག་མ་དེ་ཡིན། ཁོང་ནི་བྷོ་སི་ཊོན་ནས་ཡིན་ཅིང་ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་བཤད་བྱེད་མཁན་པོ་ཞིག་ཀྱང་ཡིན། ཉིས་སྟོང་བརྒྱད་ལོར་ངོས་ཀྱི་ས་ནས་སྐྱབས་འགྲོའི་སྡོམ་པ་ཞུས་ཅིང་ད་ལྟ་ཁོང་ནང་ཆོས་ཉམས་ལེན་གནང་མཁན་ཡིན། ཁོང་ནི་མི་གཞི་བཟང་ཞིང་སློབ་སྦྱོང་ཡོད་པ་མི་ཡ་རབས་ཚད་ལྡན་ཞིག་ཀྱང་ཡིན། དེ་རིང་ངོས་ཀྱི་ཆོས་ཚོགས་ཀྱི་སློབ་མ་འགའ་ནས་ཁོང་ལ་སྣེ་ལེན་ཟབ་རྒྱས་བྱས་ནས་ང་ཚོ་མཉམ་དུ་བསྡད་དགོང་ཟས་ལ་རོལ་བཞིན་བསྡད་ཡོད། དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Tuesday, July 2, 2013

ཁར་ནུབ་བདེ་ཆེན་ཞིང་སྒྲུབ་དང་ཆོས་བཤད་བྱས་པའི་ཉིན་མོ།

དགེ་སློབ་འགའ་ཡི་ཟུར་པར་ཞིག
ཁ་སང་གི་ཉིན་མོ་ནི་གཟའ་ཟླ་བའི་འཆར་ཅན་གྱི་བདེ་ཆེན་ཞིང་སྒྲུབ་ཡིན་པས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་དུ་སོང་། དེ་རིང་ནི་དབྱིན་ཇི་རྣམས་ཀྱི་ཆེས་དགའ་མོས་བྱེད་སའི་རྫོགས་ཆེན་གྱི་ཆོས་ཁྲིད་འཆད་རྒྱུ་དེ་ཡིན། སྤྱིར་གཏང་ནམ་རྒྱུན་ངོས་ནས་ཆོས་ཁྲིད་བྱེད་པའི་སྐབས་སུ་བློ་ལྡོག་རྣམ་བཞི་དང་། བདེན་བཞི་སོགས་ཐེག་པ་ཐུན་མོང་བའི་ཆོས་བཤད་བྱེད་པ་ལས་ཐེག་པ་གོང་མའི་ཆོས་སྐད་ཕྱག་རྫོགས་སོགས་ནི་གདུལ་བྱའི་བློ་མོས་དང་མཐུན་མིན་ལྟ་བ་ལས་ཡོངས་གྲགས་བྱེད་ནས་བཤད་སྲོལ་ཆེར་མེད་ཀྱང་ལུང་པ་འདིའི་ནང་དུ་ཡུན་རིང་གཏན་བཞུགས་གནང་བའི་ངོས་ཀྱི་ངོ་ཤེས་བླ་མ་འགའ་ནས་ལུང་པ་འདི་ཡི་མི་རྣམས་ནི་ཁམས་དང་མོས་པ་ཐ་ན་རིག་པའི་དཔྱད་སྟོབས་སོགས་ཀྱང་བོད་པ་དང་ཆེས་མི་འདྲ་བས་ཕྱག་རྫོགས་སོགས་བཤད་ན་སྐབས་དེ་དུས་སྟོང་ཉིད་མ་རྟོགས་ཀྱང་འགོག་བདེན་དང་སྟོང་ཉིད་ལ་མོས་པ་དང་ནང་ཆོས་ལ་དད་པ་སོགས་སྐྱེ་བའི་དགོས་པ་ཡོད་ལུགས་སོགས་མང་པོ་ཞིག་གསུངས་མྱོང་ཡོད་པས་ད་ལོར་རང་ལ་ཉམས་ལེན་ཆེར་མེད་ཀྱང་ཕྱག་ཆེན་དང་རྫོགས་ཆེན་སོགས་འཆད་ཁུལ་བྱས་པ་ཡིན། དེ་རིང་ཡང་སྔ་ནས་གྲ་སྒྲིག་བྱས་པའི་རྫོགས་ཆེན་གྱི་ཆོས་བཤད་རྒྱུ་དེ་ཡིན་པས་སྐད་བསྒྱུར་བྱམས་པ་བརྒྱུད་ནས་གང་ཤེས་བཤད་ཁུལ་བྱས་པས་མི་མང་འགའ་བོ་བྱུང་སོང་། ལར་ནི་ངོས་ཀྱི་ཆོས་ཚོགས་ཀྱི་སློབ་མ་འདི་རྣམས་ནི་ངོས་ཀྱི་ཆོས་བཤད་ལ་ཧ་ཅང་དགའ་བོ་བྱེད་པ་མ་ཟད་ང་ལ་ཅི་གསུངས་ཚད་མར་འཛིན། ཅི་མཛད་ལེགས་པར་མཐོང་ནས་ར་གན་གསེར་རློམ་གྱི་འདུ་ཤེས་ཅན་ཤ་སྟག་ཡིན། དེ་རིང་ནི་ང་གནས་སྐབས་ཨེ་ཤ་ཡའི་ཕྱོགས་ལ་འགྲོ་བའི་རིང་ས་གནས་འདིར་ཆོས་ཐུན་དང་གནས་སྐབས་བདེ་ཆེན་ཞིང་སྒྲུབ་ཀྱང་ཐ་མ་དེ་ཡིན། ཆོས་ཐུན་ཚར་བ་དང་ལྷན་སློབ་མ་རྣམས་ཀྱི་འདོད་པ་ལྟར་དུ་སྔ་ལོར་བླ་མ་མཐར་ཕྱིན་རིན་པོ་ཆེ་ནས་བྲིས་པའི་ངོས་ཀྱི་ཞབས་བརྟན་དེ་དབྱིན་ཇི་ཐོག་ཏུ་བཏོན་ནས་མཇུག་ཏུ་མི་མང་ལ་བཀའ་བསྒོ་དང་སྨོན་ལམ་སོགས་གང་དྲག་བྱས་ནས་དེ་རིང་གི་ཆོས་ཀྱི་བྱེད་སྒོ་ཁག་ལེགས་པར་གྲུབ་སོང་། དེ་རིང་གི་ཆོས་བཤད་དང་འདོན་པ་སོགས་ཀྱིས་ནང་དུ་ཆུ་ཚོད་བཅུ་པ་ལས་མ་འབྱོར་བས་ཉིན་ཐོ་གཏངས་མ་ཐུབ་པས་ཁ་སང་གི་ཉིན་ཐོ་དེ་རིང་གཏངས་བ་ཡིན།