Sunday, August 25, 2013

པདྨ་འོད་གསལ་གླིང་ལ་བླ་མ་མཐར་ཕྱིན་རིན་པོ་ཆེའི་འདས་མཆོད་ལ་ཆེད་བཅར་བྱས་པའི་ཉིན་མོ།

བླ་མ་མཐར་ཕྱིན་གདུང་རྟེན་གྱི་མདུན་མཆོད་ཚར་སྦྲེངས་བཞིན་པ།
ཉིན་མོ་འདིར་ཞོགས་པ་ལངས་ནས་ཆུ་ཚོད་བརྒྱད་པའི་སྐབས་སུ་ཨ་མ་སུས་སིན་དང་། དགེ་ཕྲུག་ལན་ཌེའི་བཅས་མཉམ་དུ་པདྨ་འོད་གསལ་གླིང་ལ་སོང་། པདྨ་འོད་གསལ་གླིང་ནི་ངོས་ཀྱི་བསྡད་ས་ནས་ཆུ་ཚོད་གཅིག་ཙམ་གྱི་སར་ཡོད་པའི་བདུད་འཇོམས་རིན་པོ་ཆེའི་གདུང་སྲས་ཕྲིན་ལས་ནོར་བུའི་དངོས་སློབ་བླ་མ་མཐར་ཕྱིན་རིན་པོ་ཆེའི་ཆོས་ཚོགས་རེད། བླ་མ་མཐར་ཕྱིན་རིན་པོ་ཆེ་ནི་ཕ་ཡུལ་འགུ་ལོག་རེབ་ཀོང་ནས་ཡིན་པའི་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལ་མངའ་དབང་འབྱོར་བའི་སྔགས་བརྒྱུད་ཁྱད་པར་ཅན་གྱི་ནང་དུ་སྐུ་འཁྲུངས་པའི་དུས་རབས་འདིར་ང་སྔགས་པ་ཁོ་གྲུབ་ཐོབ་ཡིན་ཞེས་ཆ་ལུགས་ཡ་ཟུང་ཅན་ལས་བརྒྱ་འགྱུར་ལས་དགའ་བ་དོན་གྱི་སྔགས་པ་ཚད་ལྡན་ཞིག་ཡིན་པ་མ་ཟད་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་མེད་པ། ཞེས་པ་ལྟར་ཆོས་པ་ཚད་ལྡན་ཞིག་ཀྱང་རེད་འདུག ང་ནི་ཁོང་ལ་ཧ་ཅང་དགའ་ཞིང་ཁོང་གི་མདུན་ནས་བདུད་འཇོམས་གཏེར་གསར་ཕུར་པའི་སྐོར་དབང་ལུང་ཁྲིད་སོགས་འགའ་ཤས་ཀྱང་ཐོབ་མྱོང་། 
ད་རེས་ངོས་མ་ལེ་ཤ་ལ་འགྲུལ་བཞུད་ཀྱི་སྐབས་སུ་རིན་པོ་ཆེ་གློ་བུར་དུ་དགོངས་པ་གཞན་དོན་གཤེགས་སོང་བས་སེམས་པ་ཧ་ཅང་སྐྱོ་བོ་བྱུང་བས་དེ་རིང་ལམ་སང་འདས་མཆོད་ལ་ཆེད་བཅར་བྱས་པ་ཡིན། འདས་མཆོད་ལ་བདུད་འཇོམས་རྡོར་སེམས་སྒྲུབ་མཆོད་ཞིག་འཚོགས་འདུག ཨ་འཇམ་སྤྲུལ་སྐུ་དང་། བླ་མ་བསོད་ནམས་སྐུ་མཆེད་གཉིས་གཙོས་གཞན་ངོ་མི་ཤེས་པའི་སྔགས་པ་ཞིག་བཅས་བན་སྔགས་མི་གྲངས་ཉི་ཤུ་ཙམ་གྱིས་སྒྲུབ་མཆོད་འཚོགས་འདུག་པས་ངོས་ཀྱང་དེར་མཉམ་ཞུགས་བྱས། དེ་ནས་ངོས་ཀྱི་ཆོས་གྲོགས་བླ་མ་བསོད་ནམས་དང་ཨ་འཇམ་སྤྲུལ་སྐུ་སོགས་ལ་ཐུགས་གསོའི་འཚམས་འདྲིའི་ཆེད་དུ་མེ་ཏོག་དང་། ཤིང་ཐོག་སོགས་ཁ་གཏགས་སོགས་ཕུལ། 
དགོངས་མོ་ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར། 

Tuesday, August 20, 2013

ཨ་རི་ལ་འབྱོར་བའི་ཉིན་མོ།

གནམ་ཐང་ནས་དགེ་ཕྲུག་འགའ་ཞིག་དང་ལྷན།
བདུན་ཕྲག་གཉིས་རིང་མ་ལེ་ཤ་རུ་ངོས་ཀྱི་དགེ་ཕྲུག་རྣམས་ལ་ཐུག་འཕྲད་དུ་སོང་ནས་ཁ་སང་ཉིན་གཉིས་གོང་ནས་ཀོ་ལ་ལམ་བུའི་གནམ་ཐང་ནས་ཀོ་རི་ཡའི་གནང་ཐང་བརྒྱུད་ནས་ཀི་ལི་ཧྥོ་ཉའི་གནམ་ཐང་དུ་འབྱོར་སོང་། ད་ལྟའི་མ་ལེ་ཤའི་བྱེས་བགྲོད་ཀྱི་དུས་ཡུན་ཐུང་དྲག་ཞེས་ངོས་ཀྱི་དགེ་ཕྲུག་རྣམས་ནས་མི་འདོད་པའི་འཁང་ར་བྱེད་མཁན་མང་ཀྱང་ངོས་ལ་ལྟོས་ན་དུས་ཡུན་ཐུང་ཐུང་ལ་སྐྱིད་པོ་འདྲ་ཞིག་བྱུང་སོང་། ཀོ་ལ་ལམ་བུའི་གནམ་ཐང་དུ་ཆུ་ཚོད་གསུམ་པའི་སྐབས་སུ་སོང་བས་ལྔ་སྡེ་མི་འདྲ་བ་ནས་མི་བཅོ་ལྔ་ཙམ་ཞིག་ངོས་བསྐྱེལ་མ་རུ་སླེབས་འདུག གནམ་ཐང་ཚིག་ཇ་འཐུང་ས་ཞིག་ནས་སློབ་མ་རྣམས་དང་མཉམ་དུ་ཚིག་ཇ་འཐུང་བཞིན་ཕན་ཚུན་ཁ་བརྡ་འདྲ་བྱས་མི་མང་པོ་ཞིག་ནས་སང་ལོ་ཟླ་བ་ཁ་ཤས་འདུག་རྒྱུ་ཡོད་པ་བྱེད་ནས་ཡོང་དགོས་པའི་བསྐུལ་མ་བྱེད་ཀྱི་འདུག་པས་ངས་ཀྱང་དེ་བཞིན་དུ་ཁས་བླངས་པ་ཡིན། དེ་ནས་རྒྱབ་ཁུག་ནང་ནས་སྔ་ལོར་ངོས་ནས་སློབ་མ་རྣམས་ལ་ཆེད་དུ་བྲིས་པའི་སྙིང་གཏམ་ཆོས་ཀྱི་བདུད་རྩི་ཞེས་པའི་དེབ་ཆུང་བོད། དབྱིན། རྒྱ་གསུམ་སྐད་རིགས་གསུམ་ཐོག་ཏུ་ཡོད་པའི་ཤོ་ལོ་ཀ་རེ་ལ་ཤོག་ལིང་ཀར་ཊེ་རེ་བཟོས་ཡོད་པས་ཤོ་ལོ་ཀ་བཅུ་དྲུག་པའི་ཤོག་ལིང་དེ་ཚང་མ་ལ་སྤྲད་པས་ཧ་ཅང་དགའ་བོ་བྱུང་སོང་། དེའི་ནང་དོན་ནི།
 བླ་སློབ་ཡུན་དུ་འདྲིས་པའི་དམ་ཚིག་དེ།།
གལ་གནད་སྐབས་སུ་ཆུ་ལ་མ་བསྐྱུར་བ།།
གཅེས་པའི་སྲོག་ལས་དམར་བའི་འདུ་ཤེས་ཀྱིས།།
མ་བརྗེད་སྙིང་ལ་ཞོགས་ཤིག་སྙིང་གཏམ་ཡིན།།

Not throwing away the long-held samaya 
Between Guru and disciple at difficult times 
Perceiving it as more valuable than life,
Keep this Commitment in your heart. 
That is my heart advice.

དེ་ནས་གནམ་ཐང་ནས་ཕན་ཚུན་གྱེས་བྲལ་གྱི་བོད་ལུགས་ལྟར་དུ་ཁ་གཏགས་གཡོགས་པ་དང་། ལག་གཡུགས། འཐམ་འཁྱུད་སོགས་ཅི་རིགས་བྱས་ནས་ལག་ཁྱེར་ཞིབ་གཤེར་སྒོ་འགྲམ་དུ་སོང་། ལག་ཁྱེར་ལ་ཐམ་ག་རྒྱབ་ཚར་དུས་ཕྱི་མིག་ཞིག་བལྟས་དུས་སློབ་མ་རྣམས་ནས་ད་དུང་ཡང་གྱེས་བྲལ་གྱི་ལག་གཡུགས་ཡོམ་ཡོམ་བྱེད་ཀྱི་འདུག་པ་མ་ཟད་མང་པོ་ཞིག་ནས་མིག་ཆུ་ནར་ནར་གཏོང་བཞིན་པ་མཐོང་བས་ངོས་ཀྱང་སེམས་པ་སྐྱོ་ལྷང་ལྷང་འདྲ་ཞིག་བྱས་བྱུང་། ཀོ་ལ་ལམ་བུའི་གནམ་ཐང་ནས་ཀོ་རི་ཡའི་གནམ་ཐང་བརྒྱུད་ནམ་མཁར་ཆུ་ཚོད་བཅུ་དགུ་ཙམ་རིང་འཕུར་དགོས་འདུག ཕྱི་ཉིན་དགོང་མོ་ཀི་ལི་ཧྥོ་ཉའི་ཆུ་ཚོད་ལྔ་པ་ཙམ་ལ་གནམ་ཐང་དུ་འབྱོར་སོང་བས་སྙིང་ནས་གཅེས་པའི་ངོས་ཀྱི་ཨ་མ་སུས་སིན་དང་། དགེ་ཕྲུག་ལིན་ཌིའི་གཉིས་ནས་གནམ་ཐང་སྒོ་འགྲམ་ནས་ལག་ཏུ་ཁ་གཏགས་བཟུང་ནས་སྒུག་འདུག རླངས་འཁོར་དུ་ཞུགས་ནས་ངོས་ཀྱི་བསྡད་ས་མོན་ཊེའུ་རེའི་ཕྱོགས་སུ་སོང་ནས་ནང་དུ་འབྱོར། ཁ་སང་དེ་རིང་ནི་ཉིན་མཚན་གོ་ལྡོག་པའི་རྐྱེན་གྱིས་ཉིན་མོ་ཟས་ཟ་སྙིང་མི་འདོད་པ་དང་། མཚན་མོ་གཉིད་མི་ཁུག་པ་སོགས་དཀའ་ངལ་ཞིག་འདུག་པས་ཉིན་གསུམ་རིང་མི་སུ་ལའང་འབྲེལ་བ་མེད་པར་ངལ་གསོ་བྱས་ནས་ནང་དུ་བསྡད་པ་ཡིན།

Thursday, August 15, 2013

བདུན་གཉིས་རིང་མ་ལེ་ཤའི་སྤྲོ་འཁྱམས་ཐ་མའི་ཉིན་མོ།

ཀོ་ལ་ལམ་བུའི་དགེ་ཕྲུག་དགའ་དང་མཉམ་དུ།
མ་ཐུག་ཡུན་རིང་སོང་བའི་ངོས་ཀྱི་ཆོས་གྲོགས་ཕོ་མོ་རྣམས་དང་མཉམ་དུ་སྤྲོ་འཁྱམས་ལ་གང་སར་སོང་། ཉིན་གསུམ་རིང་ཀུ་ལང་ཀརྨ་པའི་ཆོས་ཚོགས་སུ་སོང་ནས་ཐག་ཉེར་ཡོད་པའི་སིངྒ་པུར་དང་མ་ལེ་ཤ་སོགས་ཀྱི་དགེ་ཕྲུག་རྣམས་ལ་ཐུག་འཕྲད་བྱས་ནས་དེ་རིང་ད་ནུབ་རྒྱལ་ས་ཀོ་ལམ་བུར་ལ་འབྱོར་ནས་དགེ་ཕྲུག་ཆོས་མིང་དུ་བཀྲ་ཤིས་བདེ་སྐྱིད་ནང་དུ་བསྡད། ཀོ་ལམ་བུར་ཆོས་གྲོགས་གཤིས་ལ་དང་། རྒྱའི་སེ་མན་བཅས་མཉམ་དུ་དགོང་ཟས་ལ་རོལ་ནས་ཁ་བརྡ་བྱས་པས་མི་མང་པོ་ཞིག་ནས་ད་རེས་ངོས་ཀྱི་མ་ལེ་ཤའི་འགྲུལ་བཞུད་དེ་ཧ་ཅང་ཐུང་དྲག་པའི་བསམ་འཆར་དང་ཁ་ཤས་དངོས་སུ་འཕྲད་དུས་མིག་ནས་མཆི་མ་ཤོར་མཁན་ཀྱང་འདུག ངས་ནི་སང་ལོ་ཟླ་བ་འགའ་ལ་འདུག་རྒྱུའི་གྲ་སྒྲིག་བྱེད་ནས་ཡོང་ཞེས་ཚང་མ་ལ་སེམས་གསོ་འདྲ་བྱས། སྤྱིར་གཏང་རྒྱ་རིགས་འདི་རྣམས་གཏོང་ཕོད་ཆེ་ཞིང་། སེམས་པ་དཀར་བ། ཆོས་ལ་རྨོངས་དད་ཆེ་བ་སོགས་གནས་སྐབས་ཇ་ཚེའི་ཤག་པོ་ཞེས་པའི་དཔེ་ལྟར་དུ་ཧ་ཅང་བཟང་ཀྱང་ཁོར་ཡུག་འདི་ཚ་བ་ཆེ་དྲག་པས་ངོས་ནི་ད་རེས་ཀྱི་འགྲུལ་བཞུད་སྐབས་སུ་གཉིད་མ་ཁུག་བ་དང་། ཚ་བ་འབར་བ་སོགས་ཀྱི་དཀའ་ངལ་མང་པོའི་རྐྱེན་བྱས་ནས་འདུག་ཐུབ་མ་སོང་། ལར་ནི་ངོས་ཀྱི་བསྡད་ས་ཀི་ལི་ཧྥོ་ཉ་ཁར་མེལ་ཞེས་པའི་ཁོར་ཡུག་འདིར་འཛམ་གླིང་སྒང་ལ་ཡོད་པའི་བདེ་བ་ཅན་གྱི་ཞིང་རེད་ཟེར་ན་ཕལ་ཆེར་མི་ཆོག་པ་མེད་པ་ལྟ་བུ་ཡིན། ས་གནས་དེར་ཡུན་རིང་བསྡད་པའི་ངན་ལོབ་ཏུ་སོང་བ་ཡིན་པ་འདྲ།
གང་ལྟར་ང་ནི་ཡུན་རིང་ཀི་ལི་ཧྥོ་རུ་བསྡད་པའི་རྐྱེན་གྱིས་གློ་བུར་དུ་མ་ལེ་ཤའི་ཚ་རོང་ནང་དུ་ཡོང་དགོས་བྱུང་བས་གཟུགས་པོའི་གནས་སྟངས་ཀྱིས་རྐྱེན་ནས་དེ་རིང་དགོང་མོ་ཆུ་ཚོད་དགུ་པའི་སྐབས་སུ་ཀི་ལི་ཧྥོ་ཉ་རུ་འགྲོ་དགོས་ཡོད་པས་ངོས་ཀྱི་དགེ་ཕྲུག་མང་པོ་ཞིག་ནས་མི་འདོད་པའི་རྣལ་འགྱུར་དང་མཚར་རྩེད་ཀྱི་ཚུལ་དུ།
 ཁྱེད་རང་ཨ་རིའི་འབྱོར་ལྡན་གྱི་སྦྱིན་བདག་དང་། ཨ་སྒོར་སྔོན་པོ་བཅས་རག་དུས་མ་ལེ་ཤའི་སློབ་མ་རྣམས་བརྗེད་ཚར་ཡོད་ས་རེད། 
ཞེས་ཁ་མཚར་གྱི་ཚུལ་དུ་ཟེར་མཁན་མང་པོ་འདུག 
དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཨེ་པོ་དང་། རྒྱོ་ཧོར། ཀོ་ལ་ལམ་བུ་སོགས་ངོས་ཀྱི་སློབ་མ་རྣམས་ཀྱིས་རྣམས་ཀྱིས་གནམ་ཐང་དུ་བསྐྱལ་བྱུང་། གནམ་ཐང་ནས་སློབ་མ་རྣམས་ལ་གྱེས་བྲལ་གྱི་ལག་གཡུགས་དང་། འཐམ་འཁྱུད་སོགས་ཅི་རིགས་བྱས་པས་མང་པོ་ཞིག་ནས་མིག་ཆུ་གཏོང་བཞིན་འདུག

དུས་བཞིར་འགྱུར་བ་མེད་པ་ཀི་ལི་ཧྥོ་ཉ།།
དམ་ཚིག་བརྩེ་གདུང་ལྡན་པ་ཆོས་གྲོགས་ཕོ་མོ།།
ས་ཆ་གང་དུ་སོང་ཀྱང་ཡིད་ལ་འཁོར་གིན།།
མི་འབྲལ་ལྷན་ཅིག་འགྲོགས་པའི་སྨོན་ལམ་ཡོད་དོ།།
ནམ་མཁའ་ཐང་དུ་ལྷུང་འདྲ་ཁར་མེལ་རྒྱ་མཚོ།།
ཡོམ་ཡོམ་མིག་ལ་མཛེས་པ་རྒྱ་མཚོའི་རྦ་རླབས།།
བསིལ་རླུང་ལུས་ལ་རེག་པའི་བདེ་བ་དེ་ཉིད།།
ས་ཆ་གང་དུ་སོང་ཀྱང་བརྗེད་ཐབས་བྲལ་ཀི།
 

 

Tuesday, August 13, 2013

སིངྒ་པུར་ནས་དགེ་ཕྲུག་འགའ་ཐུག་འཕྲད་ལ་སླེབས་པའི་ཉིན་མོ།

མ་ཐུག་ཡུན་རིང་སོང་བའི་ངོས་ཀྱི་དགེ་ཕྲུག་ཞིག་དང་མཉམ་དུ།
མ་ལེ་ཤའི་ལྷོ་ཕྱོགས་སུ་ཡོད་པའི་ཨེའི་པོ་ངོས་ཀྱི་ཆོས་ཚོགས་ནས་རླངས་འཁོར་ཆུ་ཚོད་བདུན་ཙམ་གྱིས་ཆོད་པའི་མ་ལེ་ཤའི་བྱང་ཕྱོགས་རྒྱོ་ཧོར་ཞེས་སིངྒ་པུར་ཐག་ཉེ་ཞིག་ཏུ་ཀརྨ་པའི་དགོན་པ་ཞིག་ནང་དུ་ངོས་ཀྱི་སློབ་མ་འགའ་དང་ཆེད་དུ་ཐུག་ཕྲད་ལ་སོང་། སིངྒ་པུར་ལ་ཡོད་པའི་ངོས་ཀྱི་དགེ་ཕྲུག་འགའ་ཤས་དེ་རིང་ང་ལ་ཆེད་དུ་ཐུག་ཕྲད་ལ་འབྱོར་སོང་། སིངྒ་པུར་ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་ཀརྨ་བསོད་ནམས་འདི་རྒྱ་རིགས་ཚོང་པ་འབྱོར་ལྡན་ཞིག་ཡིན་པ་མ་ཟད་ལོ་བདུན་བརྒྱད་ཡར་སྔོན་བལ་ཡུལ་དུ་ངོས་ཀྱི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་ལ་སྦྱིན་བདག་གནང་མཁན་ཞིག་ཀྱང་ཡིན། དེ་རིང་སློབ་མ་རྣམས་དང་འཕྲད་པའི་སྐབས་མ་འཕྲད་ཡུན་རིང་སོང་བའི་སྟབས་ཀྱིས་མིག་ནས་མཆི་མ་མི་གཏོང་མཁན་ཕལ་ཆེར་མི་འདུག ཁོང་ཚོས་ནམ་རྒྱུན་ང་ལ་ར་གན་གསེར་རློན་གྱི་དད་འདུན་ཆེན་པོ་ཅན་ཤ་སྟགས་ཡིན། ང་ནི་ཨ་རིའི་མི་སེར་གྱི་ལག་ཁྱེར་ལ་རེ་བ་བྱས་ནས་ལོ་བཞི་ཙམ་ཞིག་མ་ལེ་ཤ་དང་སིངྒ་པུར་སོགས་ངོས་ཀྱི་དགེ་ཕྲུག་རྣམས་དང་ཆོས་ཀྱི་འབྲེལ་བ་ཕར་ཞོག་མང་ཤོས་ལ་ཕལ་ཆེར་ལ་ཁ་པར་གྱི་འབྲེལ་བ་ཙམ་བྱེད་ཐུབ་མ་སོང་། རྒྱ་རིགས་འདི་རྣམས་ནི་རང་བཞིན་གྱིས་སེམས་ཆུང་ཞིང་། གཏོང་ཕོད་ཡངས་པ། ཆོས་དང་བླ་མ་ལ་དད་པ་ཆེན་པོ་ཅན་ཞིག་ཡིན་སྟབས་དེ་རིང་ཡང་ལག་ཏུ་ཤོག་ཁུག་དམར་པོ་ཕྱག་རྒྱ་དང་བཅས་ངོས་ཀྱི་མདུན་ཅོག་ནི་ཤོག་ཁུག་དམར་པོས་ཁེངས་སོང་། ཕར་ལའང་ཁོ་རང་ཚོའི་འདོད་པ་ལྟར་དུ་མགོ་ཐོག་ཏུ་གའུ་བཞག་ནས་བཀའ་བསྒོ་དང་སྲུང་འཁོར་སོགས་ཁོ་རང་ཚོའི་ཐུགས་འདོད་ལྟར་གང་དྲག་བྱས།

མ་ལེ་ཤ་རུ་སླེབས་དུས།།
མ་འཕྲད་ཡུན་རིང་སོང་བའི།།
དགེ་ཕྲུག་རྣམས་དང་འཕྲད་དུས།།
མིག་ནས་མཆི་མ་གཏོང་གིན།།
ཕར་ལ་བཀའ་བསྒོ་བྱས་དུས།།
ཚུར་ལ་ཤོག་ཁུག་སྤྲད་བྱུང་། 
ཟས་གོས་གནས་མལ་བྱས་སོང་། 
སྒོར་ཁུག་འཐུག་པོ་ཆགས་སོང་། 

Monday, August 12, 2013

ཆོས་ཚོགས་སུ་བདེ་ཆེན་ཞིང་སྒྲུབས་འཚོགས་པའི་ཉིན་མོ།

ཆོས་ཚོགས་ཀྱི་སློབ་མ་འགའ་དང་མཉམ་དུ།
ཉིན་མོ་འདི་ནི་ངོས་ཀྱི་ཆོས་ཚོགས་སུ་བདེ་ཆེན་ཞིང་སྒྲུབས་འཚོགས། ངོས་ལོ་གསུམ་རིང་ས་གནས་འདིར་མ་འབྱོར་བའི་སྟབས་ཀྱིས་ཁ་སང་ཆོས་ཚོགས་ལ་འབྱོར་བའི་སྐབས་སུ་ང་ནི་རྗེ་བཙུན་མི་ལ་རས་པ་ཕ་ཡུལ་ལ་སླེབས་པ་ནང་བཞིན་རེད་འདུག མི་ལ་རས་པ་མར་པའི་མདུན་ནས་ཕ་ཡུལ་ལ་འབྱོར་བའི་སྐབས་སུ་མ་རྒན་གྲོངས་ཞིང་། སྲིང་མོ་ས་མཐར་འཁྱར་བ། ཁང་པ་ཐིག་པས་བརྡུང་བ། ས་ཞིང་འཇག་སྐྱས་ཕྱུར་བ་སོགས་ཀྱི་གནས་སྟངས་ལྟར་ངོས་ཀྱི་ཆོས་ཚོགས་རྙིང་པ་ཆགས་ཤིང་། སློབ་མ་རྣམས་འཐོར་བ། ཡོན་བདག་ཁ་ཤས་ཤི་བ་སོགས་རེད་འདུག མི་ལའི་མགུར་ཞིག་ལ། 
བུ་ང་ཡོད་དུས་མ་རྒན་མེད།། 
མ་རྒན་ཡོད་དུས་བུ་ཉིད་མེད།། 
གཉིས་ཀ་འཛོམས་དུས་སྙིང་པོ་མེད།། 
བུ་ངས་སྙིང་པོའི་ལྷ་ཆོས་བྱེད།།
སྲིང་མོ་ཡོད་དུས་ཨ་ཇོ་མེད།།
ཨ་ཇོ་སླེབས་དུས་སྲིང་མོ་འཁྱར།། 
གཉིས་ཀ་འཛོམས་རུང་སྙིང་པོ་མེད།། 
བུ་ངས་སྙིང་པོའི་ལྷ་ཆོས་བྱེད།།
ས་ཞིང་ཡོད་དུས་བདག་པོ་མེད།།
བདག་པོ་སླེབས་དུས་འཇག་སྐྱས་ཕྱུར།།
གཉིས་ཀ་འཛོམས་རུང་སྙིང་པོ་མེད།།
བུ་ངས་སྙིང་པོའི་ལྷ་ཆོས་བྱེད།།
ཞེས་གསུངས་པ་ལྟར་ངས་ཀྱང་དེ་རིང་མགུར་ཞིག་འཐེན་ན་བསམ།
སློབ་མ་ཡོད་དུས་བླ་མ་མེད།། 
བླ་མ་སླེབས་དུས་ཡོན་བདག་འཐོར།།
གཉིས་ཀ་འཛོམས་རུང་སྙིང་པོ་མེད།། 
བུ་ངས་སྙིང་པོའི་ལྷ་ཆོས་བྱེད།།
ཆོས་ཚོགས་ཡོད་དུས་བླ་མ་མེད།།
བླ་མ་སླེབས་དུས་ཆོས་ཚོགས་རྙིང་།
གཉིས་ཀ་འཛོམས་རུང་སྙིང་པོ་མེད།།
 བུ་ངས་སྙིང་པོའི་ལྷ་ཆོས་བྱེད།།
 ཅེས་མི་ལའི་མགུར་དང་མཚུངས་པ་ཁ་ཤས་ཁེར་འདོན་བྱེད་བཞིན་ཆོས་ཚོགས་རྙིང་པ་དེར་བལྟ་བཞིན་སེམས་ལ་སྐྱོ་བ་འདྲ་ཞིག་སྐྱེས་བྱུང་། རྒྱ་རིགས་འདི་རྣམས་ཨ་གསར་ཆེ་བས་སྔར་ཡོད་ངོས་ཀྱི་སློབ་མ་རྣམས་ནི་རེ་ཟུང་ལས་མ་གཏོགས་ཕལ་ཆེར་ནི་ཆོས་ཚོགས་དང་བླ་མ་གཞན་པ་རྣམས་ཀྱི་རྗེས་སུ་ཞུགས་ཚར་ནས་མི་འདུག ནམ་རྒྱུན་ཆོས་ཚོགས་ཀྱི་ལས་བྱེད་འགའ་ཤས་དང་འབྲེལ་ཡོད་རྣམས་ལ་ཁ་པར་གྱིས་འབྲེལ་བ་བྱས་ནས་དེ་རིང་བདེ་ཆེན་ཞིང་སྒྲུབས་ཞིག་འཚོགས་པས་མི་གྲངས་ཉི་ཤུ་ཙམ་ཞིག་འཛོམས་ཐུབ་ཙམ་བྱུང་། འདོན་པ་དབུ་མ་བཟུང་བའི་གོང་ནས་ངས་དབྱིན་ཇི་ཆགས་རོ་དེ་རྒྱབ་ནས་མ་ཐུག་ཡུན་རིང་སོང་བའི་འཐོར་བསྡུས་ཀྱི་སློབ་མ་འདི་རྣམས་ལ་འདིར་ཡོང་དོན་དང་འབྲེལ་ཆོས་གཏམ་ཁ་ཤས་བྱས་པས་ངོས་ལ་སྙིང་ནས་དཀར་བའི་སློབ་མ་འགའ་ཡིས་དགའ་དྲག་ནས་མིག་ནས་མཆི་མ་གཏོང་བཞིན་འདུག ཉིན་གུང་རྒྱབ་ཏུ་འོད་དཔག་བྱང་ཆོག་མདོར་བསྡུས་ཞིག་དང་བཅས་ཀྱིས་དེ་རིང་གི་ཆོ་ག་དེ་མཚམས་བཞག
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Friday, August 9, 2013

ཅ་དངོས་བོར་སྟོར་བྱུང་བའི་ཉིན་མོ།

གནམ་ཐང་ནས་དགེ་ཕྲུག་འགའ་དང་མཉམ་དུ།
ཉེ་ཆར་བྱེས་བགྲོད་ཀྱི་སྐབས་སུ་ཁ་སང་ཉིན་ཐོའི་ནང་བཞིན་གནམ་ཐང་མང་པོ་རྗེ་དགོས་བྱུང་བ་དང་། མ་ཟད་ཉེ་བའི་ཆར་ཉིའུ་ཡོག་ལ་བདུན་གཉིས་རིང་ཆོས་བཤད་དང་། མི་ལ་ཐུག་འཕྲད་སོགས་ལས་བྲེལ་གྱིས་ཐང་ཆད་པའི་རྐྱེན་བྱས་ནས་འགྱིག་ཤོག་ཞིག་ནང་དུ་ཨ་སྒོར་བཞི་བརྒྱ་དང་ཆོས་ཚོགས་ཀྱི་དངུལ་ཁང་འཛིན་བྱང་ཡོད་པའི་སྒོར་ཁུག་དང་མཉམ་དུ་ཉོས་ནས་ཟླ་ཤས་ལས་མ་སོང་བའི་ལག་འཛིན་ཁ་པར་iPhone བཅས་བོར་རླག་བྱུང་འདུག
ལར་ནི་ང་རང་མི་ཡི་རང་གཤིས་སུ་ཅ་དངོས་བདག་པོ་གཏན་ནས་རྒྱག་མི་ཤེས་པའི་ངན་ལོབས་སུ་སོང་བའི་མདོ་མེད་མི་འཁྱམས་ཞིག་ཡིན་སྟབས་ག་དུས་ཡིན་ནའང་མགོ་ཡི་ཞྭ་དང་། ལག་པའི་ཕྲེང་བ་སོགས་ཅ་དངོས་བོར་སྟོར་བྱུང་བ་ནི་ད་རེས་ཀྱི་ཐེངས་མ་གཅིག་འདི་ག་ལ་ཡིན། ངོས་ཀྱི་དགེ་ཕྲུག་རྣམས་ནས་ད་རེས་ཅ་དངོས་བོར་རླག་བྱུང་བ་དེར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག ཨ་རི་ལ་ཁ་པར་གཏང་ནས་གང་མགྱོགས་དངུལ་ཁང་སྒོ་རྒྱག་དགོས་པའི་ཉེན་བརྡ་གཏང་བ་ཡིན། བོར་སྟོར་བྱུང་བའི་སྒོར་ཁུག་ནང་དུ་ཆོས་ཚོགས་ཀྱི་དངུལ་བྱང་དང་། ང་རང་སྒེར་གྱི་དངུལ་བྱང་བཅས་ཡོད། 
བོར་སྟོར་བྱུང་བའི་དངུལ་དང་ཁ་པར་སོགས།།
སྤྲང་པོ་ནོར་དང་འཕྲད་པ་ཇི་བཞིན་དུ།། 
ཉམ་ཆུང་མི་ཞིག་ལག་ཏུ་སོན་གྱུར་ནས།།
ཕན་ཐོག་བདེ་དགེའི་དཔལ་ལ་སྤྱོད་པར་ཤོག།
ཤོ་ལོ་ཀའི་ཚིགས་བཅད་འདིས་དགེ་བསྔོ་བྱས་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 


Thursday, August 8, 2013

མ་ལེ་ཤ་རུ་སོང་བའི་ཉིན་མོ།

གནམ་ཐང་ཟུར་ནས་བླངས་པའི་པར་ཞིག
ཉིན་མོ་འདི་ནི་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་མ་ལེ་ཤ་རུ་ཡོད་པའི་ངོས་ཀྱི་ཆོས་ཚོགས་སུ་འགྲོ་རྒྱུ་དེ་ཡིན་པས་ཉིའུ་ཡོག་གནམ་ཐང་ནས་ཀོ་རི་ཡའི་གནང་ཐང་བརྒྱུད་བྱས་ནས་མ་ལེ་ཤའི་གནམ་ཐང་དུ་འགྲོ་དགོས་པས་ངོས་ཀྱི་དགེ་ཕྲུག་ཀརྨ་ཆོས་སྒྲོན་གཟའ་ཟླ་གཉིས་ནས་གནམ་ཐང་དུ་བསྐྱལ་བྱུང་། ཨ་རིའི་གནམ་ཐང་ནས་ཅ་དངོས་ཡོངས་རྫོགས་རྔོག་གཤེར་བྱེད་པ་མ་ཟད་མགོ་ཞྭ་རྐང་ལྷམ་ཚུན་ཆད་ཕུད་ནས་ཞིབ་གཤེར་བྱེད་ཀྱི་འདུག ངས་ནི་རྒྱབ་ཁུག་ཕྲག་ཏུ་གཟར། གནམ་གྲུའི་རྐུབ་སྟེགས་ཀྱི་འཛིན་བྱང་ལག་ཏུ་བཟུང་ནས་གཟུགས་པོ་དངུལ་ནག་ཕ་ལེ་རྐུབ་སྟེགས་ཨང་གྲངས་B32 བཅེར་བཞིན་གནམ་གྲུའི་སྒོ་ཆེན་C23 དུ་སོང་བས་གནམ་གྲུ་ཕལ་ཆེར་འཕུར་རན་འདུག དེ་ནས་ཉིའུ་ཡོག་གནམ་ཐང་ནས་ཀོ་རི་ཡའི་གནམ་ཐང་ལ་ཆུ་ཚོད་བརྒྱད་ཙམ་འཕུར་དགོས་འདུག ཀོ་རིའི་ཡའི་གནམ་ཐང་ནས་ཆུ་ཚོད་བདུན་ཙམ་རིང་གནམ་གྲུ་སྒུག་དགོས་བྱུང་། གནམ་ཐང་དུ་རྐུབ་སྟེགས་ཐོག་ཏུ་འཇོ་ལ་མགོ་སྔས་བྱས། འདྲུད་སྒམ་ཟུར་དུ་བཞག ལག་ཏུ་ཟིན་པའི་འགྱིགས་ཁུག་ཞིག་གི་ནང་དུ་སྒོར་ཁུག་དང་། ཉོས་ནས་ཟླ་གསུམ་ལས་མ་ཟིན་པའི་iPhone བཅས་ཟུར་དུ་བཞག་ནས་རྐུབ་སྟེགས་ཐོག་ཏུ་འཕྲེད་ཉལ་བྱས་ནས་ངལ་གསོ་བྱས་པས་ཉེ་ཆར་ཉིའུ་ཡོག་ནས་མི་ལ་ཐུག་འཕྲད་དང་ཆོས་བཤད་སོགས་བྲེལ་ཟིང་གིས་རྐྱེན་ནས་གཟུགས་པོ་ཐང་ཆད་འདུག་པས་ལམ་སང་ཆུ་ཚོད་བཞི་ལྷག་ཙམ་རིང་གནམ་ཐང་དུ་གཉིད་དུ་ཤོར་འདུག གཉིད་སད་སྐབས་སུ་གཡས་གཡོན་རྣམས་སུ་རྒྱ་རིགས་སློབ་ཕྲུག་མང་པོས་སྐད་ཅོར་གྱིས་ཁེངས་འདུག ལག་འདོགས་ཆུ་ཚོད་ལ་བལྟ་ཙམ་བྱས་དུས་གནམ་གྲུ་འཕུར་རན་འདུག འཇོ་ལ་ཕྲག་ཏུ་གཟར། འདྲུད་སྒམ་ལག་གིས་འཐེན་ནས་མིག་སྐྱག་འཕྱི་བཞིན་ཅི་ཞིག་བོར་ནས་འཚོལ་མཁན་དང་འདྲ་བར་ཁ་ནམ་མཁར་གདངས་ནས་གནམ་ཐང་རྒྱུགས་འདུར་བྱས་པས་གནམ་གྲུའི་རྗེས་ཟིན་ཙམ་བྱུང་། གནམ་གྲུའི་རྐུབ་སྟེགས་ཨང་གྲངས་A13ཐོག་ཏུ་བསྡད་པས་གཡས་ཟུར་འདུག་རོགས་ཉི་ཧོང་ཕོ་གསར་ཞིག་རེད་འདུག ཀོ་རི་ཡའི་གནམ་ཐང་ནས་མ་ལེ་ཤཱ་ཀོ་ལ་ལམ་བུའི་གནམ་ཐང་བར་ཡང་སྐྱར་ཆུ་ཚོད་དགུ་ལ་འཕུར་དགོས་འདུག་སྟབས་དེ་རིང་གི་མཁའ་ལམ་རིང་པོ་དེ་འདྲ་དེ་སྔ་ཕན་ཆོད་འགྲོ་མ་མྱོང་། 
ཉིན་རྒྱབ་ཆུ་ཚོད་གསུམ་པའི་སྐབས་སུ་ཀོའུ་ལ་ལམ་བུའི་གནམ་ཐང་དུ་བབས་ཐུབ་ཙམ་བྱུང་བས་ད་རེས་ཀྱི་བྱེས་བགྲོད་དེས་སུན་དྲགས་ནས་གནམ་གྲུ་ས་ཐོག་ཏུ་བབས་པ་དང་མཉམ་དུ་སེམས་ལ་སྐྱིད་པོ་འདྲ་ཞིག་བྱུང་། མ་ལེ་ཤའི་གནམ་ཐང་རྒྱལ་སྒོའི་འགྲམ་ཟུར་ནས་ཨེ་པོའུ་དང་། ཀོའུ་ལ་ལམ་བུ་སོགས་ས་གནས་མ་འདྲ་བ་ནས་སླེབས་པའི་ངོས་ཀྱི་ཆོས་གྲོགས་དགེ་ཕྲུག་འགའ་ཡིས་ལག་ཏུ་ཁ་གཏགས་བཟུང་ནས་ངོས་ལ་ཡོང་སྒུགས་བྱས་འདུག གནམ་ཐང་ཟུར་ནས་ཚིག་ཇ་འཐུང་ས་སྟབས་བདེ་ཞིག་ནང་དུ་སོང་ནས་མ་ཐུག་ཡུན་རིང་སོང་བའི་དགེ་ཕྲུག་རྣམས་དང་ལྷན་ཁམས་འདྲི་དང་སྦྲགས་ཅུང་ཟད་བསྡད། དེ་ནས་ངོས་ཀྱི་ཆོས་ཚོགས་འགན་འཛིན་ཀརྨ་ཐུབ་བསྟན་རླངས་འཁོར་ནང་དུ་ཞུགས་ནས་ཕན་ཚུན་ལབ་གླེངས་བྱེད་བཞིན་ཨེ་པོའུ་ཞེས་གནམ་ཐང་ནས་ཆུ་ཚོད་གསུམ་ཙམ་གྱི་སར་ཡོད་པའི་ངོས་ཀྱི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་ལ་གཏད་ནས་ཤར་རྒྱགས་སོང་། 

Thursday, August 1, 2013

ཉིའུ་རྗེར་སེའི་ངོས་ཀྱི་སློབ་མ་རྣམས་དང་ཐུག་འཕྲད་བྱས་པའི་ཉིན་མོ།

སློབ་མ་འགའ་དང་མཉམ་དུ་ཉིའུ་རྗེར་སེའུ།
ཞོགས་པ་ལང་ནས་དགེ་ཕྲུག་ཆོས་མིང་དུ་ཀརྨ་ཆོས་སྒྲོན་ནམ་ཨེ་སེའི་མེ་རའི་རྡའི་མཉམ་དུ་ངོས་ཀྱི་དགེ་ཕྲུག་འགའ་དང་ཐུག་འཕྲད་ཀྱི་ཆེད་དུ་ཉིའུ་རྗེར་སེའི་ལ་སོང་། ཀརྨ་ཆོས་སྒྲོན་ཀྱི་གྲོགས་མོ་ཞིག་ནང་དུ་སོང་ནས་མི་གྲངས་བཅུ་ཙམ་མཉམ་དུ་ཞོགས་ཟས་ལ་རོལ། མི་རིགས་འདི་རྣམས་ནི་ལྷོ་ཨ་མི་རི་ཀའི་གླིང་ཕྲན་ཀོ་ལམ་བྷེ་ནས་ཡིན་པ་ཤ་སྟག་རེད། ཀརྨ་ཆོས་སྒྲོན་འདི་ཀོ་ལམ་བྷེ་ནས་ཡིན་པས་ངོས་ཀྱི་འབྲེལ་ཡོད་དགེ་ཕྲུག་རྣམས་ཀྱང་མང་ཤོས་ཀོ་ལམ་བྷེ་དང་བྷི་ར་ཛིལ་སོགས་ནས་ཡིན། དེ་རིང་ཐུག་འཕྲད་བྱེད་སའི་ཁྱིམ་ཚང་འདི་ཧ་ཅང་འབྱོར་ལྡན་ཞིག་རེད་འདུག མ་རྒན་ལོ་ན་བརྒྱད་བཅུ་གྱ་གསུམ་ལ་སླེབས་པའི་རྒན་མོ་ཞིག་ལ་ཁང་པ་ཐོགས་རྩེགས་གསུམ་ཅན་ཧ་ཅང་ཡག་པོ་ཞིག་འདུག རྒན་མོ་དེ་ཡི་ཆོ་ག་གྲོངས་ནས་ཟླ་བ་གཉིས་མ་ཟིན་ཙམ་རེད་འདུག དེ་རིང་ངོས་ཀྱི་ཡོང་དོན་ནི་ཆོ་ག་དེ་ཡི་ཆེད་དུ་བསྔོ་སྨོན་འདོན་རྒྱུ་དེ་རེད་འདུག་པས་ཆོ་ག་གྲོངས་སའི་ཁང་མིག་ནང་དུ་བཟང་སྤྱོད་ཚར་གཅིག་དང་ཆགས་མེད་བདེ་སྨོན་ཚར་གཅིག་བཅས་བསྔོ་སྨོན་གང་དྲག་བྱས་པ་ཡིན། འདོན་པ་ཚར་མ་ཐག་བོད་ལུགས་ལྟར་དུ་ཁ་གཏགས་ཀྱིས་གཡོགས་པའི་ཤོག་ཁུག་ཞིག་སྤྲད་བྱུང་བས་དགོང་མོ་ཤོག་ཁུག་སྒོ་ཕྱེས་དུས་ཨ་སྒོར་ལྔ་བརྒྱ་བཞག་འདུག་སྟབས་འདོན་པ་དུས་ཚོད་དང་བསྟུན་ན་འབུལ་བ་མང་པོ་རགས་པ་ཐེངས་རེ་ཙམ་ཡིན་སྟབས་ནམ་རྒྱུན་བསྔོ་ཞུས་ཀྱི་བུ་ལོན་རྣམས་ཟུར་འཇོག་བྱས་ཡོད་པས་དེར་བཞག་ནས་གང་མགྱོགས་རྒྱ་གར་ལྷོ་ཕྱོགས་བདེ་ཆེན་ཞིང་སྒྲུབས་ཀྱི་འཚོགས་ཁང་གསར་རྒྱགས་བྱེད་བཞིན་པ་དེར་སྐུར་རྒྱུའི་སྟ་གོན་བྱས། ཉིན་རྒྱབ་ཆུ་ཚོད་གཅིག་ཙམ་གྱི་སར་ཡོད་པའི་vajradhara meditation center ངོས་ཀྱི་སློབ་མ་ཀརྨ་རྡོ་རྗེའི་ཆོས་ཚོགས་སུ་སོང་ནས་དྭགས་པོའི་ཆོས་བཞིའི་བཤད་ཁྲིད་མདོར་བསྡུས་བྱས་ནས་བདེ་ཆེན་ཞིང་སྒྲུབས་ཀྱི་དཔེ་ཆ་དང་ངོས་ཀྱི་སྙིང་གཏམ་ཆོས་ཀྱི་བདུད་བརྩི་ཞེས་པའི་དེབ་ཆུང་སོགས་རྔན་པ་སྤྲད་པས་དེར་ཡོད་དགེ་ཕྲུག་རྣམས་མ་ཐུག་རྒྱུན་རིང་སོང་བས་མང་ཆེ་བ་མིག་ཆུ་འདོན་བཞིན་འདུག དེར་ནུབ་དགེ་ཕྲུག་ཡེ་ཤེས་ཆོས་སྒྲོན་ནང་དུ་བསྡད་ནས་ད་ལྟ་ཉིན་རྒྱབ་ཡེ་ཤེས་ཆོས་སྒྲོན་དང་། བསོད་ནམས་བཟང་མོ་གཉིས་ནས་དགེ་ཕྲུག་ཀརྨ་ཆོས་སྒྲོན་ནང་དུ་བསྐྱལ་བྱུང་། དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།