Sunday, January 26, 2014

ངོས་ཀྱི་དགེ་ཕྲུག་ཞིག་འདས་གྲོངས་སུ་སོང་བའི་ཉིན་མོ།

འདས་པོ་པདྨ་བློ་བཟང་ལོ་གཉིས་ཡར་སྔོན།
ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་པདྨ་བློ་བཟང་ངམ་ཡུལ་མིང་དུ་ JOE ཞེས་པའི་ཨ་རི་བ་ཞིག་ལ་ཉེ་བའི་ཆར་ལྒང་པར་ཀན་སེལ་གྱི་ན་ཚས་རྐྱེན་ནས་སྨན་ཁང་དུ་ལུས་ཡོད། ཁོ་རང་གི་གཟའ་ཟླ་བོད་པའི་བུ་མོ་ཀུན་བཟང་ཞེས་འབོད། ང་ས་གནས་འདིར་འབྱོར་ནས་ཕལ་ཆེར་ལོ་ལྔ་མ་ཟིན་ཙམ་གྱི་རིང་པདྨ་བློ་བཟང་དང་ཀུན་བཟང་གཉིས་ལ་འབྲེལ་འདྲིས་ཆེན་པོ་བྱུང་། སྤྱིར་གཏང་ས་གནས་འདིར་ང་ཚོ་བོད་པ་བཞི་ལས་མ་གཏོགས་མེད། རྒྱ་གར་རྡོ་རྗེ་གླིང་ནས་ཡིན་པའི་བུ་མོ་ཀུན་བཟང་དང་། བལ་ཡུལ་ནས་ཡིན་པའི་ཨ་ཅ་ཆོས་འཛིན། འབྲས་ལྗོངས་ནས་ཡིན་པའི་ཨ་ཅ་རྡོ་རྗེ་སྒྲོལ་མ་དང་བཅས་ངེད་བཞི་གཅིག་པུ་ཡིན། ང་ཚོ་མཐུན་ལམ་ཧ་ཅང་ཡག་པོ་ཡོད་པ་མ་ཟད་ངས་ནམ་རྒྱུན་ང་ཚོ་ཚང་མ་སྐྱིད་སྡུག་མི་ཚང་གཅིག་ནང་བཞིན་ཡིན་ཅེས་བཤད་ཀྱི་ཡོད། བོད་ཀྱི་དུས་ཆེན་དང་རྒྱལ་བའི་འཁྲུངས་སྐར་སོགས་ལ་བོད་རིགས་བཞི་ལས་མེད་ཀྱང་མཉམ་འཛོམས་བྱེད་ནས་ངོས་ཀྱི་དགེ་ཕྲུག་དབྱིན་ཇི་རྣམས་དང་མཉམ་དུ་བོད་དོན་ཆེད་དུ་སོ་སོའི་འདོད་བློ་ཁེངས་བའི་ལས་ཀ་བྱེད་ཀྱི་ཡོད། ད་རེས་སྟབས་མ་ལེགས་པ་ཞིག་ལ་ཀུན་བཟང་གི་གཟའ་ཟླ་ཨ་རི་བ་པདྨ་བློ་བཟང་ལ་ལོ་མང་རིང་གཟུགས་པོར་ཕྱེད་ཀར་གྲིབ་སྐྱོན་གྱིས་ལས་མེད་དུ་གྱུར་ནས་དཀའ་ངལ་ཆེན་པོ་ཡོད་བ་མ་ཟད་ཉེ་བའི་ཆར་སྨན་པས་བརྟག་དཔྱད་བྱས་སྐབས་ཁོང་ལ་བཅོས་མེད་ཀན་སེལ་གྱི་ན་ཚས་གློ་བུར་སྨན་ཁང་དུ་ལུས། ང་གཙོས་ངོས་ཀྱི་དགེ་ཕྲུག་རྣམས་རེས་མོས་ཀྱིས་ནད་གཡོག་དང་ཁོ་རང་ལ་ཐུག་འཕྲད་དུ་ཡང་ཡང་སོང་། 
སྨན་པའི་ངག་ལྟར་ཤི་རྒྱུ་རུ་ཐག་བཅད་ནས་ནང་དུ་སྤོས་ཤིང་ཉིན་ལྟར་ནད་གཡོག་དང་མ་ཟད་ངོས་ནས་འཕོ་བ་དང་ཐོས་གྲོལ་སོགས་ཚང་མ་གང་དགོས་མ་ལུས་པ་བཏོན། ང་ཡི་ཕ་རྒན་ཞིང་གཤེགས་གཙོས་བོད་མི་མང་པོ་ཞིག་ཤི་སར་འགྲོ་མྱོང་ཡོད་ཀྱང་ཕྱི་རྒྱལ་ཨ་རི་བ་ཤི་སར་མིག་གིས་མཐོང་བ་ཐེངས་མ་དང་པོ་ཡིན། འདས་པོ་འདིས་ལོ་གསུམ་ཡར་སྔོན་ངོས་ཀྱི་མདུན་ནས་སྐྱབས་འགྲོའི་སྡོམ་པ་ཙམ་ཞུས་ཀྱང་འཆར་ཅན་ཡོད་པའི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དང་ཆོས་བཤད་སོགས་ལ་ཆེར་ཡོང་མི་ཐུབ། ཉིན་གསུམ་རིང་འཆི་ཁའི་གནད་བཅོད་ཀྱིས་སྡུག་བསྔལ་ཧ་ཅང་ཆེ། བར་སྐབས་སུ། (ང་འཆི་གི་མིན།)  ཞེས་ཐེངས་མ་གཉིས་གསུམ་ཙམ་གྲེ་བའི་རྟིང་ནས་འབོད་པ་གོ་རྒྱུ་འདུག དམ་པ་གོང་མ་རྣམས་ཀྱིས། 
མི་སྡིག་ཅན་འཆི་བ་མཐོང་ན་ཡང་། 
ཚེ་མི་རྟག་སྟོན་པའི་སློབ་དཔོན་ཡིན། 
ཞེས་གསུངས་པའི་བདེན་ཚིག་འདི་དེ་རིང་ངོས་ལ་དངོས་སུ་རྣག་ཐོག་གི་རྩག་གུ་ལྟར་སེམས་ལ་ཕན་པོ་ཞིག་བྱུང་། དེ་རིང་ཞོགས་པ་ནས་བཟུང་སྟེ་དབུགས་སྣ་ཐུང་ཅིང་ཁ་གྲག་ཆད་པ་དང་། འབྱུང་ལྔའི་ཐིག་རིམ་སོགས་ཤ་ཡི་ཁམས་ས་ལ་ཐིམ་པའི་རྟགས་སུ་རོ་སྟོད་མགོ་བོ་དགྱེ་ཞིང་འགྲེ་ལོག་བྱེད་པ་གཅིན་པ་ཡང་ནས་ཤོར་བ་སོགས་བྱེད་ཀྱི་འདུག ཉིན་རྒྱབ་ཆུ་ཚོད་དང་པོའི་སྐབས་སུ་དབུགས་ཀྱི་ཧར་སྒྲ་ཇེ་ཆེར་སོང་ནས་ཆུ་ཚོད་གཉིས་པའི་སྐབས་སུ་དབུགས་ཆད་སོང་། ངས་ནི་སྔ་ནས་གྲ་སྒྲིག་བྱས་ཟིན་པའི་རྟག་གྲོལ་དང་འབྲལ་མེད་དུ་འཆངས་བའི་རྒྱུད་པདྨའི་སྙིང་པོའི་དཔེ་ཆ་རྣམས་འདས་པོའི་སྙིང་ཁར་བཀབ། ངོས་ཀྱི་དགེ་ཕྲུག་འགའ་དང་མཉམ་དུ་འོད་ཆོག་མདོར་བསྡུས་དང་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་སྒོ་ནས་བྱང་ཆོག་དང་ལམ་བསྟན་སོགས་གང་དྲག་བྱས། 
བུ་མོ་ཀུན་བཟང་སོགས་དེར་ཡོད་རྣམས་ལ་ཞེ་དགུའི་རིང་ངུ་སྐད་དང་སྡུག་བསྔལ་སོགས་བྱེད་མི་ཉན་པའི་བསླབ་བྱ་ཡང་བྱས། ཨ་རིའི་སྨན་ཁང་དུ་ཁ་པར་གཏངས་ནས་བོད་ལུགས་ལྟར་དུ་ཐ་ནའང་ཕུང་པོ་དེ་རིང་ནང་དུ་འཇོག་ཆོག་པའི་ཆོག་མཆན་ཞུས། ནང་དུ་འབྱོར་ནས་ཉིན་ཤས་རིང་གསོན་པའི་སྐབས་སུ་ནད་གཡོག་དང་། ཤི་བའི་སྐབས་སུ་འཕོ་བ་འདེབས་མཁན་གྱི་བླ་མ་སོགས་བྱེད་རྒྱུ་མང་དྲགས་པས་ཐང་ཆད་ནས་དཀའ་ལས་ཀྱིས་དགོང་ཟས་ཀྱང་ཟ་སྙིང་མི་འདོད་པ་རེད་འདུག དེ་རིང་གི་ཉིན་ཐོ་དེ་ཨུ་ཚུགས་ཀྱིས་མ་ཆད་ཙམ་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

ཀྱེ་ཧོ། བལྟས་ན་སྐྱིད་སྐྱིད་འདྲ་བའི་ཨ་རི་ཡི་ལུང་པར།། 

བསྡད་ན་སོས་དལ་མེད་པའི་བྲེལ་ཕོངས་ཀྱི་སྡུག་བསྔལ།། 
གང་ལ་བསམ་ཀྱང་གཏད་མེད་སྨྱོན་པ་ཡི་ཟློས་གར།། 
བསམ་ཞིང་དཔྱད་ན་སྙིང་ནས་སྐྱོ་བ་ཞིག་སྐྱེས་སོང་། 

 ཟིན་མེད་དུས་བཞིའི་ལོ་ཟླ་སྟོང་ཟད་དུ་གཏངས་ཞིང་།། 

མི་ཡི་གཟུགས་ལ་གཡོག་གི་ཁོལ་པོ་རུ་གྱུར་ནས།། 
ཚེ་འདིའི་ཉི་མའི་གྲིབ་སོ་ཚུར་ཚུར་དུ་འོང་བ།། 
འཆི་བས་བཙན་གྱིས་མནན་དུས་ད་དུང་ཡང་མ་ཚོར།། 

བྱས་ནས་འགྲུབ་དུས་མེད་པ་འཁོར་བ་ཡི་རང་འཚང་། 

མ་བྱས་བཞག་དུས་མེད་པ་ཆུ་ནག་གི་གཉེར་མ།།
བསྒྲུབས་བསྒྲུབས་སྡུག་གི་ཁུར་པོའི་སྣོན་མ་རུ་གྱུར་པས།། 
གང་ལ་བལྟས་ཀྱང་སྙིང་པོ་འབྲས་རྡོག་ཙམ་མི་འདུག།  

བཀའ་དྲིན་འཁོར་མེད་དྲིན་ཅན་བུདྡྷ་ཡི་མཚན་ཅན།། 

གནོག་ཆུང་བྱིས་པའི་རྩེད་མོའི་ངམ་ནག་གི་བསླུ་དྲིད།། 
གཡོ་འོག་ཚུད་པའི་ང་འདྲའི་སྙིགས་མ་ཡི་སེམས་ཅན།། 
བཙན་ཐབས་བློ་སྣ་ཆོས་ལ་བསྒྱུར་བ་རང་མཛོད་ཅིག། 

ངོས་ཀྱི་དགེ་ཕྲུག་ཨ་རི་བ་པདྨ་བློ་བཟང་ཚེ་ལས་འདས་པའི་རྐྱེན་བྱས་ནས་གང་དྲན་དུ་ཉིན་ཐོའི་གཤམ་དུ་བྲིས།

Sunday, January 19, 2014

འདས་པའི་མི་ལོ་དྲུག་བཅུའི་རིང་ལ་ཕྱི་མིག་ཞིག་བལྟས་པ།

ངོས་ཀྱི་ཆོས་གྲོགས་མཁན་པོ་ཀར་ཚེ་ལགས།
ཁ་སང་ཀུན་གླེང་ནང་དུ་ཁ་བརྡ་བྱས་པའི་རྗེས་སུ་ཡུན་རིང་འགྲོགས་པའི་ཆོས་གྲོགས་དགོན་པ་གཅིག་པའི་མཁན་པོ་ཀར་ཚེའི་གནས་སྟངས་ཀྱིས་རྐྱེན་ནས་འདས་པའི་མི་ལོ་དྲུག་བཅུ་ལ་ཕྱི་འདིང་ཞིག་རྒྱབས། ལྔ་བཅུ་ང་དགུ་ལོའི་རྒྱ་དམར་གུང་བྲན་གྱིས་བོད་མདོ་དབུས་ཁམས་གསུམ་སྣོད་བཅུད་ཡོངས་སུ་རྫོགས་པ་རྩ་སྟོར་དུ་གཏངས། ཉེས་མེད་བོད་རིགས་ས་ཡ་གཅིག་དང་འབུམ་བརྒྱད་ལྷག་དམར་བསད་གཏངས་ཞིང་། རིན་བྲལ་སྐུ་གསུང་ཐུགས་རྟེན་གྱིས་གང་བའི་དགོན་སྡེ་དྲུག་སྟོང་ལྷག་རྩ་སྟོར་དུ་གཏངས། ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་གཙོར་བྱས་པའི་བསྟན་འཛིན་གྱི་སྐྱེས་བུ་མི་སྣ་དང་མཁས་དབང་དཔོན་རིགས་མང་པོ་ལ་མ་ཉེས་ཁ་ཡོགས་ཀྱིས་མི་ལོ་ཉི་ཤུ་སུམ་བཅུའི་རིང་བཙོན་ཁང་དུ་མནར་བཅོད་མུག་ཤི་ཐེབས། ང་སྐྱེས་ནས་ཟླ་གསུམ་ཙམ་མ་འགོར་བར་ངོས་ཀྱི་གཅེས་པའི་ཨ་མ་དང་ཨ་ཞང་བཅས་ནང་མི་གསུམ་ཉིན་གཅིག་ལ་དམར་བསད་གཏངས། ང་ཡི་ལོ་ཚོད་ཅན་གྱི་བོད་ལ་སྐྱེས་པའི་བོད་པ་རྣམས་ཕལ་ཆེར་ལ་ཕ་མ་གཉིས་ཀ་ཚང་བ་ཉུང་ཉུང་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོས་གཙོས་བོད་རིགས་འབུམ་གཉིས་མ་ཟིན་ཙམ་སྔ་ཕྱིར་རྒྱ་གར་དུ་སྐྱབས་བཅོལ་དུ་མི་ཡོང་ཁ་མེད་ཆགས། རྒྱ་གར་ནས་ཀྱང་བོད་རིགས་མང་པོ་ས་ཆུ་དང་ཚ་བ་མ་འཕྲོད་པའི་དབང་གིས་རྐྱེན་འདས་སུ་གྱུར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱ་གཉིས་ཀའི་ཕུགས་ཀྱི་ཁེ་ཕན་ལ་དགོངས་ནས་གཉིས་ཕན་དབུ་མའི་ལམ་གྱི་སྲོལ་བཟང་གི་སྒོ་ཆེན་ཕྱེས་ཀྱང་རྒྱ་ནག་གཞུང་ནས་དེ་ལ་ཡ་ལན་བྱེད་རྒྱུ་ཕར་ཞོག་ད་དུང་ཁ་བྲལ་རིང་ལུགས་དང་ཇག་པའི་ཚོགས་པ་ཞེས་སྐྱོན་འཛུགས་སྣ་ཚོགས་བྱེད། སྤྱིར་འཛམ་བུ་གླིང་པས་བོད་པར་ཤ་ཚའི་རྒྱབ་སྐྱོར་ཡོད་ཀྱང་གནད་ཀྱི་འགགས་ལ་ཐུག་དུས་མཐོ་དམན་དྲག་ཞན་ཚང་མ་དཔུང་དང་དབང་ཆ་དངུལ་གྱི་ཕྱོགས་སུ་འགྲོ་བ་ལས་དྲང་བདེན་དང་གཉོམ་ཆུང་ལ་རྒྱབ་རྩ་བྱེད་མཁན་ཕལ་ཆེར་མེད། དེ་ནི་དེང་སང་རྒྱ་ནག་གིས་སྟོབས་ཤུགས་ངོམ་ནས་འཛམ་བུ་གླིང་འདི་དྲང་བདེན་ལས་ལྡོག་ནས་རྒྱུ་དང་དབང་གིས་ཁ་ལོ་བསྒྱུར་ཐུབ་པ་འདིས་གསལ་པོར་ར་འཕྲོད་ཐུབ། སེམས་རྟིང་ནས་སྐྱོ་དགོས་པ་ཞིག་ལ་1959 ལོར་རྒྱ་གཞུང་ནས་བོད་ཀྱི་སྣོད་བཅུད་ཡོངས་སུ་རྫོགས་པ་ཧམ་ཟོས་བྱས་ཤིང་ད་དུང་ཤེས་བཞིན་དུ་འཛམ་བུ་གླིང་ལ་རྒྱུ་ནོར་དང་སྟོབས་ཤུགས་ཀྱི་དབང་ཤེད་ངོམ་ནས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་མངའ་ཁོངས་ཡིན་པའི་རྫུན་གཏམ་ལ་སྟོབས་ཆེན་རྒྱལ་ཁབ་འགའ་ཡི་སྲིད་འཛིན་དང་། ཆེས་མཐོའི་མི་སྣ་རྣམས་ཀྱིས་རྒྱལ་ཁབ་སོ་སོའི་ཚོང་གི་ཁེ་ཕན་གྱི་ཆེད་དུ་དྲང་བདེན་དང་། ཞི་བདེ་ལ་རྡོག་རོལ་གཏོངས་ནས་བོད་འདི་རྒྱ་ཁོངས་ཡིན་པའི་ཁས་ལེན་བྱེད་པ་འདི་ནི་དཔེར་ན་མིག་ན་བའི་ཐོག་ཏུ་ཐལ་བ་དང་། སྣ་གཟེར་བའི་ཐོག་ཏུ་ཁུ་ཚུར་གྱི་དཔེ་ལྟར་རེད། དེ་ལས་སེམས་སྐྱོ་དགོས་པ་ཞིག་ལ་རྒྱ་ནག་གཞུང་ལ་བོད་ཀྱི་ས་ཆ་འདི་དགོས་ཀྱང་བོད་པ་དང་བོད་ཀྱི་རིག་གཞུང་མི་དགོས་པ་ནང་བཞིན་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་བོད་ཀྱི་རིག་གཞུང་དང་ཏཱ་ལའི་བླ་མ་དགོས་ཀྱང་བོད་ཀྱི་སྲིད་དོན་མི་དགོས་པ་གཅིག་མཚུངས་སུ་སྣང་། ཞིབ་འདིང་ཞིག་རྒྱབ་ན་ས་ཡ་དྲུག་ལས་མེད་པའི་གྲངས་ཉུང་མི་རིགས་ཞིག་གིས་སེམས་ཀྱི་བསམ་རྒྱུ་ལ་བོད་ཀྱི་རང་དབང་དང་། ལག་གིས་བྲིས་པའི་ཁ་ཆེམས་ལ་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་ཞེས་མདོ་དབུས་ཁམས་གསུམ་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་མི་བརྒྱ་དང་ཉེར་ལྔས་སྐུ་ལུས་མེར་བསྲེགས་གཏངས་བ་འདི་འཛམ་བུ་གླིང་གི་ལོ་རྒྱུས་ལ་དེ་སྔ་ཡང་མ་བྱུང་། ད་ལྟ་ཡང་མེད། མ་འོངས་པར་ཡང་ཆེས་འབྱུང་བར་དཀའ་བའི་ཚབ་ཆེས་ཀྱི་གནས་སྟངས་འདི་ལ་ནུས་པ་གང་ཡང་མེད་པ་འདི་ནི་ཧ་ཅང་སེམས་ཕམ་དགོས་པ་ཞིག་རེད་བསམ། མ་ཟད་ཉེ་བའི་ཆར་ངོས་ཀྱི་དགོན་པའི་མཁན་པོ་ཀར་ཚེ་ལ་རྒྱ་ནག་གཞུང་ནས་མ་ཉེས་ཁ་ཡོགས་ཀྱིས་བཙོན་ཁང་ལ་བཅུགས་པ་དེ་ལ་སེམས་ཁྲལ་གྱིས་ཉིན་མོ་ཟས་བཅགས་དང་མཚན་མོ་གཉིད་ཆགས་པ་སོགས་བྱུང་། གང་ཡིན་ཟེར་ན་ངོས་ཀྱི་ལུང་པ་ཁམས་ནང་ཆེན་རུ་ངོས་ཀྱི་དགེ་རྒན་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་སྐུ་གཤེགས་ཚར་དུས་ཕ་ཤུལ་བུ་འཛིན་གྱིས་སྡེ་དགོན་གཉིས་ལ་ལུགས་གཉིས་གང་གི་ཐད་ནས་ཡིན་ཀྱང་མཁན་པོ་ཀར་ཚེ་ཁོང་ལས་ཕན་ཐོག་ཆེ་བ་ཞིག་མེད། ཁོང་ནི་ལུགས་གཉིས་གཡོན་ཐལ་དུ་མ་སོང་བར་ནང་ཆེན་སྡེ་དགོན་རྣམས་ལ་ཧ་ཅང་དཀའ་དྲིན་ཆེ། ད་རེས་ལས་བྱས་པ་མེད་ཀྱང་འབྲས་བུ་སྨིན་པ་རྒྱ་ནག་གཞུང་ནས་ངོས་ཀྱི་སྡེ་དགོན་གཉིས་ལ་སྐྱབས་བཅོལ་ས་གཅིག་ཡོད་པ་དེ་ཉེས་མེད་དུ་བཙོན་འཇུག་བྱས་པ་དེའི་བརྡ་གང་ཞིག་བསྟེན་ཡོད་ཟེར་ན་མཐོ་པན་ཆེན་རིན་པོ་ཆེ་ནས། མཁན་པོ་འཇིགས་མེད་ཕུན་ཚོགས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་མཐོ་རིམ་མི་སྣ་མང་པོ་དང་དེ་བཞིན་སྒྱུ་རྩལ་བ། གཞས་པ། ཁོར་ཡུག་སྲུང་སྐྱོབས་པ། ཚོང་པ་སོགས་གང་ལྟར་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ནས་བཟུང་སྟེ་རྒྱ་ནག་གཞུང་གི་བྱས་པ་མེད་ཀྱང་མིག་ནང་གི་ལིང་ཐོག་དང་། སོ་ནང་གི་སྲིན་བུར་གྱུར་ནས་རིམ་བཞིན་འཇམ་རྩུབ་གང་རུང་གི་སྒོ་ནས་བོད་རིགས་ཤེས་ལྡན་མི་སྣ་རྣམས་རྩ་མེད་བཟོ་བའི་ཐབས་ཇུས་བྱེད་ཀྱི་ཡོད། 
ད་རེས་ངས་ཉིན་ཐོ་འདི་འབྲི་བཞིན་པའི་སྐབས་སུ་སེམས་ལ་སྡུག་གིས་ཁེངས་ནས་ངུ་ཤོར་བ་ཞིག་དང་། ཡང་ཡི་གེ་འབྲི་བཞིན་པའི་སྐབས་སུ་ཁོག་དགོད་ཤོར་ནས་བྲི་བ་དུས་གཅིག་ལ་ཚོར་སྣང་མ་འདྲ་བ་གཉིས་བྱུང་། 
ངུ་ཤོར་བ་ནི། དེང་སང་ཛམ་བུ་གླིང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་དམངས་གཙོའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་བོད་ཀྱི་དཀའ་སྡུག་འདི་ལ་སྣང་མེད་དུ་བཞག་ནས་དྲང་བདེན་དང་གཉོམ་ཆུང་ལ་རྒྱབ་རྩ་མ་བྱས་པར་རྒྱ་ནག་གི་སྟོབས་དང་དཔུང་གི་རྗེས་སུ་འབྲངས་བ་འདིར་ཛམ་བུའི་གླིང་སྒང་ལ་དྲང་བདེན་དང་ཡ་རབས་ལ་ཡར་དཔེ་འཇོག་ས་ཞིག་གཏན་ནས་མེད་པ་འདི་བསམ་ནས་ཡིན། 
དགོད་ཤོར་བ་ནི། རྒྱ་ནག་གཞུང་ནས་མི་ལོ་དྲུག་བཅུ་ཙམ་གྱི་རིང་བོད་རིགས་འདི་རྣམས་ལ་བསད་གཏུབས་རྡུང་རྡེག་མནར་གཅོད་སོགས་འཇམ་རྩུབ་གང་རུང་གིས་བོད་ཡུལ་འདི་རྒྱ་ཡུལ་ལ་བསྒྱུར་རྒྱུའི་རེ་སྟོང་བཅངས་ཡོད་ཀྱང་རེ་བ་འགྲུབ་རྒྱུའི་ཚབ་ཏུ་གཞིས་བྱེས་བོད་རིགས་འདི་རྣམས་ཀྱི་སེམས་ཤུགས་ལྕགས་ལས་སྲ་ཞིང་། དམ་བཅའ་རི་བོ་ལས་བརྟན་པའི་སྐབས་སུ་རྒྱ་ནག་གཞུང་གི་དཔོན་རིགས་འགའ་ཡིས་སོ་སོའི་རྐུབ་སྟེགས་དང་དབང་ཆའི་ཆེད་དུ་ལས་རྒྱ་ནག་མི་རིགས་དང་བོད་མི་རིགས་གཉིས་ཀྱི་ཕུགས་ཀྱི་བདེ་སྐྱིད་ལ་བསམ་བློ་མ་གཏངས་བར་གནས་སྐབས་ཉི་མ་འཆོལ་ཐབས་ཀྱིས་རྒྱ་ནག་དང་བོད་རིགས་ནང་ཁུལ་དུ་ཕྱི་འབྲེལ་དྲྭ་རྒྱའི་རིགས་བཙན་བཀག་བྱས་ནས་རྒྱ་བོད་མི་མང་གི་ནང་དུ་གཡོ་ཁྲམ་རྫུན་གྱི་འཁོར་ལོ་བསྐོར་ཞིང་དྲག་གནོན་མེ་མདའི་འོག་ནས་ལོ་ཟླ་འཁྱོལ་ཐབས་བྱེད་པའི་བྱིས་པའི་རྩེད་མོ་ནང་བཞིན་སྲིད་ཇུས་འུས་ཐུག་འདི་བསམ་ནས་ཡིན།
ཡིན་ནའང་ང་ནི་དྲང་བདེན་དང་ཞི་བདེ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པས་ནམ་ཞིག་གཉོམ་ཆུང་བོད་ཀྱི་བདེན་མཐའི་ཉི་མ་འདི་མི་རིང་བར་མྱུར་དུ་ཤར་བའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ཡིན་ནའང་འཛམ་གླིང་གང་སར་ཡོད་པའི་བོད་པར་རྒྱ་རྩ་བྱེད་མཁན་ཞིག་ཡོད་ན་དེ་ནི་དྲང་བདེན་ལ་རྒྱབ་རྩ་ཡིན། དྲང་བདེན་གྱི་ལམ་ནི་ད་ལྟ་ཛམ་བུ་གླིང་ལ་ཆེས་མེད་དུ་མི་རུང་བ་ཞིག་ཡིན། ཞི་བདེའི་ལམ་གཅིག་པུ་ནི་དྲང་བདེན་ཡིན་པས་ཞི་བདེ་ལ་དགའ་བའི་མི་ཞིག་ཡིན་ནས་བཟུང་བོད་པའི་དྲང་བདེན་གྱི་སྲིད་ཇུས་ལ་རྒྱབ་རྩ་བྱེད་རོགས་ཞེས་ཡང་སྐྱར་ཞུ་འདོད་བྱུང་།   

Friday, January 17, 2014

ཀུན་གླེང་ནང་དུ་གླེང་མོལ་བྱས་པའི་ཉིན་མོ།

ཀུན་གླེང་ནང་དུ་ཁ་བརྡ་བྱས་པའི་ཉིན་མོ།
དེ་རིང་ནི་སྔ་ནས་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་ཕ་དགོན་དང་སྙིང་ནས་གཅེས་པའི་ཆོས་གྲོགས་དམ་པ་མཁན་པོ་ཀར་ཚེའི་སྐོར་ཨ་རིའི་རླུང་འཕྲིན་ཁང་དུ་ཀུན་གླེང་མདོ་འཛིན་པ་པདྨ་རྡོ་རྗེ་དང་མཉམ་དུ་གླེང་མོལ་བྱས། ངོས་ཀྱི་དགོན་པའི་མཁན་པོ་ཀར་ཚེ་ལགས་ནི་དགོན་པའི་གཞུང་དོན་གྱི་ཆེད་དུ་ཟི་ཁྲོན་ཁྲི་འདུ་ལ་ཕེབས་པའི་སྐབས་སྟབས་མ་ལེགས་པ་ཞིག་ལ་2013 ལོའི་སྤྱི་ཟླ་12 པའི་ཚེས་6 མཚན་མོ་མགྲོན་ཁང་ནང་ནས་ཆབ་མདོའི་བདེ་འཇག་དམག་མིས་འཇུ་བཟུང་བྱས། འཇུ་བཟུང་བྱེད་དོན་ནི་སྔ་ལོར་ཀརྨའི་དགོན་གྱི་དོན་རྐྱེན་ལ་འབྲེལ་བ་ཡོད་པར་བཤད་འདུག མཁན་པོ་ཀར་ཚེ་ནི་ངོས་ཀྱི་ཕ་དགོན་ནང་གི་མཁན་པོ་ཡིན་པ་མ་ཟད་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཞིང་དུ་ཕེབས་ནས་སྡེ་དགོན་གཉིས་ཉིན་གཅིག་ལ་སྐྱབས་མེད་དྭ་ཕྲུག་ཁྱུ་གཅིག་ཏུ་གྱུར་པའི་སྐབས་ད་ནས་བཟུང་སྟེ་ཕ་ཚབས་ཨ་ཁུའི་དཔེ་ལྟར་མཁན་པོ་ཀར་ཚེ་ཁོང་ནི་སྡེ་དགོན་གཉིས་ཀྱི་སེམས་གཏད་ས་དང་བློ་བཅོལ་ས་ནི་ཕལ་ཆེར་ཁོང་གཅིག་པུ་ཡིན་ཟེར་ཀྱང་མི་འགྲིག་རྒྱུ་མེད་བསམ། ནང་ཆེན་ཉེར་ལྔའི་ས་གནས་སུ་ཁོང་ནི་ཐོས་པས་རྒྱུད་ཕྱུག་ཅིང་། བསམ་པས་སྒྲོ་མདོག་ཆོད་པ། སྒོམ་པས་རང་རྒྱུད་དུལ་བའི་ཤཀྱཱའི་དགེ་སྦྱོང་གི་ཆོས་པ་ཞིག་ཡིན་པ་མ་ཟད། རིག་གཞུང་གི་རྟ་མཆོག་ཞོན་ཅིང་། དྲང་བདེན་གྱི་གོ་ཁྲབ་གྱོན་པ། དཔའ་མཛངས་ཀྱི་རལ་གྲི་འཕྱར་མཁན་གྱི་མི་རིགས་ཀྱི་དཔའ་རྒོད་ཞིག་ཀྱང་ཡིན་པས་ད་རེས་ཁོང་བཙོན་ཁང་དུ་འོ་རྒྱལ་བྱུང་བ་དེས་བན་རྒན་ང་ཡང་ཉིན་མོ་ཟས་ཆག་མཚན་མོ་གཉིད་ཆག་པ་སོགས་ཉིན་གྲངས་མང་པོར་སེམས་ལས་ཧ་ཅང་ཆེན་པོ་བྱུང་། ད་རེས་ངས་ཕན་ཐོག་ཚོད་ནི་ཁོང་གི་མཛད་རྗེས་དང་། དགོན་པའི་གནས་སྟངས། གྲྭ་ཚང་གི་སྡུག་བསྔལ་སོགས་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་ལྡིང་ཆའི་སྒང་ལ་མ་གོ་མ་ཐོས་མེད་པར་བསྐྱལ་རྒྱུ་དེ་ངོས་ཀྱི་འོས་འགན་ཞིག་ཏུ་བབས་པས་དགོན་པའི་གྲྭ་མང་གི་འདོད་མོས་ལྟར་དེ་རིང་ཨ་རིའི་རླུང་འཕྲིན་ཁང་ནས་པདྨ་རྡོ་རྗེ་དང་མཉམ་དུ་མཁན་པོ་ཀར་ཚེའི་གནས་སྟངས་དང་དགོན་པའི་ལོ་རྒྱུས་སོགས་སྐར་མ་ཉི་ཤུའི་དུས་ཚོད་རིང་བཤད་ཁུལ་བྱས། 
ལར་ནི་ང་ལྟ་བུ་ཞིག་ལ་མཚོན་ན་ཆོས་སྲིད་གང་གི་ཆ་ནས་ཡིན་ཀྱང་མི་ལ་ངོམ་རིན་ཆོག་པ་ཞིག་མེད། འོན་ཀྱང་བོད་ཀྱི་གནའ་དཔེར། ཤུགས་ཆེ་ནས་སྟག་ལ་མ་འཐམ་སྟེ་ཧུ་ཐུག་ན་མ་འཐམ་རང་འཐམ་གྱི་དཔེ་ལྟར་ད་རེས་ངོས་ཀྱི་ཕ་དགོན་དང་ཆོས་གྲོགས་རྣམས་ལ་ཉིན་མཚན་མི་འཁྱོལ་བའི་དཀའ་ངལ་འདི་འདྲ་འཕྲད་དུས་གདུང་སེམས་མཉམ་དུ་མ་བྱས་ན་མི་གྲལ་ནས་བུད་པ་ཡིན་པས་སེམས་ཐག་རྦད་ཀྱིས་བཅད་ནས་ཀུན་གླེང་ནང་དུ་ཁ་བརྡ་བྱས་པ་ཡིན། 
དེ་རིང་ནས་བཟུང་སྟེ་རྒྱལ་སྤྱིའི་བོད་དོན་ཚོགས་པ་དང་། འགྲོ་བ་མི་ཡི་ཐོབ་ཐང་ཚོགས་པ། སློབ་ཕྲུག་རང་བཙན་ཚོགས་པ་སོགས་ཡོངས་ཁྱབ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་དང་། གལ་ཆེན་པོ་ཞིག་ལ་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་པ་དང་། སློབ་ཕྲུག་རང་བཙན་ཚོགས་པ་ཟུང་ནས་མཁན་པོ་ཀར་ཚེ་བཙོན་གྲོལ་ཆེད་ཟླ་བ་རྗེས་མའི་སྤྱི་ཚེས་བཅུ་བདུན་ཚུན་མི་མང་ལྔ་སྟོང་གི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་འདུག་པས་མ་ལེ་ཤ་དང་ཨ་རི་སོགས་སུ་ཡོད་པའི་ངོས་ཀྱི་ཆོས་ཚོགས་རྣམས་ཀྱང་དེར་མཉམ་ཞུགས་བྱེད་རྒྱུ་བྱས་པ་ཡིན། 


Sunday, January 5, 2014

ཉིན་གསུམ་རིང་མཚམས་ལ་བསྡད་པའི་སྐབས་སུ།


མཚམས་པ་འགའ་དང་ལྷན་དུ།   པར་པ་ཨོ་ཤང་། 
༢༠༡༤ ལོའི་སྤྱི་ཟླ་དང་པོའི་ཚེས་པ་གསུམ་ནས་བཟུང་སྟེ་ཚེས་པ་ལྔ་ཡི་བར་དུ་ཉིན་གསུམ་རིང་ཀི་ལི་ཕོ་ཉའི་ངོས་ཀྱི་དགེ་ཕྲུག་རྣམས་དང་མཉམ་དུ་མཚམས་ལ་བསྡད།  ད་ཐེངས་མཚམས་ལ་འདུག་རྒྱུ་འདི་ནི་ས་གནས་འདིར་ངོས་ཀྱི་སློབ་མ་རྣམས་དང་མཉམ་དུ་ཐེངས་མ་དང་པོ་ཡིན། མཚམས་ལ་བསྡད་ཡུལ་ནི་ཡེ་ཤུའི་བཙུན་མའི་དགོན་པ་ཞིག་གི་ནང་དུ་ཡིན། མཚམས་ལ་བསྡད་པའི་རིང་ཞོགས་པ་བདེ་ཆེན་ཞིང་སྒྲུབས་ཚར་གཅིག་དང་ཉིན་རྒྱབ་ཏུ་རྗེ་རིན་པོ་ཆེའི་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་གོ་བསྒྲིགས་བྱས་འདུག  ཉིན་དང་པོར་མཚམས་ལ་འདུག་སར་སོང་བས་གཏན་འདུག་མཚམས་པ་ཐོ་འགོད་བྱེད་མཁན་མི་གྲངས་ཉེར་ལྔ་ཙམ་འདུག་ཟེར།  ཉིན་དང་པོའི་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་མཚམས་ཀྱི་ཕན་ཡོན་དང་།  དེའི་དགོས་པ་རྒྱུ་མཚན་སོགས་འགྲེལ་བཤད་བྱས།  ཉིན་གཉིས་པ་དངོས་གཞིའི་སྐབས་སུ་ཞོགས་པ་བདེ་ཆེན་ཞིང་སྒྲུབས་དང་ཉིན་རྒྱབ་ཏུ་ལམ་གཙོ་རྣམ་གསུམ་བཤད། 
 ལམ་གཙོ་རྣམ་གསུམ་ནི། ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ།

ལམ་གཙོ་རྣམ་གསུམ་གྱི་སྐབས་སུ་འགྲེལ་བཤད་དམིགས་བསལ་ཞིག་བྱས། ངེས་འབྱུང་གི་བསམ་པའི་སྐབས་སུ་བློ་ལྡོག་རྣམ་བཞི་དང་བདེན་བཞིའི་ནང་ནས་སྡུག་ཀུན་རྒྱུ་འབྲས་གཉིས་འགྲེལ་བཤད་ནན་ཏན་བྱས། 

བྱང་ཆུབ་སེམས་ཀྱི་སྐབས་སུ་བྱང་ཆུབ་སེམས་ཇི་ལྟར་སྒོམས་པའི་ཚུལ་ལ་ཇོ་བོ་རྗེ་དང་།  རྒྱལ་སྲས་ཞི་བ་ལྷ་གཉིས་ཀྱི་ལུགས་གཉིས་ཀྱི་ཐོག་ནས་བདག་གཞན་མཉམ་རྗེ་དང་།  རྒྱུ་འབྲས་མན་ངག་བདུན་སོགས་འགྲེལ་བཤད་དང་སྨོན་འཇུག་གཉིས་ཀྱི་སྡོམ་པ་རྟེན་གྱི་དྲུང་ནས་སྟབས་གཅིག་ཏུ་མཉམ་ལེན་བྱས། 
ཡང་དག་པའི་ལྟ་བའི་སྐབས་སུ་ཕྱག་ཆེན་རྣལ་འབྱོར་བཞི་རིམ་ལ་སྦྱར་ནས་ཀུ་ས་ལའི་འཇོག་སྒོམ་ཐོག་ནས་ངོ་སྤྲོད་གང་དྲག་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་།
ཉིན་ཐ་མའི་སྐབས་སུ་བདེ་ཆེན་ཞིང་སྒྲུབ་རྒྱས་པ་ཞིག་དང་མཇུག་ཏུ་མར་མེ་སྨོན་ལམ་སོགས་ཀྱི་དབྱངས་རྟ་ལ་སྐྱོན་ནས་ཆོ་ག་མཇུག་གྲུབ་པར་བྱས་ཞིང་མཐར་དགེ་སློབ་རྣམས་མཉམ་དུ་པར་སྒྲོན་པ་དང་ཁ་བརྡ་དང་དྲི་བ་དྲིས་ལན་སོགས་ཀྱི་སོ་སོའི་འདོད་བློ་ཡོངས་སུ་བཀང་ནས་དཔོན་སློབ་རྣམས་འབྲལ་མི་ཕོད་པ་ལྟ་བུའི་རང་རང་སོ་སོའི་གནས་སུ་དེངས།
ད་རེས་ཀྱི་མཚམས་དེ་ལ་མི་མང་ཧ་ཅང་དགའ་བོ་བྱུང་འདུག་པས་ང་ཡང་ཧ་ཅང་དགའ་བྱུང་གང་ཡིན་ཞེ་ན་མི་མང་དགའ་བོ་བྱུང་ན་ངོས་ཀྱི་ལས་ཀ་དེ་རང་ཡིན། 
སྤྱོད་འཇུག་ལས། 
རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ།། 
དེ་ནི་རིན་གྱིས་ཉོས་ནའང་དཀོན།། 
ཞེས་གསུངས་པས་སོ།།