Sunday, November 24, 2013

ལྷ་བབས་དུས་ཆེན་གྱི་ཉིན་མོ།

སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ།
ཉིན་མོ་འདི་ནི་བདག་ཅག་གི་སྟོན་པ་ཉིད་སུམ་བཅུ་རྩ་གསུམ་ལྷ་ཡུལ་དུ་མ་ཡུམ་དང་ལྷ་རྣམས་ཀྱི་ཆེད་དུ་ཕེབས་ནས་མར་མི་ཡུལ་དུ་ཕེབས་པའི་དུས་ཆེན་གྱི་ཉིན་མོ་ལྷ་བབས་དུས་ཆེན་ཞེས་མཛད་པ་བཅུ་གཉིས་ཀྱི་ནང་ནས་ཡ་གྱལ་དུ་གྱུར་པ་གཅིག་ཡིན། དེ་རིང་གི་ཉིན་མོ་འདི་ནི་ནང་པ་ཡོངས་དང་ལྷག་པར་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྣམས་ཀྱིས་ཚོགས་བསགས་སྒྲིབ་སྦྱང་ཡར་མཆོད་མར་སྦྱིན་སོགས་བྱེད་པའི་ལུགས་སྲོལ་བཟང་པོ་ཞིག་ཀྱང་ཡོད། ངས་ཀྱང་དེ་རིང་ཞོགས་པ་ནས་བཟུང་སྟེ་ད་ནུབ་བར་ཐུབ་ཆོག་དང་གནས་བརྟན་ཕྱག་མཆོད་མཛད་བཅུ་སོགས་རང་འཁོས་ཁ་འདོན་དགེ་སྦྱོར་གང་དྲག་བྱས་ནས་ནང་དུ་བསྡད།
མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ལ་འཇིག་མེད་མི་ཡི་སེངྒེ་སྟོན་པ་མཉམ་མེད་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཛད་ཆེན་བཅུ་གཉིས་རེ་རེ་བཞིན་དུ་འདོན་བཞིན་དད་པས་མིག་ནས་མཆི་མ་འགའ་ཤོར། 
ལར་ནི་བོད་བརྒྱུད་ནང་བསྟན་ཆོས་འདི་ཆོས་ལུགས་གཞན་གྱི་མཁས་པ་འགའ་ཡིས་རྩེད་མོའི་ཚུལ་དུ་བླ་མའི་ཆོས་ལུགས་རེད་ཅེས་བཤད་མཁན་ཡོད་པར་དཔྱད་ན་དངོས་གནས་འདྲ་བོ་ཞིག་ངས་ཀྱང་སྔ་ནས་མཐོང་གི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་སྐབས་ཀྱི་བླ་མའི་ཁྱད་ཆོས་རྣམས་མར་དྲུད་ཡོང་ནས་མི་མང་སྤྱི་ཚོགས་ཁྲོད་དུ་མིང་འདྲ་མི་འདྲ་ཁུར་ནས་བོད་དགོན་རེ་ཟུང་གི་བདག་པོ་རེད་ཚར་དུས་རང་ཉིད་ཀྱི་འཁྲུངས་སྐར་དང་འདས་མཆོད་སོགས་ལ་འགྲོ་སོང་འཕངས་མེད་གཏངས་ནས་སྲུང་གཙི་བྱེད་པ་ལས་བདག་ཅག་རྣམས་ཀྱི་ཆུ་མགོ་གངས་ལ་ཐུག་པའི་དཔེ་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཡི་འཁྲུངས་སྐར་སྲུངས་གཙི་བྱེད་རྒྱུ་ཕར་ཞོག་འཁྲུངས་ལོའི་ལོ་ཚིག་དང་། འདས་ལོ་སོགས་ཀྱང་ཕལ་ཆེར་མི་ཤེས་མཁན་ཧ་ཅང་མང་པོ་ཡོད། 
ལོ་སྔོན་མར་ངོས་ཀྱི་དྲ་གྲོགས་འགའ་ནས་སངས་རྒྱས་ཀྱི་འཁྲུངས་སྐར་ལ་Card འམ་ཤོག་བྱང་འགའ་བཟོས་ནས་ངོ་དེབ་དང་དྲ་ངོས་སུ་ཡོད་པ་ཁ་ཤས་མཐོང་བའི་སྐབས་སུ་སེམས་ནང་ལ་དགའ་སྐྱོ་གཉིས་ཀ་ཡོང་གི་འདུག གང་ཡིན་ཟེར་ན་འབྱུང་ལ་ཉེ་བའི་ཡེ་ཤུའི་སྟོན་པའི་དུས་ཆེན་Christmas འདི་འཛམ་གླིང་ནང་ནས་ཆེས་དུས་ཆེན་རྩ་ཆེ་ཤོས་ཞིག་ལ་ཆགས་ནས་མི་ལོ་ལྔ་བཅུ་དྲུག་བཅུ་ཟིན་ཚར་ཡོད།   

དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment