Tuesday, December 31, 2013

སྤྱི་ལོའི་ལོ་གསར་དགུང་མོ།

དོ་ནུབ་ཀྱི་དགོང་མོ་འདི་ནི་ཕྱི་ལུགས་ལྟར་དུ་2013 ལོའི་ནང་ལོ་གཅིག་དང་། ཟླ་བ་བཅུ་གཉིས། ཞག་སུམ་བརྒྱ་དྲུག་བཅུའི་ཐ་མའི་ཉིན་མོ་དང་། སང་ཉིན་ཞོགས་པ་2014 ལོའི་གསར་ལོ་ཚུར་ལ་འཆར་བའི་ཉིན་མོ་ལོ་གཉིས་ཀྱི་བར་ཉིན་མོ་འདིར་ངོས་ཀྱི་དགེ་ཕྲུག་འགའ་དང་སློབ་མའི་གུང་སང་སྐབས་སུ་ཆེད་དུ་སླེབས་པའི་ངོས་ཀྱི་ཚ་མོ་ཆུང་བ་བདེ་ཆེན་བཅས་ང་ཚོ་མཉམ་དུ་ཕྱི་ལུགས་ལྟར་དུ་དགོང་མོའི་ཟ་མ་མཉམ་བཟའ་བྱས་པ་མ་ཚད་ཁང་སྦུགས་སུ་མེ་གཏངས་ནས་རྐང་སྐྱོང་ལག་རྒྱངས་ཀྱིས་ཕན་ཚུན་དྲན་ཚད་ཀྱི་ཁ་བརྡ་ལ་རོལ་ནས་དགོང་མོ་ཆུ་ཚོད་བཅུ་གཉིས་མ་ཟིན་ཙམ་དུ་བསྡད་པས་ཚང་མ་དགའ་བོ་བྱུང་སོང་། སྤྱིར་གཏང་བོད་ལུགས་ཀྱི་ལོ་གསར་དང་ཕྱི་ལུགས་ཀྱི་ལོ་གསར་གཉིས་ལུགས་སྲོལ་སོགས་མི་འདྲ་བ་མང་པོ་འདུག བོད་ལུགས་ཀྱི་ལོ་གསར་ལྟར་དུ་བྱས་ན་དེ་རིང་གི་ཉིན་མོ་འདི་ནི་ངོས་ཀྱི་ནང་ཆེན་བའི་གཏམ་དཔེར། མི་ཡི་གནམ་སྟོང་དེ་ཁྱི་ཡི་ཚེས་པ་གཅིག་ཞེས་དེ་རིང་ནི་ཁྱི་ཡི་ལོ་གསར་ཟེར་ནས་ཁྱི་རྣམས་ལ་ཟས་ལྷག་མ་སྟེར་བའི་དུས་ཆེན་ཞིག་ཡིན། སང་ཉིན་ཞོགས་པ་ནས་བཟུང་སྟེ་མི་ཡི་ལོ་གསར་ངོ་མ་དེ་ཡིན།  གང་ལྟར་ལུང་པ་འདིར་སླེབས་དུས་ཡུལ་པའི་ལུགས་སྲོལ་ལ་གཙི་འཇོག་དགོས་པ་ནང་བཞིན་ཕྱི་ལོའི་ལོ་གསར་ལ་མཉམ་རོལ་བྱས། ལར་ནི་ངོས་ཀྱི་དགེ་ཕྲུག་མང་ཆེ་བས་ཕྱི་ལུགས་ཀྱི་ལོ་གསར་ལས་བོད་ཀྱི་ལོ་གསར་ལ་དོ་སྣང་ཆེ་བ་ཡོད། 

Friday, December 27, 2013

བདེ་ཆེན་དབྱངས་སྐྱིད་འབྱོར་བའི་ཉིན་མོ།

བདེ་ཆེན་དང་མཉམ་དུ་གནམ་ཐང་ནས།
འདི་ལོར་ཨ་རི་ལ་སློབ་སྦྱོང་ཆེད་དུ་འབྱོར་བའི་ངོས་ཀྱི་ཚ་མོ་ཆུང་བ་བདེ་ཆེན་དབྱངས་སྐྱིད་དགུན་ཁའི་གུང་སང་དང་བསྟུན་ནས་ང་ལ་ཐུག་འཕྲད་དུ་འབྱོར་སོང་།  ངོས་ཀྱི་དགེ་ཕྲུག་ཆོས་དབྱིངས་སྒྲོལ་མ་དང་ངེད་གཉིས་གནམ་ཐང་ལ་དགོང་མོ་ཆུ་ཚོད་བརྒྱད་པའི་སྐབས་སུ་སོང་བས་ཆུ་ཚོད་བཅུ་པ་ཏག་ཏག་སྐབས་སུ་བདེ་ཆེན་དབྱངས་སྐྱིད་གནམ་ཐང་སྒོ་ཆེན་འགྲམ་ནས་བུད་སོང་། 
ལུང་པ་འདིའི་ལུགས་སྲོལ་ལྟར་དུ་ངེད་ཚ་ཞང་གཉིས་ཕན་ཚུན་འཐམ་འཁྱུད་བྱས་ཤིང་ཁམས་འདྲི་དང་ཞོར་དུ་འདྲུད་སྒམ་དེ་ཁུར་མ་དྲུད་བྱས་ནས་སྒོ་ཆེན་ཕྱི་ལོགས་སུ་ཐོན།  རླངས་འཁོར་ནང་དུ་ཞུགས་ནས་རྒྱ་གར་ལྡི་ལིའི་མཐོ་སློབ་ནང་དུ་ཡོད་པའི་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་དང་མཉམ་དུ་སྐད་གཏོངས་ཆ་འཕྲིན་ནང་ནས་ངེད་ཚ་ཞང་གསུམ་ད་རེས་དངོས་སུ་ས་གནས་གཅིག་ཏུ་ལྷན་འཛོམས་མ་བྱུང་ཡང་སྐད་ཆ་བཤད་རེས་བྱེད་བཞིན་ནང་དུ་འབྱོར། 
ངོས་ཀྱི་ཚ་མོ་གཉིས་པོ་འདི་དང་ཉིའུ་ཡོག་ལ་ཡོད་པའི་ཚ་བོ་བཀྲ་ཤིས་རྡོ་རྗེ་འདི་གསུམ་པོ་ནི་ངོས་ཀྱི་སྤུན་ཆེ་བའི་ཕྲུག་གུ་རྣམས་རེད། ཁོང་གསུམ་ནི་ཉིས་སྟོང་གཅིག་ལོར་སྔ་ཕྱི་རིམ་བཞིན་རྒྱ་གར་དུ་འབྱོར་ནས་ཚ་མོ་འདི་གཉིས་བོད་གཞུང་སློབ་གྲར་དམའ་རིམ་སློབ་མ་ནས་བཟུང་སྟེ་ད་བར་འཛིན་རིམ་རྣམས་ཐོད་རྒལ་བྱས་ནས་སོང་བ་ལས་ཐེངས་གཅིག་ལའང་ཡིག་རྒྱུག་རྗེས་ལུས་ཐེབ་མྱོང་མེད། 
བོང་བུའི་རང་སྟུག་གསེར་རློམ་མིན་ཏེ་ངོས་ཀྱི་ཚ་བོ་ཚ་མོ་འདི་རྣམས་ནི་གཉོམ་ཆུང་ཡ་རབ་བཟང་སྤྱོད་དང་ལྡན་པ་ཤ་སྟག་ལས་མ་རབ་ཐ་ཤལ་གཏན་ནས་མེད།  ལྷག་པར་དུ་བདེ་ཆེན་དབྱངས་སྐྱིད་འདི་ནི་རང་སྟོབས་ཀྱིས་འབུ་ནག་གྱང་ནས་འཛེག་པ་ནང་བཞིན་བོད་གཞུང་སློབ་མའི་ནང་ནས་རྒྱུགས་འབྲས་རྩེ་ཕུད་ཀྱི་བྱ་དགའ་མང་པོ་བླངས་ནས་ལོ་གསུམ་གོང་ནས་བོད་གཞུང་ནས་དབྱིན་ལན་ལ་སློབ་སྦྱོང་ལ་གཏངས་ཞིང་ལོ་གཉིས་རིང་སློབ་སྦྱོང་བྱས། འདི་ལོར་ཨ་རིའི་མཐོ་རིམ་སློབ་གྲ་ཞིག་ནང་ལོ་བཞིར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་དེ་རིང་དགུན་ཁའི་གུང་སང་དང་བསྟུན་ནས་ང་སར་ཡོང་བ་ཐེངས་མ་དང་པོ་ཡིན།  ངས་ཀྱང་ད་རེས་ཚ་མོ་ཐེངས་མ་དང་པོར་འདིར་ཡོང་བའི་སྐབས་སུ་རང་འཁོས་འཇོན་ཚོད་སྣེ་ལེན་གང་དྲག་དང་། ས་ཆ་གང་སར་སྤྲོ་བསང་ལ་ཁྲིད་པའི་གྲ་བསྒྲིགས་ཨང་སར་ཡོད། 

ཨེ་ཤ་ཡའི་རླུང་འཕྲིན་ཁང་ལ་སྐད་ཆ་བྱས་པའི་ཉིན་མོ།

ད་ནང་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་མགོ་སྔས་ཟུར་ནས་ཁ་པར་གྱི་ཐིར་སྒྲ་ཞིག་ཡོད་པ་དེ་ནི་ཁ་སང་དུས་ཆད་བྱས་པའི་ཨེ་ཤ་ཡའི་རླུང་འཕྲིན་ཁང་ཁམས་སྐད་སྡེ་ཚནནས་རྒན་ཚེ་དབང་ནོར་བུ་ལགས་རེད་འདུག  དེ་ནི་ཉེ་བའི་ཆར་ངོས་ཀྱི་ཕ་དགོན་ནང་ནས་མཁན་པོ་ཀར་ཚེ་རྒྱ་ནག་གཞུང་ནས་འཛིན་བཟུང་བྱས་པའི་སྐོར་སྐད་ཆ་བཤད་རྒྱུ་དེ་རེད། ཁོང་ནས་ཟེར་ན་སྐར་མ་དགུ་གཅིག་པུ་ཡོད་པས་ཚིག་ཉུང་ལ་དོན་འདུས་པ། སྒྲ་དག་ལ་སྒྲོས་གཙང་བ་ཞིག་དགོས་ཟེར། ངས་ཀྱང་དེ་བཞིན་ཁས་བླངས་ནས་མཁན་པོ་འཇུ་བཟུང་བྱེད་དགོས་དོན་ཇི་ཡིན་དང་། ད་ལྟའི་དགོན་པའི་གནས་སྟངས་སོགས་སྐར་མ་དགུ་ཡི་ནང་ནས་ཚར་བར་བྱས་ནས་བཤད། 

Tuesday, December 24, 2013

ཡེ་ཤུའི་འཁྲུངས་སྐར་ཉིན་མོ།

ཡེ་ཤུའི་འཁྲུངས་སྐར་ལ་ཤིས་ཤོག
ཉིན་མོ་འདི་ནི་ཡེ་ཤུའི་སྟོན་པ་མ་ཤི་ཀ་སྐུ་འཁྲུངས་པའི་དུས་ཚེས་ཁྱད་པར་ཅན་ཞིག་ཡིན་སྟབས་སྔ་ནས་དུས་ཆད་བྱས་པ་ནང་བཞིན་བོད་པའི་བུ་མོ་རྡོ་རྗེ་སྒྲོལ་མ་ཞེས་འདུག་རོགས་དབྱིན་ཇི་ཡིན་པའི་མི་ཚང་ཞིག་ནང་དུ་ཉིན་གུང་ཟ་མ་ལ་ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཨ་མ་སུས་སིན་ངེད་གཉིས་མཉམ་དུ་སོང་།   ཁོ་རང་གཉིས་ནས་བོད་ཟས་དང་ཨ་རིའི་ཟ་མ་སོགས་ཟས་རིགས་མང་པོ་ཞིག་བཟོས་ནས་སྒུག་འདུག  ངེད་གཉིས་ནས་ཀྱང་ལམ་བར་ཚོང་ཁང་ནང་ནས་ཉོས་པའི་མེ་ཏོག་དང་ཤིས་ཤོག་བཅས་ལག་རྟགས་སུ་ཕུལ།  ཁ་བརྡ་བྱེད་བཞིན་ཉིན་གུང་ཟ་མ་ལ་མཉམ་དུ་རོལ། 
ལར་ནི་ངོས་ཀྱི་དགེ་ཕྲུག་མང་ཆེ་བས་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་དང་དབྱིན་ཇིའི་ལོ་གསར་ལས་༧གོང་ས་སྐྱབས་མགོན་ཆེན་པོའི་འཁྲུངས་སྐར་དང་བོད་ཀྱི་ལོ་གསར་ལ་དགའ་བོ་བྱེད་ཀྱི་ཡོད།  དེ་ནས་དགོང་མོ་ཆུ་ཚོད་ལྔ་པའི་སྐབས་སུ་ནང་དུ་འབྱོར་བས་དགེ་ཕྲུག་ལིན་ཌེའི་དང་གཞན་ཁག་ཅིག་ནས་དགོང་ཟས་གྲ་རྒྱས་པོ་ཞིག་བཟོས་ནས་སྒུགས་འདུག་ཀྱང་དེ་རིང་ནི་སྤྲང་པོའི་སློང་ཟས་ཉིན་གཅིག་གི་དཔེ་ལྟར་བཟའ་རྒྱུ་མང་དྲགས་པས་དགོང་ཟས་ཟ་སྙིང་ཆེར་མི་འདོད་ཀྱང་ཁོང་ཚོའི་ཟ་རོགས་ཀྱི་ཚུལ་དུ་དགོང་ཟས་ཉུང་ཙམ་ཟོས། གསར་དུ་ཉོས་པའི་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་ལག་ཁྱེར་དེ་སྒོ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནས་རྒྱངས་ལྟ་ཞིག་བྱས་དུས་ཉེ་ཆར་ངོས་ཀྱི་ཕ་དགོན་ནང་ནས་མཁན་པོ་ཀར་ཚེ་འཇུ་བཟུངས་བྱས་པའི་རྗེས་སུ་ཁ་སང་ཡང་སྐྱར་དགོན་པའི་དགེ་བསྐོས་དང་། གཉེར་པ་སོགས་དགེ་འདུན་པ་གཙོ་ཆེ་གྲས་མི་བཅོ་ལྔ་ཙམ་འཛིན་བཟུང་བྱས་ནས་སྐྱེ་དགུ་མདོའི་བཀག་དོམ་ཁང་དུ་ཡོད་པའི་གནས་ཚུལ་འདུག  
ང་ལ་དེང་སང་སྡུག་གི་ཁུར་པོ་སྣོན་མ་ཞིག་པ་ཡོད་པ་དེ་ནི་མིས་སྨོན་རང་སྐྱིད་ལུང་རྟོགས་གཉིས་ཀྱི་ལྟེ་གནས་ངོས་ཀྱི་ཕ་དགོན་དེ་དང་དགོན་པ་དེ་ཉིད་ནས་དཀའ་བ་བརྒྱ་དང་ངལ་བ་སྟོང་ལ་མ་འཛེམས་པར་ནང་ཆེན་ལ་ལོ་ལྟར་རེ་ཞིག་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དེ་གཉིས་ལ་རྒྱ་ནག་གཞུང་ནས་སྡང་པོ་བྱེད་ས་དཔེར་ན་སོ་ནང་གི་སྲིན་བུ་མིག་ནང་གི་ལིང་ཐོག་ཞིག་ཏུ་གྱུར་ནས་ཡུན་རིང་སོང་ཡོད་སྟབས་གང་འདྲ་རེད་ཡོང་ན་བསམ་པའི་སེམས་ཁྲལ་དེ་ཡིན།  


Friday, December 20, 2013

ངོས་ཀྱི་ཕ་དགོན་ནང་གི་མཁན་པོ་འཇུ་བཟུང་།

ང་ཡི་དགོན་པའི་ནང་གི་མཁན་པོ་ཀར་ཚེ་ལགས།
ཉེ་བའི་ཆར་དྲ་ཚིག་དང་ངོ་དེབ་གསར་ལམ་ཁག་སོགས་ནས་གནས་ཚུལ་ཐོན་གསལ་ལྟར་དུ་བྱས་ན། ཁམས་ནང་ཆེན་ཇ་པ་དགོན་ནམ་དགོན་ཞབས་དགོན་པའི་མཁན་པོ་ཀར་ཚེ་སི་ཁྲོན་ཁྲི་འདུ་ནསའཛིན་བཟུང་བྱས་འདུག ཇ་པ་དགོན་ནི་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་སློབ་མ་འཇང་གྲྭ་སངས་རྒྱས་དཔལ་བཟང་དང་།  བྱ་བཏང་ཐར་པ་རྒྱལ་མཚན་གཉིས་ནས་ཕྱག་བཏབས་པའི་སྟོད་ལུང་མཚུར་ཕུའི་དགོན་ལག་ཞིག་ཡིན། དགོན་པ་འདི་ནི་ངོས་ཀྱི་ཕ་དགོན་ངོ་མ་ཡིན་པ་མ་ཟད་ལྔ་བཅུ་ང་དགུའི་ལོའི་རྗེས་ནས་ཆོས་ལུགས་སླར་གསོའི་སྐབས་ང་དང་འདྲ་བ་བན་ཆུང་རྣམས་ཆོས་ཞུགས་བྱས་ནས་དགོན་པའི་ནང་གི་ལྷ་ཁང་དང་སོ་སོའི་གྲྭ་ཤག་བཅས་ས་གནས་མི་མང་དང་མཉམ་དུ་རང་འགུལ་གྱིས་གསར་གཞེངས་བྱས། དགོན་པ་འདིར་ཁྲི་ཐོབ་ཀྱི་བླ་སྤྲུལ་དགུ་ཙམ་ཡོད་པས་ཀུན་གྱིས་དགོན་ཞབས་བླ་དགུ་མ་ཞེས་འབོད་སྲོལ་ཡོད། རིག་གནས་གསར་རྗེའི་རྗེས་སུ་དགོན་པའི་ནང་དུ་བླ་མ་གཉིས་ཡོད་པ་ནི་གཙོ་བོ་བསྟན་པའི་བདག་པོ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དང་། དཔལ་འབར་སྤྲུལ་སྐུ་གཉིས་ཡིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་བཙོན་ཁང་ནང་དུ་མི་ལོ་ཉེར་གཉིས་རིང་བཞུགས་དགོས་བྱུང་ཡོད།  ཁོང་ནི་ཆོས་དང་སྲིད་གང་གི་ཆ་ནས་ཡིན་ཀྱང་ནང་ཆེན་བའི་སྡེ་དགོན་རྣམས་ལ་ཧ་ཅང་དཀའ་དྲིན་ཆེན་པོ་ཡིན་པ་མ་ཟད་རྒྱ་བོད་གང་ལ་འཕྲད་ཀྱང་འཛེམས་ཟོན་མེད་པར་ངོ་གདོང་གཏུགས་ནས་ཁ་ཐུག་སྐད་ཆ་བཤད་ཐུབ་མཁན་ཞིག་ཡིན། ༡༩༩༥ ལོར་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ནང་ཆེན་ལ་ཕེབས་པའི་སྐབས་སུ་ཞལ་དྲོན་མོའི་ནང་ནས་འདི་ལྟར་གསུངས་མྱོང་ཡོད།
 ནང་ཆེན་ལ་བུ་དཔའ་བོ་རྒྱབ་ཆད་གཅིག་རང་འདུག་དེ་ནི་བླ་རྒན་སངས་རྒྱས་བསྟན་འཛིན་ཟེར་བ་དེ་རེད།
སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ནས་རྒྱ་མིའི་པན་ཆེན་རྫུན་བཟོའི་གཡོ་སྒྱུ་ལ་སྐྱེ་དགུ་མདོ་ནས་མི་མང་འཚོགས་འདུའི་སྐབས་སུ་ངོས་ལེན་གཏན་ནས་མེད་པའི་སྒྲགས་གཏམ་སྤེལ་བ་དང་རྒོལ་བྱེད་ཐུབ་མཁན་ཁོང་གཅིག་པུ་ཡིན། 
 དགོན་པ་འདིར་གྲྭ་བཞི་བརྒྱ་ལྷག་ཙམ་ཡོད་དགོན་པའི་འཚོགས་གྲྭ་དང་། ཟུར་དུ་བཤད་གྲ་དང་གཞན་སྒྲུབས་སྡེ་གཉིས་ཡོད། ༡༩༩༤ ལོར་དགོན་པའི་བཤད་གྲྭ་ཐོག་མ་གསར་འཛུགས་བྱས་ཤིང་སྐབས་དེ་དུས་རིན་པོ་ཆེའི་བཀའ་ལྟར་གནའ་དཔེར། བུ་མེད་དུས་བུ་མོའི་ཧོར་འདུག་བྱེད་ཅེས་པ་ལྟར་ངས་མཁན་པོའི་མིང་ཐོག་མར་ཁུར་དགོས་བྱུང་། ང་ནི་དགོན་པ་འདི་ཡི་མཁན་པོ་དང་པོ་དེ་ཡིན་ཅེས་བཤད་ཀྱང་མི་ཆོག་པ་མེད། ད་ལྟ་འཇུ་བཟུང་བྱས་པའི་མཁན་པོ་ཀར་ཚེ་འདི་ནི་དེ་ཡི་སྐབས་སུ་གྲྭ་ཆུང་རིག་པ་རྣོན་པོ་ཅན་ཞིག་ཡོད།
ང་མི་འདོད་བཞིན་དུ་དགོན་པ་ནས་ས་མཐར་འཁྱར་བའི་རྗེས་སུ་མཁན་པོ་ཀར་ཚེ་སོགས་དགོན་པའི་གྲྭ་ཆུང་འགའ་གསེར་རྟ་ཆོས་སྒར་ལ་ཕེབས་ནས་སློབ་སྦྱོང་བྱས་རིམ་ཁྲོད་མཁན་པོ་ཀར་ཚེ་འདི་དགོན་པའི་མཁན་པོ་གཉིས་པ་རུ་ཆགས། ཁོང་ནི་ལོ་བཅུ་གྲངས་ཞིག་ནང་ནས་དགོན་ཞབས་དགོན་པ་གཅིག་པུ་ཙམ་མ་ཡིན་པར་ནང་ཆེན་བའི་སྡེ་དགོན་ཚང་མས་གཙི་བཀུར་ཧ་ཅང་ཆེ་བ་མ་ཟད་ཕན་ཐོག་ཧ་ཅང་ཆེན་པོ་བྱུང་ཡོད་སྐད་འདུག ཁོང་ནི་བོད་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་ལ་ཧ་ཅང་ཐུགས་ཁུར་གནང་མཁན་ཞིག་ཀྱང་ཡིན། ད་རེས་ཁོང་རྒྱ་ནག་གཞུང་ནས་འཛིན་བཟུང་བྱེད་དགོས་དོན་ནི་སྔ་ལོར་ཀརྨ་དགོན་པའི་ནང་དུ་མི་ཞིག་ནས་སྐུ་ལུས་མེར་བསྲེགས་གཏང་བ་དང་། དེ་རྗེས་དགོན་པའི་ཟུར་དུ་ཡོད་པའི་རྒྱ་མིའི་ལས་དོན་རུ་ཁག་གི་ཁང་པར་འབར་རྫས་གས་སྟོར་བྱུང་བ་མ་ཟད་དགོན་པའི་མཁན་པོ་གཉིས་རྒྱ་ནག་གཞུང་ནས་མ་ཉེས་ཁ་ཡོག་གིས་བཙོན་འཇུག་བྱས་པ་སོགས་ལ་འབྲེལ་བ་ཡོད་པར་བསྙད་ནས་མཁན་པོ་ཀར་ཚེ་དགོན་པའི་གཞུང་དོན་གྱི་སྐབས་སུ་སི་ཁྲོན་ཁྲི་འདུ་ལ་ཕེབས་པའི་སྐབས་མཚན་མོ་ཆུ་ཚོད་དང་པོའི་སྐབས་སུ་མགྲོན་ཁང་ནང་ནས་འཇུ་བཟུང་བྱས་ནས་ད་ལྟ་གར་ཡོད་ཤེས་མཁན་མི་འདུག 

སྐྱབས་གཅིག་འཁོར་ལོའི་མགོན་པོ།།
དྲིན་ཅན་བུདྡྷའི་མཚན་ཅན།།
ལྟོས་བཅས་སློབ་འབངས་བཞག་ནས།།
ཞིང་དུ་ཕེབས་སྔ་བྱས་སོང་།།

ཉམ་ཆུང་སྡེ་དགོན་རྣམས་དང་།།

ཁྱེད་ཀྱི་འཁོར་དང་འབངས་མི།།
ཉིན་མཚན་འཁྱོལ་བར་དཀའ་བའི།།
དུ་ཁ་འདི་ཉིད་སུས་བཟོད།།

རིག་གསར་ཁྲག་མཚོའི་རྦ་རླབས།།

སླར་ཡང་བོད་རིགས་རྣམས་ལ།།
ཉ་མོ་སྐམ་ལ་བཏོན་འདྲའི།།
སྡུག་བསྔལ་འདི་ལ་གཟིགས་སམ།།


Thursday, December 19, 2013

སོ་ཕུད་པའི་ཉིན་མོ།

སྨན་ཁང་ནས་སོ་བཀོག་བཞིན་པ།
ཉིན་མོ་འདི་ནི་སྔ་ནས་དུས་ཆད་བྱས་པ་ནང་བཞིན་སོ་ཡི་སྨན་ཁང་ནང་དུ་འགྲོ་དགོས་པ་དེ་ཡིན།  བདུན་ཕྲག་གཉིས་གོང་ནས་འགྲམ་ཕུག་ཏུ་སོ་ལྷག་ཆེན་པོ་ཞིག་སྐྱེ་འདུག་སྟབས་སྨན་པ་ཐེངས་མ་གཉིས་ལ་བསྟེན་ཀྱང་སོ་མ་བཀོག་ན་མི་འགྲིག་ཚུལ་ལུང་པ་གང་བཤད་བྱུང་། ང་ལ་སོ་བཀོག་འདོད་གཏན་ནས་མེད་ཀྱང་ཆུ་ཆེན་པོའི་ཁ་ནས་གྲུ་བ་བཙན་ཞེས་པའི་དཔེ་ལྟར་ངོས་ཀྱི་དགེ་ཕྲུག་འགའ་དང་སྨན་པ་སོགས་ཚང་མས་འདོད་པ་ལྟར་སོ་བཀོག་རྒྱུ་བྱས། དེ་རིང་ནི་སྔར་ནས་དུས་ཆད་བྱས་པ་ནང་བཞིན་སོ་ནད་སྨན་ཁང་ནང་ཞིག་ནང་དུ་སོང་བས་སྨན་པ་ཕོ་གསར་ལྟད་གཟོ་དོད་མདོག་ཅན་དེས་སོ་ལ་ཡང་ནས་བརྟགས་དཔྱད་ཐེངས་གཅིག་བྱས་ནས་ནད་པའི་ཉལ་ཁྲིའི་སྒང་དུ་གན་རྐྱལ་དུ་བསྙལ་བྱུང་། རྐན་ཕུག་ཏུ་སྦྲིད་སྨན་རྒྱབ་ནས་སྐར་ཆ་འགའ་ཡི་རྗེས་སུ་རྐན་བཤའ་བཅོས་ཅུང་ཙམ་རྗེས་ནས་སོ་ལྷག་ཉིད་མིག་ལམ་དུ་དམར་ཙ་རེ་བཏོན་སོང་། 
སྨན་པ་དང་ནད་གཡོག་སོགས་ཚང་མས་ང་ལ་དངངས་སྐྲག་དང་སྡར་སྐད་མེད་པའི་ནད་པ་བཟང་རབ་བསྟོད་བསྔགས་he is good patient. ཞེས་ངོས་ཀྱི་རྣ་ཁུང་གཉིས་ནས་སིབ་སིབ་གོ་གི་འདུག 
དེ་ནས་ཨ་མ་སུས་སིན་དང་དེ་རིང་སྨན་ཁང་དུ་འགྲོ་སོང་གི་སྦྱིན་བདག་ཀིར་སེའུ་གཉིས་དང་མཉམ་དུ་ནང་དུ་ལོགས་ནས་ངལ་གསོ་བྱས། 

Wednesday, December 18, 2013

པདྨ་འོད་གསལ་གླིང་མཆོད་རྟེན་གཟུངས་སྒྲུབས་ལ་སོང་བའི་ཉིན་མོ།

བླ་མ་མཐར་ཕྱིན་ཕྱག་རྩལ་ལས་ཐོན་པའི་གུ་རུའི་སྣང་བརྙན།
སྔགས་པ་བླ་མ་བསོད་ནམས་དང་། པདྨ་འོད་གསལ་གླིང་སློབ་མ་འགའ་ཡི་རེ་བ་ལྟར་དུ་སྔ་ནས་དུས་ཆད་བྱས་་པ་ནང་བཞིན་པདྨ་འོད་གསལ་གླིང་ལ་སོང་། ངོས་ཀྱི་ཆོས་གྲོགས་བླ་མ་མཐར་ཕྱིན་རིན་པོ་ཆེ་ཞིང་དུ་མ་ཕེབས་གོང་ནས་བདུད་འཇོམས་ཡབ་སྲས་རྣམ་གཉིས་ལ་སྐུ་གདུང་རེ་གཞེངས་རྒྱུའི་འཆར་གཞིའི་ཡོད་པ་རེད། ད་རེས་སྐུ་གདུང་གཉིས་པོའི་གཟུངས་སྒྲུབས་ཀྱི་ཆེད་དུ་སོ་ན་བའི་ཟུག་གཟེར་ཆེ་མིན་ལ་མ་ལྟོས་པར་འགྲོ་དགོས་བྱུང་། གཟུངས་སྒྲུབས་ཉིན་གསུམ་རིང་བླ་མ་བསོད་ནམས་དང་། སྤྲུལ་སྐུ་འཇམ་དབྱངས། འབྲུག་ནས་ཡིན་པའི་མཁན་པོ་བསོད་ནམས་ཞེས་འབོད་པའི་སྐྱེ་དམན་མཉམ་དུ་ཡོད་པའི་བླ་མ་སྔགས་ཆས་ཅན་ཞིག་དང་། ཡོལ་མོ་ནས་ཡིན་པའི་སྔགས་པ་ཀུ་མར་སོགས་སྡོམས་པས་མཁན་པོ་སྔགས་འཆང་ཕོ་མོ་བདུན་བཅུ་མ་ཟིན་ཙམ་ཞིག་འདུག སྔ་དྲོ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་དྲི་མེད་རྣམ་གཉིས་ཀྱི་གཟུངས་སྒྲུབ་ཆོ་ག་དང་། ཉིན་རྒྱབ་ཏུ་པདྨའི་སྙིང་པོའི་བརྒྱུད་དང་། ཆོས་དབྱིངས་མཛོད་སོགས་བརྒྱུད་ནས་གསུངས་པ་ལྟར་ཀ་ལ་པིངྐའི་སྒྲ་དབྱངས་ལྟར་དུ་མགོ་སེར་བུ་མོ་གཞོན་ནུ་མ་འགའ་ཡིས་རྫོགས་ཆེན་སྒར་འདེབས་ཀྱི་དབྱངས་ལྟ་ལ་སྐྱོན་ནས་འཚོགས་མང་དང་མཉམ་དུ་ཀློག ངས་ནི་སྔ་ལོར་ཞིང་གཤེགས་བླ་མ་མཐར་ཕྱིན་རིན་པོ་ཆེའི་མདུན་ནས་བདུད་འཇོམས་ཕུར་པ་སྦུ་གྲི་རེག་ཕུང་དང་། གཞན་གཏེར་ཁ་བདུན་འདུས་སོགས་ཀྱི་དབང་ཁྲིད་མི་ཉུང་བ་ཞིག་ཐོབ་པའི་སློབ་མར་སོང་། ད་རེས་ངོས་ཀྱི་གའུ་ནང་དུ་སྲོག་ལྟར་གཅེས་ནས་ཉར་བའི་ཤ་རིའི་བུའི་རིང་བསྲེལ་དེ་བླ་མ་མཐར་ཕྱིན་རིན་པོ་ཆེའི་སྐུ་གདུང་ནང་ཟུང་འཇུག་གི་ཆེད་དུ་ཞལ་འདེབས་སུ་ཕུལ་བས་སྔགས་པ་བསོད་ནམས་གཙོས་དེར་ཡོད་ཀྱི་དགེ་སློབ་རྣམས་ཧ་ཅང་དགའ་བོ་བྱས་སོང་། རིང་བསྲེལ་འདི་ཉིས་སྟོང་དྲུག་ལོར་གནས་རྟེན་སྡེ་བའི་རིང་ལུགས་འཛིན་ཅིང་ལྟ་བ་རྟེན་འབྲེལ་བཅུ་གཉིས་དང་། སྒོམ་པ་བྱང་ཕྱོགས་སོ་བདུན། སྤྱོད་པ་སྦྱང་ཡོན་བཅུ་གཉིས་ལ་གནས་པའི་ནང་པའི་རྒྱལ་ཁབ་ཆེན་པོ་འབར་མ་ལ་སོང་བའི་སྐབས་སུ་ཡུལ་དེའི་སྐད་གྲགས་ཅན་གྱི་དགེ་སློང་སིན་དེན་གྷ་ནས་ཤ་རིའི་བུའི་རིང་བསྲེལ་རྡོག་མ་ལྔ་གནང་བྱུང་བས་གཅིག་༧གོང་ས་སྐྱབས་མགོན་ཆེན་པོ་ལ་ཕུལ་ཞིང་གསུམ་བོད་ལ་བསྐུར་བ་ཡིན། གཅིག་དེ་རིང་འདིར་ཞལ་འདེབས་སུ་ཕུལ་བས་ང་ཡང་དགའ་བོ་བྱུང་སོང་།

པདྨ་འོད་གསལ་གླིང་གི་དགེ་སློབ་འདི་རྣམས་ཀྱིས་ང་ལ་ར་གན་གསེར་རློམ་གྱི་དཔེ་ལྟར་ཤིན་ཏུ་ནས་ཀྱང་དགའ་བོ་བྱེད་ཀྱི་ཡོད། ཉིན་ཐ་མའི་མཛད་སྒོ་གྲོལ་བའི་སྐབས་སུ། 
ང་ཚོ་མ་བརྗེད་ཡང་ཡང་ཕེབས་རོགས། 
ཞེས་སློབ་མ་འགའ་ཡིས་ངུ་ངག་དང་བཅས་རེ་ཞུས་བྱེད་ཀྱི་འདུག  དེ་ནི་ཉེ་བའི་ཆར་བླ་མ་མཐར་ཕྱིན་རིན་པོ་ཆེ་ཞིང་དུ་ཕེབས་ནས་དཔེར་ན་བླ་མ་མེད་པའི་དགོན་པ། ཕ་རྒན་མེད་པའི་ནང་མི་ཞེས་པའི་དཔེ་ལྟར་གྱུར་འདུག་པས་ངས་ཀྱང་གནས་སྐབས་རིང་སྔགས་པ་བསོད་ནམས་ཀྱི་ཕྱག་རོགས་གང་ཐུབ་བྱེད་རྒྱུ་ཁས་ལེན་བྱས་ནས་དགོང་མོ་ཨ་མ་སུས་སིན་ངེད་གཉིས་ནང་དུ་ལོགས།

Tuesday, December 10, 2013

ཡང་སྐྱར་སོ་ཡི་སྨན་ཁང་ལ་སོང་བའི་ཉིན་མོ།

དེ་རིང་ནི་སྔ་ནས་དུས་ཆེད་བྱས་པ་ནང་བཞིན་སུས་སིན་དང་། ཀར་སེའུ་གཉིས་མཉམ་དུ་ཉིན་རྒྱབ་ཆུ་ཚོད་དང་པོའི་སྐབས་སུ་སོ་ནད་སྨན་ཁང་ནང་དུ་སོང་། སྨན་ཁང་ལས་གཡོག་གཞོན་ནུ་མ་ཞིག་ནས་ངོ་འཛུམ་ཁ་འཇམ་དང་བཅས་པའི་སྒོ་ནས་ངོ་ལེན་བྱས། ཅུང་ཙམ་འགོར་རྗེས་ངོས་ཀྱི་སོ་ཡི་སྨན་པ་དེ་སླེབས་བྱུང་བས་ཡང་སྐྱར་ངོས་ཀྱི་སོ་ལ་གློག་པར་གྱིས་བརྟག་དཔྱད་ཐེངས་མ་གཉིས་པ་བྱས་སོང་།
ཁོང་ནས་ཟེར་ན་རྐན་ཕུག་ཏུ་ཕན་ལས་གནོད་ཆེ་བའི་སོ་ལྷག་ཆེན་པོ་ཞིག་སྐྱེ་འདུག་གང་མགྱོགས་མ་བཀོག་ན་ཡག་པོ་མེད་ཚུལ་ལུང་པ་གང་བཤད་སོང་། ངས་ཀྱང་དེར་མོས་མཐུན་མི་བྱེད་ཀ་མེད་དུ་གྱུར། གང་ཡིན་ཞེ་ན་ང་ནི་ནད་པ་དང་ཁོང་ནི་སྨན་པ་ཡིན་པས་སོ། 
སྤྱོད་འཇུག་ལས་ཀྱང་། 
སྨན་པའི་ངག་མ་ཉན་ན་སྨན་དག་གིས།། 
བཅོས་དགོས་ནད་པ་སོས་པ་ག་ལ་འགྱུར།།
ཞེས་གསུངས་པའི་དེ་རིང་ང་ལ་དགོས་པའི་བསླབ་བྱ་ཉིད་སེམས་ལ་འཁོར་བཞིན་བདུན་ཕྲག་རྗེས་མའི་གཟའ་ལྷག་པ་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་རྐན་ཕུག་གི་སོ་ལྷག་ཉིད་བཀོག་རྒྱུ་དུས་ཚོད་ལ་གན་རྒྱའི་མཚན་རྟགས་སོགས་བྱས། སྔ་ཕྱི་བརྟག་དཔྱད་བྱས་པ་དང་སོ་བཀོག་གླ་སོགས་ཚང་མ་ངོས་ཀྱི་དགེ་ཕྲུག་ཀར་སེའུ་ནས་སྦྱིན་བདག་བྱེད་རྒྱུ་བྱས་སོང་། 
ཀེར་སེའུ་ནི་འབྱོར་ལྡན་སྐད་གྲགས་ཅན་རྣམས་བསྡད་ཡུལ་ཁར་མེལ་ལ་བསྡད་མཁན་འབྱོར་ལྡན་མ་ཞིག་ཡིན། སློབ་མ་བྱས་ནས་ལོ་ཕྱེད་ཀ་ལས་མ་སོང་ཡང་དེ་སྔ་ཕན་ཆོད་ཡར་འགྲོ་མར་འགྲོའི་གནམ་གྲུའི་གླ་ཆ་དང་ཟས་གོས་སོགས་ཀྱི་རིན་པ་ཨ་སྒོར་ལྔ་སྟོང་ཙམ་ཞིག་ཟོས་ཚར། ལར་ནི་ཨ་རིའི་མགོ་སེར་འདི་རྣམས་ཀྱིས་རོགས་དངུལ་སྤྲད་པ་འདི་རྣམས་ཕལ་ཆེར་དཀོར་ཟས་སུ་མི་འགྲོ་ཤས་ཆེ། གང་ཡིན་ཞེ་ན་དད་པས་ཕུལ་བའི་རྫས་ཧ་ཅང་ཉུང་བས་སོ། བོད་རིགས་དང་རྒྱ་རིགས་རྣམས་ཀྱི་ཁྲོད་ནས་ཡོང་བའི་དངུལ་འདི་རྣམས་དཀོར་རྫས་ཡིན་པ་མ་ཟད་ལྷག་པར་དུ་བོད་ནང་ལོགས་སུ་བླ་མ་རྣམས་ལ་ཕུལ་བའི་དངུལ་སོགས་ནི་རྫ་དཔའ་སྤྲུལ་གྱིས།
དཀོར་ནག་པོ་སྲོག་གི་སྤུ་གྲི་འདི།། 
ཟོས་དྲག་ན་ཐར་པའི་སྲོག་རྩ་གཅོད།། 
ཅེས་གསུངས་ལྟར་ཤི་བོ་བརྒྱ་ཡི་རྣམ་ཤེས་དང་། གསོན་པོ་བརྒྱ་ཡི་སྐྱབས་བརྟེན་བཅས་ཡིན་པས་སོ།
 

Friday, December 6, 2013

ཆེས་རླབས་ཆེན་གྱི་གཙོ་འཛིན་ཞིག་སྐུ་གྲོངས་བའི་ཉིན་མོ།

ཕུལ་བྱུང་གི་དཔའ་བོ་Nelson Mandela
དེ་རིང་ཞོགས་པ་སྔ་བོར་ལངས་ནས་བསིལ་རླུང་ཁྲོད་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཆུ་ཚོད་གཅིག་ཙམ་བྱས་ནས་ནང་དུ་འབྱོར་ཞིང་ཞོགས་ཟས་མདོར་བསྡུས་ཚར་མ་ཐག་འཆར་ཅན་ལྟར་ཞོགས་པའི་ཁ་འདོན་རྣམས་ཚར་བར་བྱས། ཉིན་གུང་བར་གསེང་སྐབས་སུ་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་དུས་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཟུར་པ་ནེའུ་སོན་མེན་དྷ་ལའི་མཆོག་དགུང་གྲངས་༩༥ ཐོག་ཁ་སང་སྐུ་གྲོངས་པའི་གནས་ཚུལ་མཐོང་ཐོས་བྱུང་།
ནེལ་སིན་མན་ཌ་ལཱ་མཆོག་ནི་ཕྱི་ལོ་ ༡༩༡༨ ཟླ་ ༧ ཚེས་ ༡༨ ཉིན་ལྷོ་ཨ་ཧྥི་རི་ཀའི་ཤར་ཕྱོགས་ཀད་པུ་གྲོང་ཁྱེར་( Cape town)ཞེས་པར་སྐུ་འཁྲུངས་ཤིང་ ཁོང་ནི་ལྷོ་ཨ་ཧྥི་རི་ཀའི་མི་རིགས་དཀར་ནག་རིང་ལུགས་ཀྱི་སྲིད་ཇུས་ལ་ཞི་དྲག་གང་རུང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཤིང་བཙོན་ཁང་ནང་དུ་མི་ལོ་ཉེར་བདུན་ལ་བཞུགས་དགོས་བྱུང་ཤིང་མཐར་༡༩༩༠ ལོར་སྲིད་གཞུང་ལ་འགྱུར་བ་སོང་ནས་ཁོང་གི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ནས་འཛམ་གླིང་ནང་ཆེས་སྐད་གྲགས་ཆེན་པོ་བྱུང་། ༡༩༩༣ ལོར་ཁོང་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ། ༡༩༩༤ ལོར་ལྷོ་ཨ་ཧྥི་རི་ཀའི་ལོ་རྒྱུས་ཐོག་གི་མི་རིགས་ནག་པོའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་དང་། ༡༩༩༩ ལོར་ལྷོ་ཨ་ཧྥི་རི་ཀའི་མགོ་ཁྲིད་ནས་རྒན་ཡོལ་ཞུས་ཡོད།

དེ་རིང་གསར་འགྱུར་དང་གཟུགས་མཐོང་བརྙན་འཕྲིན་སོགས་ཀྱི་ནང་དུ་ཁོང་སྐུ་གྲོངས་
བའི་གནས་སྟངས་ཀྱིས་ལྷོ་ཨ་ཧྥི་རི་ཀའི་མི་རིགས་རྣམས་ཀྱིས་ཆེས་སྡུག་བསྔལ་བྱེད་པའི་
མྱོང་ཚོར་དེས་ང་ལ་ཤུགས་རྐྱེན་འདི་འདྲ་ཞིག་སླེབས་སོང་། 
ཞི་བདེའི་དེད་དཔོན་རླབས་ཆེན་གྱི་གཙོ་འཛིནNelson Mandela་ཁོང་གི་ཞེ་ཕུག་གི་
དམིགས་ཡུལ་ཉག་གཅིག་ནི་ལྷོ་ཨ་ཧྥི་རི་ཀའི་མི་རིགས་དབྱེ་འབྱེད་ཀྱི་འཐབ་རྩོད་ལས་
རྒྱལ་྄བ་དེ་རེད། དེ་རིང་ཁོང་གི་དམིགས་ཡུལ་འདོད་དོན་ཡོངས་སུ་འགྲུབ་ནས་རང་གི་
འབངས་མིའི་མཐའ་སྐོར་ཞིང་རང་གི་རྒྱལ་ཁབ་ནང་དུ་སྐུ་གྲོངས་པ་དེ་ནི་གནས་ལུགས་
དོན་མཐུན་ཤིག་ལ་ངོས་འཛིན་བྱེད་ཆོག
བོད་མི་ས་ཡ་དྲུག་པོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། ང་ཡི་དམར་ཆུང་སྙིང་གི་ཚི་ལུ་
དམར་པོ་དགུང་གྲངས་བརྒྱད་བཅུ་ལ་ཉེ་བའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་
གམ།  ཞེ་ས་མེད་པར་ཞུས་ན་གཞི་བྱེས་བོད་མི་གཉིས་ཀྱི་ངོ་སོ་མེད་པའི་གཡོག་རྒན་
འདིའང་བོད་མི་ཁག་གཅིག་གིས་བཀའ་བཅག ཐུགས་དཀྲུགས་སོགས་ཚུལ་མིན་གྱི་བྱེད་
སྟངས་འདི་ལ་བལྟས་ན་ཉི་མ་གཅིག་ལ་དེ་རིང་ལྷོ་ཨ་ཧྥི་རི་ཀའི་མི་རིགས་རྣམས་ལ་ཤར་
བའི་ཉི་མ་ནག་པོ་འདི་འདྲ་བ་ཞིག་བསོད་ཟད་བོད་མི་རྣམས་ཀྱི་མགོ་ཐོག་ཏུ་ག་དུས་ཤར་
ན་བསམ་པའི་སྡུག་གི་ལྟ་གོན་ཞིག་ཀྱང་བྱས་ནས་སེམས་སྐྱོ་ལྷང་ལྷང་ཉིན་ཐོ་འདི་བྲིས་
ནས་གཏངས་བ་ཡིན།།
 


Thursday, December 5, 2013

ཁ་འདོན་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

ཁ་འདོན་བྱེད་བཞིན་པའི་སྐབས་སུ་ཟུར་པར་ཞིག
དེ་རིང་ནི་གནམ་གཤིས་དེ་ཙམ་ཡག་པོ་མེད་སྟབས་ཁ་འདོན་བྱས་ནས་ནང་དུ་བསྡད་པ་ཡིན། ཐུགས་སྒྲུབ་ཕྲིན་ལས་འབྲིང་པོའི་ལས་བྱང་ཉིད་བཏོན་ནས་རྩ་གསུམ་བསྙེན་དམིགས་སྐབས་སུ་བསྐྱེད་རྫོགས་གང་ཤེས་ཀྱི་དམིགས་རྣམ་བསྐྱངས་ནས་ཐུན་བཟུང་། ཐུན་བར་དུ་ཅི་ཆ་མེད་པར་ཉམས་སྣང་འདྲེས་མའི་ཚུལ་དུ་སེམས་ལ་དགའ་ཚོར་ཆེན་པོ་ཞིག་སྐྱེས་བྱུང་། ཕལ་ཆེར་ས་སྟེང་འདིར་ང་ལས་བསོད་ནམས་ཆེ་བ་དང་སྐྱིད་པ་ཞིག་ཨི་ཡོད་ན་བསམ་པའི་ཚོར་སྣང་ཞིག་བྱུང་། 
ལར་ནི་བཀའ་དྲིན་མཚུངས་ཟླ་མེད་པ་སངས་རྒྱས་རློན་པ་མི་གཟུགས་སུ་བྱོན་པའི་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དང་། རི་ཡི་བུ་བྱས། ན་བོན་གྱི་གོས་གྱོན་ནས་མི་ཚེ་སྒྲུབ་ལ་གཞོལ་བའི་རྗེ་བཙུན་མི་ལ་གཉིས་པ་ལྷ་ཐོག་གྲུབ་ཆེན་ཀརྨ་ནོར་བུ་དང་། པཎ་ཆེན་བི་མ་ལ་མི་གཟུགས་སུ་བྱོན་པའི་ཁྲ་ཆོག་མཁན་ཆེན་ཀརྨ་ཚེ་བརྟན་སོགས་མཁས་གྲུབ་ཀྱི་སྐྱེ་བུ་མང་པོ་ཞིག་མདུན་ནས་དབང་ཁྲིད་གདམས་ངག་ཐོབ་པ་མ་ཟད་ཐོས་དོན་སྙིང་པོའི་དོན་ལ་བགྲང་བྱ་མང་པོར་ཉམས་ལེན་གང་ཐུབ་བྱས་པས་སྟོང་པ་ཉིད་ལ་དོན་སྤྱིའི་གོ་བ་རག་རིམ་ཞིག་ཆག་ནས་རང་མྱོང་ངེས་ཤེས་འདྲོངས་པ་ཞིག་བྱུང་། ལོ་ཁ་ཤས་ཡར་སྔོན་ནས་བསྡད་ན་འདུག་བཟོད་པ། སྒོམ་ན་ལམ་རྟགས་ཀྱི་ཡོན་ཏན་ཡོད་པ་ཞིག་བྱུང་བས་དེ་རིང་ཡང་སྔར་དང་མ་འདྲ་བའི་སེམས་ལ་དགའ་སྤྲོ་ཚད་མེད་ཅིག་བྱུང་། ལར་ནི་རྣལ་འབྱོར་ཉམས་ལ་མི་ཤར་མེད། དབྱར་ཁའི་སྤང་ལ་མི་སྐྱེ་མེད་གསུངས་པ་ལྟར་ཉམས་རྟོགས་ལ་ཆེད་རློམ་མི་བྱ་བ་ནི་སྒོམ་ཆེན་གྱི་ཁྱད་ཆོས་ཡིན་ཀྱང་ངོས་ནས་ཡག་སྡུག་བཟང་ངན་གང་བྱུང་ཉིན་ཐོར་འབྲི་བ་ནི་ངོས་ཀྱི་ལས་ཀ་ལྷག་མ་ཞིག་ཡིན་པས་དེ་རིང་ཡང་དེར་འབྲི་ཤོར་ཐལ་སོང་།
ཉིན་གུང་རྒྱབ་ནས་ངོས་ཀྱི་དགེ་ཕྲུག་དད་ལྡན་མ་ཨ་མ་སུས་སིན་ནས་སྒམ་ཞིག་ཁུར་ནས་སླེབས་འདུག ཁ་ཕྱེས་ནས་བལྟས་དུས་དེ་ནི་པདྨ་འོད་གསལ་གླིང་ནས་ང་ལ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་གསུང་འབུམ་པོད་གསུམ་བརྔན་པའི་ཆེད་དུ་སྐུར་བ་དེ་རེད་འདུག པདྨ་འོད་གསལ་གླིང་ཞིང་གཤེགས་བླ་མ་མཐར་ཕྱིན་གཙོས་པའི་སྔགས་པ་ཕོ་མོ་རྣམས་ནས་ང་ལ་ར་གན་གསེར་རློམ་ཧ་ཅང་དགའ་མོས་བྱེད་ཀྱི་ཡོད།
དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Sunday, December 1, 2013

སོ་ན་བའི་ཉིན་མོ།

སོ་ནད་སྨན་པ་དང་མཉམ་དུ་སྨན་ཁང་ནས།
ཉིན་ཤས་གོང་ནས་རྣ་ཁུང་དང་། འགྲམ་པ། སོ་སོགས་གང་དུ་ན་བའི་ངོས་འཛིན་དཀའ་བའི་ཟུག་གཟེར་ཞིག་གིས་མནར་སོང་། ངས་ནི་དེང་སང་གནམ་གཤིས་ཀྱིས་རྐྱེན་པས་མི་མང་པོ་ཞིག་ལ་ཚ་འཆམས་འདྲ་ཕོག་འདུག་པས་སྤྱི་མཚུངས་དེ་འདྲ་ཡིན་རྒྱུ་རེད་བསམ་ནས་སྨན་ཁང་ནང་དུ་འགྲོ་རྒྱུ་ཕར་ཞོག་མི་སུ་ལ་ཡང་མ་བཤད་སྡུག་སྲན་བྱས་ནས་ཉིན་གྲངས་མང་པོར་ནང་དུ་བསྡད་པ་ཡིན། ཁ་སང་གཞི་ནས་སོ་གཟེར་ཡིན་པ་ཧ་གོ་སོང་། དེ་རིང་ལ་ལྟོས་ན་ན་ཟུག་ཅུང་འཇམ་འདུག་ཀྱང་ངོས་ཀྱི་དགེ་ཕྲུག་ཞིག་ནས་མི་འདོད་བཞིན་དུ་སོ་ནད་སྨན་ཁང་ཞིག་ནང་དུ་བཙན་གྱིས་ཁྲིད་སོང་། སོ་ནད་སྨན་ཁང་ནང་དུ་སོང་བས་མི་རིགས་ཉི་ཧོང་ནས་ཡིན་པའི་ཕོ་གསར་ལྟད་བཟོ་དོད་མདོག་ཁ་བོ་ཞིག་ནས་སྣེ་ལེན་བྱས། ནད་པའི་ཉལ་ཁྲིའི་སྒང་དུ་གན་རྐྱལ་དུ་བསྙལ་ནས་སོ་ལ་བརྟགས་དཔྱད་བྱས་སོང་བས་སྨན་པས་ཟེར་ན་འགྲམ་ཕུགས་སུ་སོ་ལྷག་ཆེན་པོ་ཞིག་སྐྱེ་འདུག་སྟབས་སོ་ལྷག་དེ་ད་ལྟ་ནས་མ་བཀོག་ན་མི་འགྲིག་ཚུལ་ལུང་པ་གང་བཤད་སོང་། ང་ནི་དེ་རིང་སོ་ན་རྒྱུ་ཆུང་དུ་སོང་འདུག་སྟབས་སོ་བཀོག་འདོད་གཏན་ནས་མེད་ཚུལ་བཤད་ཀྱང་ཟུར་དུ་ཡོད་པའི་ངོས་ཀྱི་དགེ་ཕྲུག་དེས་བཙན་པོའི་བཀོག་དགོས་པའི་བསླབ་བྱས་བདུན་ཕྲག་རྗེས་མར་སོ་ལྷག་བཀོག་རྒྱུའི་དེབ་སྐྱེལ་མཚན་རྟགས་དུས་ཚེས་སོགས་བསྒྲིགས་ནས་ནང་དུ་ཡོང་། ལམ་བར་དུ་ངོས་ཀྱི་དགེ་ཕྲུག་ཨ་མ་སུས་སིན་དང་། ཀེར་སེའི་གཉིས་ནས་སྨན་པ་བཟང་རབས་དང་སོ་མ་བཀོག་ན་ནད་གཞི་གཞན་གྱི་འབྱུང་རྐྱེན་ཡོང་ཉེན་སོགས་ངོས་ཀྱི་རྣ་ཁུང་གཡས་གཡོན་གཉིས་ནས་མི་འདོད་བཞིན་དུ་ཙིར་ཙིར་བཤད་ཀྱིན་འདུག 
སོ་བཀོག་གླ་དང་དེ་རིང་གི་བརྟག་དཔྱད་སོགས་འགྲོ་སོང་ག་ཚོད་སོང་ཀྱང་དགེ་ཕྲུག་ཀར་སེའི་ནས་སྦྱིན་བདག་བྱེད་ཀྱི་ཡིན་ཟེར།
ཚོད་དཔག་བྱས་ན་ཨ་སྒོར་གཅིག་སྟོང་ཡན་སྐད་ཆ་བྱེད་བཞིན་འདུག ནང་དུ་འབྱོར་ཞིང་དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།།