Friday, February 28, 2014

མཚམས་གྲོལ་ཞིང་དགུ་ཐུག་འཐུང་བའི་ཉིན་མོ།

ཞིམ་པོའི་དགུ་ཐུག
ཉིན་མོ་འདི་ནི་བོད་ལུགས་ལྟར་དུ་བྱས་ན་2013 ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་པ་ཉི་ཤུ་དགུ་ཞེས་ལོ་གསར་སྔོན་གྱི་ཉིན་མ་གཉིས་པ་དེ་ཡིན། ངོས་ཀྱི་ཕུར་པའི་བསྙེན་མཚམས་དེ་ཉིན་གྲངས་ཉི་ཤུ་རྩ་ལྔ་ཏག་ཏག་སོང་ནས་ཉིན་གུང་རྒྱབ་ཏུ་དབང་ལེན་དང་དངོས་གྲུབ་ལེན་ཆོག་བྱས་ནས་མཚམས་གྲོལ་བ་ཡིན། གནས་མལ་དང་འཚོ་བའི་སྦྱིན་བདག་མཚམས་གཡོག་སོགས་གཅིག་ཅོག་ང་ཡི་ཆོས་གྲོགས་ཚེ་རིང་ཆོས་འཕེལ་དང་ཁོང་གི་བུ་མོ་བསྟན་འཛིན་བསྐལ་བཟང་ངེད་གསུམ་ནས་སྟོད་སོགས་ཀྱི་ལུགས་སྲོལ་ལྟར་དགོང་ཟས་སུ་དགུ་ཐུག་བསྐོལ། ཁྱད་མཚར་བོ་ཞིག་ལ་དགུ་ཐུག་སྐབས་སུ་ཟན་ཐུམ་ནང་དུ་སུ་པིན། སོལ་བ། བལ། རྡོ། གཟེ་མ་ར་མགོ་སོགས་ཟས་རིགས་ཀྱི་མིང་ཐོ་བྲིས་པའི་ཤོག་དྲིལ་ཁ་ཤས་གཏུམ་ནས་ཐུག་སྣོད་ནང་དུ་བླུགས་ནས་སུ་ལ་ཐོབ་ཀྱང་ཤོག་དྲིལ་ཁ་འབྱེད་ནས་ནང་གི་དངོས་པོ་ནང་བཞིན་མི་ཡི་བཟང་ངན་རྟགས་སུ་མཚོན་པའི་ལུགས་སྲོལ་ལྟར་དེ་རིང་དགོད་ཤོར་བ་ཞིག་ལ་ང་ལ་གཟེ་མ་ར་མགོ་ཐོབ་འདུག ཧ་ཧ་ཧ་ཧ།   ཚེ་རིང་ཆོས་འཕེལ་ལགས་ལ་བལ་དང་། བུ་མོ་བསྟན་འཛིན་བསྐལ་བཟང་ལ་ཟླ་བ་བཅས་ཐོབ་འདུག གཟེ་མ་ར་མགོ་ནི་ཀུན་ལ་མི་མཐུན་པའི་བརྡ། བལ་ནི་མི་གཤིས་འཇམ་པའི་བརྡ། ཟླ་བ་ནི་སེམས་པ་དཀར་བའི་བརྡ་མཚོན་བཅས་རེད་འདུག  ང་ཚོ་གསུམ་ཕན་ཚུན་མཚར་གཏམ་དང་གད་མོ་དགོད་བཞིན་ཞིམ་པོའི་དགུ་ཐུག་དེ་ལ་མཉམ་འཐུང་བྱས་པས་དཔེ་མེད་སྐྱིད་པོ་བྱུང་། ད་རེས་ཀྱི་མཚམས་ལ་བསྡད་པའི་རིང་ཟས་གོས་གནས་མལ་སོགས་ཀྱི་སྦྱིན་བདག་དང་མ་ཟད་མཚམས་གཡོག་སོགས་ཧ་ཅང་དཀའ་དྲིན་ཆེ་བའི་དད་ལྡན་བ་ཚེ་རིང་ཆོས་འཕེལ་ལགས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ངས་ཀྱང་རྣམ་ཀུན་ཁྱེད་ཀྱི་ཅི་བསམ་འགྲུབ་ཅིང་བློ་དགེ་བའི་སོགས་སུ་འགྲོ་བའི་སྨོན་ལམ་རྟག་པར་ཡོད་པ་མ་ཟད་ད་ལྟའི་མཚམས་ཀྱི་དགེ་བའི་ལེགས་བྱས་ཀྱི་བསོད་ནམས་ཀྱང་ངེད་གཉིས་ཆར་མཉམ་དུ་འཐོབ་པ་མི་ལ་རས་པའི་ཞལ་ནས། 
རི་ལ་སྒོམ་པའི་སྒོམ་ཆེན་དང་།། 
འཚོ་བ་སྦྱོར་བའི་ཡོན་བདག་གཉིས།། 
སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡིན།། 
རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན།།
ཞེས་གསུངས་པ་ལྟར་ངས་ཀྱང་བསྔོ་སྨོན་སོགས་གང་དྲག་བྱས། དགུ་ཐུག་ཚར་བ་དང་མཉམ་དུ་བུ་མོ་བསྟན་འཛིན་བསྐལ་བཟང་དང་མཉམ་དུ་ཁ་བརྡ་ཅུང་ཙམ་བྱས་ནས་དེ་རིང་གི་ཉིན་མོ་དེ་བདེ་སྐྱིད་ངང་བསྐྱལ་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར།

Friday, February 21, 2014

མཚམས་ཞག་ཉིན་གྲངས་བཅོ་ལྔའི་ཉིན་མོ།

ཁོ་བོའི་རིང་ནས་བསྙེན་པའི་རྡོ་རྗེ་གཞོན་ནུ།
ཞོགས་པ་སྔ་བོར་ལངས་ནས་ཞོགས་ཟས་མ་ཟོས་གོང་རྒྱུན་ཁྱེར་གྱི་ཁ་འདོན་རྣམས་ཚར་བར་བྱས། ཞོགས་ཟས་ཚར་མ་ཐག་ཕུར་པ་རྡོ་རྗེ་གཞོན་ནུའི་སྔ་ཐུན་ལ་ཞུགས་ནས་རང་འཁོས་གང་ཤེས་བསྐྱེད་རྫོགས་སོགས་ལ་བརྩོན་ཁུལ་བྱས། ཉིན་གུང་ཟ་མའི་ཐུན་མཚམས་སྐབས་སུ་ཉིན་གྲངས་མང་པོར་བདག་མེད་དུ་གཡུགས་བཞག་པའི་ལག་འཛིན་ཁ་པར་དེར་བལྟ་ཙམ་བྱས་དུས་རྒྱ་གར་ལྷོ་ཕྱོགས་དང་། ཨ་རི་ཉིའུ་ཡོག་སོགས་ས་གནས་མ་འདྲ་བ་ནས་ཁ་པར་མང་པོ་གཏངས་འདུག ད་རེས་ཀྱི་ཕུར་པའི་བསྙེན་མཚམས་ཟླ་བ་གཅིག་རིང་སུ་ལའང་ཁ་པར་དང་ཆ་འཕྲིན་སོགས་ནས་འབྲེལ་བ་མི་བྱེད་རྒྱུ་དམ་བཅའ་བརྟན་པོ་བྱས་ཡོད། ཡིན་ནའང་དེང་སང་རྒྱ་གར་རྡོ་རྗེ་གདན་དུ་ཡོད་པའི་ཡུན་རིང་འདྲིས་པའི་ངོས་ཀྱི་ཆོས་གྲོགས་བླ་མ་ཞིག་ནས་རྩེད་མོའི་ཚུལ་དུ་ WhatsApp ཞེས་པའི་ཆ་འཕྲིན་གྱི་ནང་དུ་ལན་འདི་འདྲ་ཞིག་བཞག་
བཀྲ་ཤིས་བདེ་ལེགས་མཁན་རིན་པོ་ཆེ།  ཁྱེད་ཀྱི་ཉིན་ཐོའི་ནང་ནས་ཁྱེད་མཚམས་ལ་བཞུགས་ཡོད་པ་ཤེས་བྱུང་། ཕུར་པ་རྡོ་རྗེ་གཞོན་ནུའི་ཞལ་མཇལ་བྱུང་བས། ང་ཡང་སྐྱབས་འོག་ནས་མ་འདོར་རོགས། ཁྱེད་ཀྱི་ཉིན་ཐོ་དེ་ཧ་ཅང་ཡག་པོ་འདུག མུ་མཐུད་ནས་ཉིན་ཐོ་དེ་ལ་ཤུགས་རྒྱོབས། མཚམས་གྲོལ་ཐོག་ཁ་པར་གཏོང་ཡོང་། 

ཞེས་ཞལ་ཤོབ་ཀྱི་ཚུལ་དུ་ཆོས་གྲོགས་ནས་ཕུར་པ་རྡོ་རྗེ་གཞོན་ནུའི་ཞལ་མཇལ་ཨི་བྱུང་ཞེས་པའི་དྲི་བ་དེར་མཚར་རྩེད་ཀྱི་ཚུལ་དུ་ལན་འདི་འདྲ་ཞིག་ཕུལ། 


མ་བཅོས་ཀ་དག་ཡེ་གཞི་མཁའ་དབྱིངས་ཀྱི་ཀློང་ནས།།

 ལྷུན་འགྲུབ་འགགས་མེད་འཆར་བའི་རིག་གདངས་ཀྱི་རྒྱལ་པོ།། 
སྒྲོན་དྲུག་འཇའ་ཟེར་སྦུབས་ནས་ཐོལ་སྐྱེས་ཀྱི་ཚུལ་དུ།། 
རིག་སྟོང་དོན་གྱི་རྡོ་རྗེ་གཞོན་ནུ་དེ་མཇལ་བྱུང་།

 སྣང་བ་བརྡ་ཡི་ལྷ་མཆོག་རྡོ་རྗེ་ཡི་གཞོན་ནུ།། 

སྟོང་པ་དོན་གྱི་ཡུམ་ཆེན་འཁོར་ལོ་ཡི་རྒྱས་འདེབས།། 
མ་བཅོས་གཤིས་སུ་རྫོགས་པའི་བདེ་སྟོང་གི་ཟུང་འཇུག། 
དག་མཉམ་ཆེན་པོའི་ངང་ནས་ཡི་དམ་དེ་མཇལ་བྱུང་། 

ཤེས་ཉམས་ཡིད་དཔྱོད་ལས་འདས་རང་བྱུང་གི་རིག་པ།།

གནས་དགའ་འགྱུ་སྡུག་བྲལ་བའི་མ་བཅོས་ཀྱི་གཉུག་མ།།
ཀ་དག་གཞི་ཆ་སུམ་བྲལ་ཡེ་བབས་ཀྱི་ངང་ནས།། 
གང་ཤར་སྤྲོས་བྲལ་རྡོ་རྗེ་གཞོན་ནུ་དེ་མཇལ་བྱུང་། 

བླ་མ་རྒྱངས་ནས་མི་འབོད་ད་ལྟ་ཡི་ཤེས་པ།། 

ཡི་དམ་ལོགས་ནས་མི་བཙལ་གདན་གསུམ་གྱི་ལྷ་ཚོགས།། 
སྤངས་བླངས་བྱ་རྩོལ་མེད་པ་ཅོ་བཞག་གི་རིག་པ།། 
ཡེ་བབས་དོན་གྱི་རྡོ་རྗེ་གཞོན་ནུ་དེ་མཇལ་བྱུང་། 

ཨ་ས་ཀུ་རེ་ཡིན་ནོ་མཚུངས་མེད་ཀྱི་མཆེད་གྲོགས།། 

དོན་གྱི་ཉམས་ལེན་ལྟ་སྒོམ་གཡུ་རལ་དང་བྲལ་བའི།། 
མཚམས་ཀྱི་མིང་གིས་སྤུད་པའི་སོས་ཉལ་གྱི་ཁྱི་རྒན།། 
སེང་གེའི་ཟོལ་དུ་རྫུས་ནས་སྐྱིད་ཉལ་ངང་གནས་ཡོད།། 

ཡུན་རིང་མཉམ་དུ་འདྲིས་པའི་མཆེད་གྲོགས་ཀྱི་ཀུ་རེར།།

ཕུར་པ་ཨི་མཇལ་ཟེར་བའི་དྲིས་ལན་གྱི་ཚུལ་དུ།། 
རྔ་ལ་དབྱུག་གུས་ཇི་བཞིན་གྲྭ་རྒྱགས་ཀྱི་མཚར་གཏམ།། 
ཕྱོགས་མེད་རྒྱལ་ཁམས་ཉུལ་བའི་སྤྲང་འཁྱར་དེས་ཕུལ་ལོ།།

སྙིང་ནས་བརྩེ་བའི་ཆོས་གྲོགས་ལ་ཀུ་རེའི་ཚུལ་དུ་གྲྭ་རྒྱགས་ཀྱི་མཚར་རྩེད་ཀྱི་ཚུལ་དུ་ཕུལ། ཁྱེད་ནས་ངོས་ཀྱི་ཉིན་ཐོར་བསྟོད་བསྔགས་གནང་བ་ལ་ཐུགས་རྗེ་ཆེ། ངོས་ཀྱི་ཉིན་ཐོ་དེར་གཟིགས་ན་ཨ་རིར་ལུང་པའི་ནང་དུ་གྲྭ་རྐྱང་དཀྱུས་མའི་མི་ཚེ་ཞིག་མཚོན་ཐུབ།


མཚམས་གཡོག་དང་འཚོ་བའི་གནས་མལ་སོགས་སྦྱིན་བདག་བཀའ་དྲིན་ཅན་ཆོས་གྲོགས་ཚེ་རིང་ཆོས་འཕེལ་ནས་ངོས་ཀྱི་ཐུག་པ་དགའ་ཤོས་རྩམ་ཐུག་ཞིག་དགོང་ཟས་སུ་བསྐོལ་བྱུང་བས་ཐུག་པ་འཐུང་ཞོར་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 



Saturday, February 15, 2014

མཚམས་ཉིན་བཅུ་པའི་སྐབས་སུ་ཚོར་སྣང་།

ཚེ་འདི་བློས་གཏང་མི་ལ་རས་པའི་ཞབས།།
ད་ནང་ཞོགས་པ་ལངས་ནས་རྒྱུན་འདོན་རྣམས་ཚར་བར་བྱས། ཞོགས་ཟས་ཚར་བ་དང་མཉམ་དུ་སྔར་བཞིན་ཡི་དམ་རྡོ་རྗེ་གཞོན་ནུའི་བསྙེན་ཐུན་ལ་ཞུགས། བསྐྱེད་རིམ་སྐབས་སུ་ཏིང་འཛིན་རྣམ་གསུམ་གྱི་ཁོག་ཕུབས་ནས་མཆོག་གླིང་གཏེར་གསར་ལས་བྱང་ཉིད་དཔྱད་སྒོམ་གྱིས་ཚར་བས་བྱས་རྫོགས་རིམ་སྐབས་སུ།
 རང་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་གཞོན་ནུའི་ངང་དུ་རྫོགས་ཤིང་ངོ་བོ་སྟོང་ལ་རང་བཞིན་གསལ་བའི་སྣང་ཆ་རྣམས་དངོས་མེད་སྒྱུ་མ་ལྟ་བུ་རྟོག་བྲལ་ཤར་གྲོལ་དུས་མཉམ་འོད་གསལ་གྱི་ངང་དུ་མཉམ་པར་བཞག 
ཅེས་ཚིག་དོན་འདིའི་ཐོག་ནས་སེམས་ཀྱི་ངོ་བོ་སྐྱོང་ཁུལ་བྱས། ལར་ནི་འགྱོད་དགོས་པ་ཞིག་ལ་རང་གཙོར་བྱས་པའི་མིང་ཆེན་པོ་ཁུར་ནས་དེང་དུས་ཀྱི་ཆོས་པའི་གཟུགས་བརྙན་ཅན་རྣམས་ལ་ཟབ་ཟབ་མཐོ་མཐོའི་ཆོས་རྫོགས་ཆེན་དང་ཕྱག་ཆེན་སོགས་ལ་ཧབ་ཐོབ་བྱེད་པ་ལས་ཡང་དག་ཆོས་ཀྱི་སྙིང་པོ་ལས་འབྲས་དང་། ལྷག་པར་འཁོར་བ་ལ་ངེས་འབྱུང་རྣམ་དག་ཞིག་མེད་པ་རྒྱུ་མཚན་འདི་ལ་བསྟེན་ནས་དེང་སང་ལུང་ཆོས་སྡེ་སྣོད་གསུམ་གྱིས་ངག་རྒྱན་ཅིང་། རྟོགས་ཆོས་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཕྱུག་པའི་ཆོས་པ་རྣམ་དག་ཞིག་མཇལ་རྒྱུ་མེད་པ་འདི་ཡིན། 
དེའང་རྗེ་རིན་པོ་ཆེའི་ཞལ་ནས།
 གང་ཚེ་ཤིན་ཏུ་ཟབ་པའི་ཆོས་ཚུལ་ལ།། 
བསམ་བྱུང་བློ་ཡིས་ངེས་ཤེས་རྙེད་པའི་ཚེ།།  
ཚེ་འདིའི་འཁྲི་བ་ཆོད་པའི་བརྩོན་འགྲུས་ཀྱིས།། 
དབེན་པ་བསྟེན་ནས་ཚུལ་བཞིན་སྒྲུབས་པར་ཤོག།  
ཅེས་དང་། 
ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞལ་ནས་ཀྱང་། 
ལྟོ་གོས་ཀྱི་ངོ་སྲུང་དང་ཆོས་བརྒྱད་ཀྱི་འབྲེལ་ཐག་ཆོད་པར་བྱིན་གྱིས་རློབས་ཤིག 
ཅེས་ཐུགས་སྨོན་གནང་བ་དང་། མི་ལ་རས་པས་སྲིང་མོ་པེ་ཏ་ལ་གདམས་པ་ལས། 
སྤྱིར་ང་རང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་འདི་ལ་འཇིགས་དྲགས། གསོན་པོར་མེ་ནང་དུ་བཅུག་པ་ལྟ་བུའི་འཇིགས་སྐྲག་ཡོད་པས་འདུ་འཛི་དང་གཡེང་བ་ཆོས་བརྒྱད་ཀྱི་འདོར་ལེན་མཐོང་ཚེ་སྐྱུག་ནད་པ་ལ་ཟན་བྱིན་པ་ལྟར་ཞེ་ལོག ཕ་བསད་ཀྱི་ལག་དམར་པོ་མཐོང་བ་ལྟར་སེམས་མི་དགའ་བ་ཞིག་ཡོད་པས་ཚེ་འདི་བློས་གཏང་བ་ཡིན། ཁྱད་པར་ང་ལ་ལྷོ་བྲག་མར་པའི་བཀའ་ལུང་ལ། འཇིག་རྟེན་ཆོས་བརྒྱད་འདུ་འཛིའི་གཡེང་བ་སྤོངས། གྱོང་ལྟོ་གོས་གཏམ་གསུམ་ལ་ཐོངས། གནས་ངེས་མེད་ཀྱི་དབེན་ས་འགྲིམས་ལ། ཚེ་འདི་བློས་གཏང་གི་བསམ་སྦྱོར་དྲག་པོས་སྒྲུབས་པ་གཙོ་བོར་ཐོན་ཅིག་གསུངས་པས་བླ་མའི་བཀའ་སྒྲུབས་པ་ཡིན། 
ཅེས་གསུངས་ཤིང་ཁོང་གི་ཐུགས་སྨོན་གནང་བ་ནང་བཞིན་ཆོས་པ་ཚད་ལྡན་ཅིག་བྱུང་བ་དེ་ཡང་ལམ་ངེས་འབྱུང་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་རྨ་མེད་པའི་ཐོག་ནས་ཞེ་བཅད་ཀྱི་བརྩོན་པ་དྲག་པོས་ཆོས་ལ་བརྩོན་འགྲུས་བྱས་པའི་འབྲས་བུ་ཉག་གཅིག་རེད་བསམ། བཀའ་གདམས་པའི་དགེ་བཤེས་རྣམས་ཀྱིས་ཀྱང་། ཆོས་རྣམ་དག་བྱེད་དགོས་ན་ཚེ་འདི་བློས་ཐོངས་ཞེས་ལན་གཅིག་མ་ཡིན་པར་ཡང་ནས་གསུངས་མྱོང་ཡོད། བཀའ་བརྒྱུད་མར་མི་དྭགས་གསུམ་གྱི་གསུངས་བྱིན་རླབས་ཅན་རྣམས་ལས།  
བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་བྲག་ལ་གཏད། བྲག་ཕུགས་ཤི་ལ་གཏད་ཅེས་ཆེས་ཡ་མཚན་ཅན་གྱི་ཆོས་ཚིག་འགའ་ད་དུང་ཡང་མིག་ལམ་དུ་མཇལ་རྒྱུ་ཡོད། ལུང་པ་འདིའི་ནང་ནས་ཆོས་བཤད་འདི་འདྲ་ཞིག་བཤད་ན་ཆོས་ཉན་རྒྱུ་ཕར་ཞོག་བཤད་མཁན་བླ་མ་ཉིད་ཕལ་ཆེར་རིག་འཚོའི་མ་ཟིན་པའི་གྲལ་ལ་འཇོག་ཉེན་ཡོད། དེང་སང་ང་གཙོས་ཆོས་ཁ་ནས་གྱེར་མཁན་རྣམས་ནི་གོང་གི་བཀའ་གདམས་པའི་གཏད་ས་བཞི་ལས་གོ་ལྡོག་འདི་འདྲ་ཞིག་རེད་འདུག། 
བློ་ཕུགས་འཁོར་བ་ལ་གཏད། འཁོར་ཕུགས་འཇིག་རྟེན་ཆོས་བརྒྱད་ལ་གཏད། ཆོས་བརྒྱད་སྡུག་བསྔལ་ལ་གཏད། སྡུག་བསྔལ་ཐ་མ་ཤི་བ་ལ་གཏད་ནས་ཞེ་འདོད་དང་ལག་ལེན་ལག་པ་ལྟོ་རྒྱབ་ལྟར་རྒྱབ་འགལ་དུ་སོང་ནས་ད་དུང་མིང་རྫིག་པོའི་ཆོས་ལ་མཐོ་སྙབ་བྱེད་མཁན་རྣམས་ལ་བསམ་ནས་སྙིང་ནས་སྐྱོ་བ་ཞིག་སྐྱེས་སོང་། ཆོས་གྲོགས་སམ་མཚམས་གཡོག་ཚེ་རིང་ཆོས་འཕེལ་དང་མཉམ་དུ་ཁ་བརྡ་བྱེད་ཞོར་དགོང་མོའི་ཐུན་མཚམས་སྐབས་སུ་དེ་རིང་གི་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Tuesday, February 11, 2014

མཚམས་ལ་བསྡད་ནས་ཉིན་བརྒྱད་པའི་སྐབས་སུ།

རྒྱལ་སྲས་ཆེན་པོ་ཞི་བ་ལྷ།
ཞོགས་པ་ལངས་ནས་བླ་མའི་རྣལ་འབྱོར་ནས་དབུ་བཟུང་སྟེ་ནམ་རྒྱུན་གྱི་ཁ་འདོན་རྣམས་ཚར་བར་བྱས། བར་ཐུན་སྐབས་སུ་སྔར་བཞིན་ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་བཟླས་ལ་རོལ། བོད་ཀྱི་དམངས་ཁྲོད་ཀྱི་ལུགས་སྲོལ་དུ་ཆོས་བྱེད་ཟེར་དུས་ཁ་ཆོས་དང་ལུས་ཆོས་གཙོ་བོ་བྱེད་ནས་ཁ་འདོན་དང་ཕྱག་སྐོར་སོགས་མང་པོ་བྱེད་པ་ལས། སེམས་ཆོས་གཙོ་བོ་བྱེད་ནས་སྒོམ་བྱེད་སྲོལ་ཆེར་མེད་དེར་རྟེན་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཞལ་ནས། 
ཕྱི་ནས་བལྟས་ན་ཡང་དག་ཆོས་པའི་གཟུགས།། 
ནང་དུ་རང་སེམས་ཆོས་དང་མ་འདྲེས་པ།། 
སྦྲུལ་གདུག་བཞིན་དུ་ཉོན་མོངས་ཁོང་དུ་སྦས།། 
རྐྱེན་དང་འཕྲད་ཚེ་ཆོས་པའི་འཚང་རྟགས་སྟོན།། 
བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས།། 
རང་རྒྱུད་རང་གིས་ཐུལ་བར་བྱིན་གྱིས་རློབས།།
ཞེས་གསུངས་པ་ལྟར་དེང་སང་ཆོས་པའི་མིང་ཁུར་མཁན་མང་ཡང་རྐྱེན་ཉོན་མོངས་སོགས་དང་འཕྲད་པའི་སྐབས་སུ་ཛོར་རྟགས་མང་པོ་ཞིག་སྟོན་བཞིན་པ་འདི་ནི་གང་ཉམས་སུ་ལེན་རྒྱུའི་ཆོས་ཉིད་སེམས་འདུལ་བའི་གཉེན་པོར་འགྲོ་མ་ཐུབ་པའི་སྐྱོན་ཁོ་ན་ཡིན་སྙམ། ལར་ནི་གསང་སྔགས་ཀྱི་ཆོས་འདི་འདོན་བྱ་ཚང་མ་བསྒོམ་བྱར་སོང་གསང་སྔགས་ལུང་གི་སྒོ་བཞི་ལས་ཀྱང་། 
དོན་རྣམས་གསལ་འདེབས་བརྗོད་པ་ཚིག་གི་སྒོ། 
ཞེས་འདོན་བྱའི་ཆོ་ག་ནི་དམིགས་རིམ་དང་དོན་གསལ་འདེབས་ཀྱི་གྲོགས་སུ་ལས་ངག་གིས་ཡིན་གཅིག་མིན་གཉིས་གྱེར་དགོས་པར་མི་སྣང་། སེམས་ལོགས་སུ་བཞག་ནས་ལུས་ངག་གི་ཆོས་ལ་ཇི་ལྟར་བརྩོན་ཁུལ་བྱས་ཀྱང་འབྲས་བུ་མེད་པ་ནི། 
ཞི་བ་ལྷས། 
བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།། 
ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། 
སེམས་གཞན་གཡེངས་བར་བྱས་པ་ནི།། 
དེ་དག་རིག་པས་དོན་མེད་གསུངས།། 
གང་གི་ཆོས་ཀྱི་དོན་པོ་མཆོག། 
སེམས་ཀྱི་གསང་འདི་མ་ཤེས་ན།། 
བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། 
དེ་དག་དོན་མེད་གྱི་ནར་འཁྱམས།། 
ཞེས་གསུངས་ཡོད། ངས་ནི་ཁ་འདོན་སྐབས་སུ་གང་ཤེས་སྒོམ་དོན་ལ་སྦྱར་ནས་འདོན་ཁུལ་བྱེད་ཀྱི་ཡོད་ཀྱང་ད་དུང་ཉོན་མོངས་འཁྲུལ་འབྱམས་འདི་ལ་གླག་ཁེལ་ཁག་པོ་འདུག ད་རེས་ཆོས་གྲོགས་ཚེ་རིང་ཆོས་འཕེལ་ལགས་ནས་ང་ལ་གནས་ཁང་དང་འཚོ་བ་སྦྱོར་བའི་སྦྱིན་བདག་སོགས་ཧ་ཅང་དཀའ་དྲིན་ཆེ་སོང་། ཐུན་མཚམས་སྐབས་སུ་ཁོ་རང་གི་འདོད་པ་ལྟར་དུ་སྤྱན་རས་གཟིགས་ཆོ་ག་དང་། ཚིག་བདུན་གསོལ་འདེབས། སྒྲོལ་མའི་སྒོམ་རིམ་སོགས་དང་སྦྲགས་ཆོས་སྦྱིན་ཀྱང་གང་དྲག་རེ་བྱས་པས་གང་ལྟར་ངེད་གཉིས་ཀ་སྐྱིད་པོ་བྱུང་། ད་རེས་ཀྱི་བསྙེན་མཚམས་འདིའི་རིང་ཐག་རིང་ཐུང་ལ་མ་ལྟོས་པའི་ཁ་པར་དང་། དྲྭ་རྒྱ་སོགས་ཀྱང་གནས་སྐབས་རིང་བློས་གཏོང་རྐྱང་བྱས་པས་སྐྱིད་པོ་བྱུང་། དགོང་ཟས་བར་གསེང་ཐུན་བར་དུ་ཚེ་རིང་ཆོས་འཕེལ་ལགས་དང་ཁ་བརྡ་བྱེད་ཞོར་དུ་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Saturday, February 8, 2014

མཚམས་ལ་བསྡད་པའི་ཉིན་གསུམ་པའི་སྐབས་སུ་ཚོར་སྣང་།

འབྲལ་མེད་དུ་འཆང་བའི་ཁ་འདོན་བེའུ་བུམ།
དེ་རིང་གི་ཉིན་མོ་འདི་ནི་མཚམས་ལ་བསྡད་པའི་ཉིན་གསུམ་པ་དེ་ཡིན། ད་ནངས་ཞོགས་པ་ལངས་ནས་བླ་མའི་རྣལ་འབྱོར་དང་རིམ་བཞིན་རྒྱུན་ཁྱེར་གྱི་ཁ་འདོན་རྣམས་ཚར་བར་བྱས། ཞོགས་ཟས་ཚར་བ་དང་ལྷན་ངོས་ཀྱི་ཡི་དམ་ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབས་ལ་འཇུག རང་ལོ་ཉི་ཤུའི་སྐབས་སུ་བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དང་ངོས་ཀྱི་ཕ་འདས་པོ་གཉིས་ཀྱི་སྐུ་དྲིན་གྱིས་རང་དགོན་དུ་མཆོག་གླིང་གཏེར་གསར་སྒྲུབ་ཁང་སྒྲུབ་ཐེངས་ཐོག་མའི་སྐབས་སུ་ལོ་གསུམ་ཕྱོགས་གསུམ་སྒྲུབ་ཁང་དུ་འདུག་རྒྱུའི་བསྐལ་པ་བཟང་པོ་བྱུང་། དུས་དེ་ནས་བཟུང་བློ་ཆོས་སུ་འགྲོ་བའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་ནས་ཐོས་བསམ་བཤད་སྒྲུབ་གང་བྱས་ཀྱང་བར་ཆད་མེད་པར་ཧ་ཅང་ཡག་པོ་བྱུང་། རྗེས་སོར་ལོ་གསུམ་ཕྱོགས་གསུམ་སྒྲུབ་ཁང་ཚར་བ་དང་མཉམ་དུ་ཁམས་སྡེ་དགེའི་ཕྱོགས་སུ་སློབ་གཉེར་ལ་སོང་བས་དཔེ་ཆ་གང་ཤེས་ཐོས་དོན་རྒྱུད་ཐོག་ཏུ་ཁེལ་བ་གདན་སའི་རིགས་ལམ་པའི་གྲྭ་རྒོད་ཞིག་དང་གཏན་ནས་མི་འདྲ་བ་འདིའང་དང་པོ་ནས་སྒྲུབ་ཁང་ནང་དུ་ཉིན་མཚན་ལྟོས་མེད་དུ་དཀའ་ལས་རྒྱབ་པའི་གྲུབ་འབྲས་ཉག་གཅིག་ཏུ་མཐོང་། ལར་ནི་ཐོས་བསམ་སྤྱི་ཡི་འགྲོ་སྟངས་ལ་དང་པོ་ཐོས་པ་དེ་ནས་རིམ་བཞིན་བསམ་སྒོམ་སོགས་ཀྱིས་རྒྱུད་སྦྱངས་དགོས་ཚུལ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མགྲིན་གཅིག་ཏུ་སྨྲ།
 སློབ་དཔོན་དབྱིག་གཉེན་གྱིས། 
ཚུལ་གནས་ཐོས་དང་བསམ་གཏན་དང་། 
སྒོམས་པ་ལ་ནི་རབ་ཏུ་སྦྱོར། 
ཞེས་དང་།
ཆོས་རྗེ་ས་པཎ་གྱིས། 
ཐོས་པ་མེད་པའི་སྒོམས་པ་ནི། 
ལག་ལྡུམ་བྲག་ལ་འཛེག་པ་འདྲ། 
ཞེས་ཟེར་ནས་གྲྭ་སའི་རྟོག་གེའི་རིག་པ་བ་རྣམས་ཀྱིས་གོང་གི་རྒྱ་བོད་མཁའ་པའི་ལུང་དུམ་དེ་རྣམས་ཟློས་སྐྱོར་བྱེད་ནས་ལུང་རིགས་ཀྱི་མདའ་རུབ་བྱེད་ཀྱིས་ང་བསད་གྲབ་བྱེད་སྲིད་ཀྱང་། དོན་དུ་ལོ་གསུམ་ཕྱོགས་གསུམ་གྱི་མཐར་སོན་པར་བྱས་ནས་ད་གཟོད་གཞི་ནས་ཐོས་པའི་གཞུང་ལུགས་ཀྱི་གྲུ་གཟིངས་ལ་ཞུགས་ན་གང་ཐོས་རྒྱུའི་དཔེ་ཆ་དེ་ཉིད་ཀྱང་རྒྱུད་ཐོག་ཏུ་ཁེལ་བའི་དགོས་པ་དང་། ཐ་ནའང་གྲྭ་སར་བཞུགས་པའི་རིང་གྲྭ་རྒོད་གླང་ཆེན་སྨྱོན་པ་ལྟ་བུ་མི་ཆགས་པའི་དགོས་པའང་་ཡོད་དོ། 
གང་ལྟར་ཀྱང་ང་ནི་དུས་ཚོད་གང་ཁོམ་ལ་ཐུན་མཚམས་རེར་འདུག་རྒྱུ་འདི་ནི་ངོས་ལ་མཚོན་ན་ཆེས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ཁ་སང་མཚམས་ལ་མ་བསྡད་པའི་ཉིན་ཤས་གོང་མིང་འགོད་འདོད་མེད་པའི་ངོས་ཀྱི་ཆོས་གྲོགས་བླ་མ་ཞིག་ནས་ཁ་པར་སླེབས་བྱུང་། ངས་ཁོང་ལ་གནས་སྐབས་ང་ཟླ་བ་གཅིག་རིང་མཚམས་འདུག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཞུས་པས་ཁོང་ནས་འདི་ལྟར་གསུངས་སོང་། 
མཚམས་ལ་འདུག་བསམ་ན་རྒྱ་གར་བལ་ཡུལ་སོགས་ལ་སོང་། ཨ་རི་ནས་མཚམས་ལ་འདུག་ནས་ཅི་བྱེད། དེ་ལས་ཁྱོད་རང་ཟླ་བ་གཅིག་ལ་དབྱིན་ཇིའི་སློབ་གྲྭ་ལ་སོང་ན་ཡག་པོ་ཡོད་རེད་ཟེར། 
དེ་ནི་གཅིག་བྱས་ན་ཁོ་རང་ངོས་ཀྱི་དབྱིན་ཇིའི་གོག་ཏོ་དེ་དང་། ང་ཡི་ཁ་ཐབས་འཇོན་གསུམ་ལ་སྙིང་རྗེ་ནས་ཕན་པའི་བསླབ་བྱ་ཞིག་ཡིན་ལུས་སྲིད་ཀྱང་། ངས་བསམ་ན་གྲྭ་ཆས་འདི་གྱོན་ཚར་ནས་བཟུང་སྟེ་མཐར་ཐུག་གི་དམིགས་ཡུལ་གཅིག་ལས་མ་གཏོགས་མི་འདུག་བསམ། དེ་ནི་གྲྭ་པ་ལ་དགོས་རྒྱུ་ཉག་གཅིག་པོ་ནི་ཐོས་བསམ་སྒོམ་གསུམ་དང་། དེ་ལས་གལ་ཆེ་ཤོས་ཞིག་ལ་དུས་རབས་འདིར་བོད་པའི་སྤྱི་ཚོགས་ཁྲོད་དུ་གསང་སྔགས་ཀྱི་ཆོས་གྲོང་པའི་རྒན་མོ་ཚུན་ཆད་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད་ཀྱང་རྒྱུད་ནས་གསུངས་པ་ནང་བཞིན་ལམ་རྟགས་ཀྱི་ཡོན་ཏན་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་འདི་ནི་ལམ་འདིར་རིག་གཅིག་རྐང་འཛིན་བྱེད་མཁན་མེད་པའི་སྐྱོན་ཆ་ཞིག་ཏུ་མཐོང་། 
དགོང་མོའི་ཐུན་མཚམས་སུ་སྡོད་ཁང་དང་འཚོ་བའི་སྦྱིན་བདག་བཀའ་དྲིན་ཅན་ཚེ་རིང་ཆོས་འཕེལ་ལགས་དང་ཁ་བརྡ་བྱེད་ཞོར་སེམས་ལ་གང་དྲན་དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་ཡུར། 

Wednesday, February 5, 2014

པོར་ལེན་ཌི་ལ་སོང་བའི་ཉིན་མོ།

san jose Airport གནམ་ཐང་ནས། 
དེ་རིང་ནི་སྔ་ནས་དུས་ཆད་བྱས་པ་ནང་བཞིན་པོར་ལེན་ཌི་ལ་འགྲོ་དགོས་ཡོད། དེ་ནི་2013 ལོའི་ལོ་མཇུག་ཏུ་ངོས་མཚམས་ལ་འདུག་རྒྱུ་དེ་ཡིན། སྤྱིར་གཏང་ང་མཚམས་ལ་འདུག་ས་ཀི་ལི་ཕོ་ཉ་རུ་བསྡད་ཀྱང་གནམ་གཤིས་དང་། མཐུན་རྐྱེན་སོགས་གང་ཐད་ནས་སྟབས་བདེ་ཡང་མཚམས་ལ་འདུག་པའི་སྐབས་སུ་ནམ་རྒྱུན་བསྡད་ས་ལས་ས་གནས་གཞན་ཞིག་ཏུ་སོང་ན་གནས་ཁང་གི་ཞེན་པ་སྤོངས་བ་དང་། འདུ་འཛི་ལས་ཐར་བ་སོགས་དགོས་པ་མང་པོ་ཞིག་ཡོད། ངོས་ལ་མཚོན་ན་ནམ་རྒྱུན་ཆོས་ཚོགས་ཀྱི་ལས་ཀ་དང་། རྒྱུན་ལྡན་སློབ་མ་རྣམས་ཀྱི་འབྲེལ་བའི་བྲེལ་ཟིང་སོགས་ལ་གཡོལ་ནས་ད་རེས་པོར་ལེན་ཌི་ལ་ཆོས་གྲོགས་ཚེ་རིང་ཆོས་འཕེལ་ནང་དུ་ཟླ་བ་གཅིག་རིང་སོས་དལ་ངང་བསྙེན་མཚམས་ཞིག་ལ་འདུག་རྒྱུ་བྱས་ནས་ཡོང་བ་ཡིན། ཉིན་གུང་རྒྱབ་ཏུ་ཆོས་ཚོགས་ཀྱི་ཚོགས་གཙོ་ཧེར་ཌི་གཙོས་ངོས་ཀྱི་དགེ་ཕྲུག་གསུམ་ནས་San jose Aiport གནམ་ཐང་ལ་བསྐྱལ་བྱུང་། པོར་ལེན་ཌི་གནམ་ཐང་དུ་འབྱོར་བས་གྲྭ་བློ་བཟང་ལགས་དང་ཁོང་གི་ངོ་ཤེས་ཝེར་ནམ་སྐྱེ་དམན་གཉིས་ནས་སྒུག་འདུག ཅུང་ཙམ་རྗེས་ནས་ཆོས་གྲོགས་ཚེ་རིང་ཆོས་འཕེལ་ལགས་ཕེབས་བྱུང་བས་ང་ཁོང་མཉམ་དུ་ཤར་སྐྱོད་ཁོ་རང་གི་ནང་དུ་སོང་། ཁོང་གི་ཁང་པ་ནི་ཡངས་ཤིང་རྒྱ་ཆེ་ལ་ཐབ་ཚང་དང་ཁང་མིག་སོགས་ལ་བོད་ལུགས་ལྟར་དུ་གང་སར་ཐང་སྐུ་རྣམས་ཀྱིས་ཁེངས་འདུག ཚེ་རིང་ཆོས་འཕེལ་ནི་སྐྱེ་ཡུལ་སྟོད་དིང་རི་ནས་ཡིན། གྲོང་མིང་ལ་དིང་རི་མགོན་ཏའི་ཟེར། ཨ་རིར་འབྱོར་ནས་ཕལ་ཆེར་ལོ་བཞི་བཅུ་ཞེ་གྲངས་རེད་འདུག ད་ལྟ་རྒན་ཡོལ་ཞུས་ནས་ལོ་གཅིག་མ་ཟིན་ཙམ་རེད་འདུག། ཁོང་ནི་ཁམས་པའི་མི་ནང་བཞིན་མཐོ་དམན་སུ་ཡིན་ཀྱང་འཛེམས་ཟོན་མེད་པར་གང་དྲན་ཁ་ནས་བཤད་མཁན་གཡོ་སྒྱུ་མེད་པར་མི་ཁ་རུ་ཁ་ཐུག་ཞིག་རེད་འདུག ང་ནི་ཁོང་ནང་བཞིན་མི་ཁ་རུ་ཁ་ཐུག་རིགས་ལ་དགའ་བོ་ཡོད། ཁོང་ནས་འཐེན་ཐུག་ཞིམ་པོ་ཞིག་བཀོལ་འདུག་སྟབས་ངེད་གཉིས་འཐེན་ཐུག་མཉམ་དུ་འཐུང་བཞིན་ཕན་ཚུན་ཁ་བརྡ་ལ་རོལ། ཕྱི་ཉིན་ཆོས་གྲོགས་ཨ་ཅ་པདྨ་དབྱངས་སྐྱིད་ནད་བབས་ལྗི་བས་ཚེ་རིང་ཆོས་འཕེལ་ངེད་གཉིས་ཐུག་འཕྲད་ལ་སོང་། ནད་གཞི་ཀན་སེལ་ཡིན་སྟབས་སྨན་པས་བཅོས་མེད་ཀྱི་ནད་ཡིན་པ་ཤེས་ཀྱང་ཨ་ཅ་བདྨ་དབྱངས་སྐྱིད་ནི་ནམ་རྒྱུན་ཆོས་པ་ཡག་པོ་ཞིག་ཡིན་སྟབས་སེམས་ལ་སྡུག་བསྔལ་དང་དངངས་སྐྲག་སོགས་གང་ཡང་མི་འདུག ངས་ཀྱང་ཚང་མ་སྔ་ཕྱི་མ་གཏོགས་ལམ་འདི་ལས་གཡོལ་ས་མེད་པ་གཅིག་པ་ཡིན་པས་སེམས་ཁྲལ་བྱེད་མི་ཉན་ཚུལ་དང་སྦྲག་འབྲལ་མེད་དུ་འཆང་བའི་བྱིན་ལྡན་གའུ་དེ་མགོ་ཐོག་ཏུ་བཞག་ནས་སྨོན་ལམ་དང་བསླབ་བྱ་སོགས་གང་དྲག་བྱས། མཚམས་ལ་འདུག་པའི་རིང་སྤུས་མོ་དཀྲི་བྱེད་ཀམ་བ་ལིའི་དམར་པོ་ཞིག་དང་། བལ་ཡུལ་ནས་བཟོས་པའི་ཇ། གཞན་སྐྱབས་བརྟེན་ཡིན་ཞེས་དངུལ་སོགས་སྤྲད་ཀྱི་འདུག ཡུན་རིང་ཆོས་གྲོགས་སུ་སོང་བའི་པདྨ་དབྱངས་སྐྱིད་དེ་རིང་ནད་ཚབས་ལྗི་ཡང་ཤི་ཁ་ངོ་ཐུག་བྱུང་བ་ངེད་གཉིས་ཀ་དགའ་བོ་བྱུང་། སང་ཉིན་ནས་བཟུང་ཟླ་བ་གཅིག་རིང་མཚམས་ལ་འདུག་རྒྱུ་ཡིན། དེ་ཡི་རིང་ཁ་པར་དང་དྲ་རྒྱ་སོགས་ཀྱང་གནས་སྐབས་རིང་བློས་གཏང་འཆར་ཡོད། 

Tuesday, February 4, 2014

མི་མང་ལ་བྱམས་པ་དང་སྙིང་རྗེའི་སྐོར་ཆོས་བཤད་བྱས་པའི་ཉིན་མོ།

ཁར་མེལ་རྒྱ་མཚོའི་ཟུར་གྲམ་ཞིག་ནས།
ཉིན་མོ་འདི་ནི་ངོས་ཀྱི་ཆོས་ཚོགས་ནས་སྔ་ནས་གྲ་སྒྲིགས་བྱས་པ་ནང་བཞིན་མི་མང་ལ་ཆོས་བཤད་བྱེད་རྒྱུ་དེ་ཡིན། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་དུ་སོང་བས་མི་མང་དྲུག་བཅུ་ཙམ་གྱིས་འཚོགས་ཁང་ཡོངས་སུ་ཁེངས་འདུག  དེ་རིང་ཆོས་བཤད་བརྗོད་བྱ་རུ་(བྱམས་པ་དང་སྙིང་རྗེ་གོང་འཕེལ་དུ་གཏོང་བ)  ཞེས་པ་དེ་ཡིན། གང་ཡིན་ཟེར་ན་ཟླ་བ་འདིའི་སྤྱི་ཚེས་14 ཉིན་དབྱིན་ཇིའི་སྐད་ལ་ Happy Valentine's Day དང་བོད་སྐད་དུ་(བརྩེ་བའི་དུས་ཆེན) ཞེས་ལུང་པ་འདིའི་ནང་དུ་དམིགས་བསལ་གྱི་དུས་ཆེན་ཞིག་ཡིན། ངས་ཀྱང་དེ་རིང་བརྗོད་བྱ་དེ་དང་མཐུན་པའི་བྱམས་པ་དང་སྙིང་རྗེའི་ཆོས་བཤད་ལ་འཇུག དང་པོ་ངོས་ཀྱི་དགེ་ཕྲུག་རྣམས་ནས་ཆེས་དགའ་མོས་བྱེད་པ་ངོ་ཚ་མེད་པར་ངོས་ཀྱི་དབྱིན་ཇིའི་ཆག་རོ་དེ་རྒྱབ་ནས་མཚམས་སྦྱོར་གྱི་ཆོས་བཤད་བྱས། དངོས་གཞིའི་ཆོས་ཐུན་སྐབས་སུ་ངོས་ཀྱི་སྐད་བསྒྱུར་བྱམས་པ་མཐར་ཕྱིན་རྒྱུད་ནས་ནང་ཆོས་ནང་ནས་ཚད་མེད་བཞིའི་སྐོར་ལ་འགྲེལ་བཤད་ཐུང་ཙམ་བྱས་ནས། བྱམས་པ་དང་སྙིང་རྗེའི་ཕན་ཡོན། དེ་མེད་པའི་སྐྱོན་ཆ། བྱམས་པ་དང་སྙིང་རྗེ་ཇི་ལྟར་རྒྱུད་ལ་སྐྱེ་ཚུལ་སོགས་ས་བཅད་གསུམ་གྱི་ཁོངས་སུ་བསྡུས་ནས་དེང་སང་སྤྱི་ཚོགས་དང་མཐུན་པའི་འགྲེལ་བཤད་གང་ཤེས་བྱས་ནས་སྔ་ལོར་ངོས་ནས་བྲིས་པའི། 
སྙིང་གཏམ་ཆོས་ཀྱི་བདུད་བརྩི།
ཞེས་པའི་དེབ་ཆུང་དབྱིན་བསྒྱུར་བྱས་པ་དེ་ཚར་གཅིག་མཉམ་འདོན་བྱས་ནས་མི་མང་ལ་དྲི་བ་དྲིས་ལན་སོགས་ཀྱིས་དེ་རིང་གི་ཆོས་ཐུན་དེ་ལེགས་གྲུབ་བྱུང་། ཟུར་བཅར་བ་རྣམས་ལ་བཀའ་བསྒོ་བྱིན་རླབས་དང་། དྲི་བ་དྲིས་ལན། པར་མཉམ་ལེན་སོགས་སོ་སོའི་འདོད་བློ་ཡོངས་སུ་བཀང་ནས་ནང་དུ་འབྱོར་ནས་དེ་རིང་ཉིན་ཐོ་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།