Sunday, March 30, 2014

ཟྭ་ཐུག་དང་པག་ཟོས་ནས་ནང་དུ་སྐྱིད་ཉལ་བྱས་པའི་ཉིན་མོ།

ཉིན་གུང་ཟ་མ་ཟྭ་ཐུག་དང་རྩམ་པ།
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་དེ་རིང་ནི་ཉེ་ཆར་ཨ་མ་སུས་སིན་ངེད་གཉིས་ནས་དཀའ་ལས་མང་པོ་རྒྱབ་ནས་བཀོག་པའི་ཟྭ་སྔོ་དེ་ཉིན་གུང་ཟ་མ་རུ་བཟོ་ཆེས་གྲ་བསྒྲིག་བྱས། ང་ནི་བོད་ཀྱི་སྲོལ་རྒྱུན་ཟ་མ་རྩམ་པ་དང་ཟྭ་ཐུག་གཞན་སྐྱུར་ཐུག་སོགས་ལ་ཧ་ཅང་དགའ་བོ་ཡོད། ལྷག་པར་ཟྭ་ཐུག་དང་པག་གཉིས་མཉམ་དུ་བཟའ་རྒྱུ་འདི་ནི་ངོས་ཀྱི་ཟ་མ་ཆེས་དགའ་ཤོས་དེ་ཡིན། དེ་རིང་ངས་ཟྭ་ཐུག་ནང་དུ་ཕིང་དང་། ཤ་ལ་ཕུག་སོགས་བཏུབས་ཤིང་ཟྭ་ཐུག་ཞིམ་པོ་ཞིག་བསྐོལ་ནས་མཉམ་དུ་པག་དང་ཟོས་པས་ཞིམ་པོ་དཔེ་མེད་ཅིག་བྱུང་། 
ང་བོད་ལ་ཡོད་པའི་སྐབས་སུ་ངོས་ཀྱི་སྐྱེས་ཡུལ་གྲོང་བསེབ་(རྡོ་ཁྱུག་གྲོང་) ཞེས་པ་དེར་དཔྱིད་ཀར་གྲོང་པའི་རྩིག་གསེབ་རྡོ་རའི་བར་དུ་ཟྭ་སྐྱེས་ཡོད་སྟབས་གྲོང་པའི་ཕྲུག་གུ་རྣམས་འབོད་ནས་ཟྭ་བཀོག་ལ་འགྲོ་གི་ཡོད། ངོས་ཀྱི་ཕ་རྒན་ཞིང་གཤེགས་དམ་པ་དེ་ལུང་པའི་བོད་ཟས་གཡོས་སྦྱོར་ལ་ཧ་ཅང་མཁས་པ་མ་ཟད་ཁོང་གི་ལག་ཟས་ལ་བྲོ་བའང་ཆེན་པོ་ཡོད། ཁོང་ནས་ཟྭ་ཐུག་ནང་དུ་ཤ་ཚིལ་རྙིང་པ་སོགས་བཏུབས་ནས་ངེད་ཕ་བུ་མིང་སྲིང་རྣམས་ཉི་མའི་ནང་དུ་ཧ་ཡང་གི་མཐའ་སྐོར་ནས་ཟྭ་ཐུག་འཐུང་བ་དེ་དྲན་གསོས་ཐེབས་སོང་། 

དྲིན་ཅན་ཕ་ལོ་དམ་པའི།། 

ལག་ཟས་ཟྭ་ཐུག་ཞིམ་པོ།། 
དྭ་ཕྲུག་མིང་སྲིང་ལྷན་དུ།། 
མཉམ་དུ་འཐུང་བ་དྲན་སོང་།

རོ་བཅུད་ལྡན་པའི་ཕ་ཟས།། 

ས་འདིར་ཡོད་ན་བསམ་སོང་།
དྲིན་ཅན་ཕ་ལོ་དམ་པ།། 
མཉམ་དུ་ཡོད་ན་དྲན་སོང་།

གཅེས་པའི་ཕུ་ནུ་མིང་སྲིང་། 

འཛོམས་པའི་དུས་ཞིག་ཨི་ཡོད།།
ཞིམ་པོའི་ཟྭ་ཐུག་འདི་ཡིས།། 
ཕ་ཡུལ་དྲན་བརྡ་གཏངས་བྱུང་། 




Thursday, March 27, 2014

གྲོགས་པོར་གླེང་མོལ་བྱས་པའི་ཉིན་མོ།

སྐད་གྲགས་ཅན་གྱི་ས་ཆ་རྦིག་སུར།
ད་ནུབ་རྒྱ་གར་ལ་ཡོད་པའི་ངོས་ཀྱི་གྲོགས་པོ་ཞིག་དང་མཉམ་དུ་ཁ་པར་ཐོག་ནས་ཡུན་རིང་ཁ་བརྡ་བྱས། ཁོང་དང་ངེད་གཉིས་ནི་ཆེས་ཉམས་དམའ་བའི་དུས་འདས་པའི་མི་ལོ་བཅོ་ལྔ་ཙམ་གྱི་གོང་ནས་རྒྱ་གར་རྡ་རམ་ས་ནས་འབྲས་རྡ་ལི་མཉམ་བཟའ་དང་། ཇ་མངར་མོ་མཉམ་འཐུང་བྱས་ཤིང་སྐབས་སྐབས་སུ་རྡ་སའི་སྲང་ལམ་ནང་དུ་གསར་འབྱོར་བ་རྣམས་ཀྱིས་གཙོང་བཞིན་པའི་བོད་ཟས་གློ་བ་ཁ་ཚ་དང་། ཨ་མདོའི་མོག་མོག་སོགས་ཀྱང་མཉམ་བཟས་བྱས་པ་གྲངས་ཀྱིས་མི་ཟིན། གང་ལྟར་སྐབས་དེ་དུས་རྡ་རམ་སར་ཁོང་ནི་ངོས་ཀྱི་ལྟ་སྤྱོད་མཐུན་པའི་གྲོགས་པོ་ཡག་ཤོས་ཡིན་ཡིན་ཟེར་ཀྱང་ཕལ་ཆེར་མི་འགྲིག་པ་མེད། ཡིན་ནའང་མི་ཚེའི་འགྱུར་འགྲོས་འདི་ནི་འཐོར་རླུང་གིས་བརྡས་པའི་བྱེའུ་ནང་བཞིན་དུ་གར་འགྲོར་ངེས་གཏན་མེད་པས་ང་ཡང་འདས་པའི་མི་ལོ་མང་པོའི་རིང་འཁྱམས་ཉུལ་བྱེད་རྒྱུ་མང་དྲགས་ནས་ལོ་མང་རིང་ཁོང་ལ་དངོས་སུ་ཐུག་རྒྱུ་ཕར་ཞོག་དེ་རིང་མ་གཏོགས་ཁ་པར་དང་ཆ་འཕྲིན་སོགས་གང་གི་ཐད་ནས་འབྲེལ་བ་བྱེད་ཐུབ་མ་སོང་། ངས་ནི་ཁོང་བོད་ལ་ཕེབས་ཚར་ཡོད་ཤག་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་ནི་བཀའ་བརྒྱུད་པའི་དགོན་པ་ཞིག་གི་སྒྲུབ་ཁང་ནང་དུ་ལོ་གསུམ་ཕྱོགས་གསུམ་ལ་མཚམས་ལ་བཞུགས་འདུག དེ་རིང་ནི་གྲོགས་པོར་དངོས་སུ་ཐུག་པ་ནང་བཞིན་དགའ་ཚོར་བྱུང་། 
གྲོགས་པོར་མ་ཐུག་ཡུན་རིང་སོང་སྟབས་འདས་སོང་གི་ལོ་རྒྱུས། མ་འོང་པའི་ཇུས་གཤམས། ད་ལྟའི་གནས་སྟངས་སོགས་དྲན་ཚད་གླེང་མོལ་བྱས་པ་ཡིན། ལྷག་པར་བོད་ཀྱི་གཏམ་དཔེར། སེམས་ལ་དྲན་ན་གླེང་གྲངས་མང་བའི་དཔེ་ལྟར་གཞིས་ལུས་རྒྱལ་གཅེས་བོད་རིགས་རྣམས་ཀྱི་སྐོར་གླེང་འགོ་བརྩམས་པས་ཁོང་ནས་ང་ལ་འདི་ལྟར་གསུངས། མཁན་པོ་བོད་ཀྱི་སྐོར་དེ་སྲིད་དོན་རང་རེད་ངས་ནི་སྲིད་དོན་གཡུགས་ནས་ལོ་མང་འགྲོ་སོང་དེའི་སྐོར་མི་བཤད་ཅེས་ཁ་ཐུག་གསུངས་སོང་། ངས་ནི་ཚིག་དེ་གོ་བ་དང་མཉམ་དུ་སྙིང་ལ་ཆུ་འཁྱག་གྲང་མོ་བླུགས་པ་ནང་བཞིན་གྲང་སིབ་སིབ་བྱུང་། སྤྱིར་གཏང་ཁོང་ནི་དེང་སང་ལོ་གསུམ་ཟླ་གསུམ་སྒྲུབ་ཁང་ནས་དོན་ཚར་མ་ཐག་ངེས་འབྱུང་རྣལ་མའི་དྲི་མ་ཡལ་བ་སྒྲུབ་གྲྭ་རྙིང་པས་ལམ་ཁའི་གསེར་མི་འདོད་ཅེས་པ་ལྟར་སྒྲུབ་བརྒྱུད་གོང་མའི་གདུང་འཚོབ་བཀའ་གདམས་པའི་གཏད་ས་བཞིར་བློ་ཕུག་བཅོལ་མཁན་གྱི་ཆོས་པ་ཚད་ལྡན་ཞིག་ཡིན་ལུས་སྲིད་ཀྱང་། ངས་ཀྱང་ད་ལྟའི་བོད་ཀྱི་གནས་སྟངས་འདིའི་ལས་འགན་ནི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟེན་ཡོངས་ལ་མི་འདོད་ཀྱང་ཁུར་དུ་བབས་པའི་འགན་འཁྲི་ཞིག་ལས་སྲིད་དོན་མིན་སྐོར་འགྲེལ་བཤད་གང་ཤེས་བྱས་པ་མ་ཟད། མཐར་ངས་ཁོང་ལ་འདི་ལྟར་དྲིས། 
གྲོགས་པོ་ག་རེ་བྱས་ནས་བོད་དོན་འདི་སྲིད་དོན་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་དུས། ཁོང་ནས་གཞན་གང་ཡང་མ་གསུངས་ནས་དེ་འཇིག་རྟེན་ཆོས་བརྒྱད་རེད་ཟེར། 
ངས་སྐྱར་དུ་འདི་ལྟར་དྲིས། ཁྱེད་རང་གཏན་ནས་མི་དགའ་སའི་འཇིག་རྟེན་ཆོས་བརྒྱད་དེ་ག་རེ་རེད་ཅེས་དྲིས་དུས། 
ཁོང་ནས་བསམ་བློ་མང་པོ་ཞིག་གཏངས་གཏངས་ནས་མཐར་ཚང་མ་དྲན་གི་མི་འདུག གང་ལྟར་རང་ཁེ་གཞན་ཕམ་མ་རེད་པས་ཅེས་སྐད་ངག་དམའ་བོའི་ཐོག་ནས་གསུངས་སོང་། ངས་ཁོང་ལ་འདི་ལྟར་ཞུས། 
དཔེར་ན་ཁྱེད་རང་གཏན་ནས་མི་དགའ་སའི་དགྲ་བོ་ཞིག་ཡོད་ན་མི་དེའི་མིང་དང་བསྡོད་གནས་ཐ་ན་མི་དེའི་སྤྱོད་ལམ་སོགས་ཀྱང་མིག་ལམ་དུ་འཁོར་ངེས་ཅན་རེད། ད་རེས་གྲོགས་པོ་ཁྱེད་རང་གཏན་ནས་མི་དགའ་ས་འཇིག་རྟེན་ཆོས་བརྒྱད་ཟེར་བའི་མིང་གོ་དུས་ནས་སྙིང་རྩ་གཡོ་འགུལ་བྱེད་པའི་དགྲ་བོ་དེའི་མིང་ཙམ་ལས་གྲངས་ཀ་བགྲངས་རྒྱུ་མེད་པ་དེ་ཆེས་ཡ་མཚན་རེད་ཅེས་ཁ་ཤོབ་ཀྱི་ཚུལ་དུ་བཤད་པས་ཁོ་རང་ཡང་གད་མོ་ཤོར་བྱུང་། དེའི་རྗེས་ནས་ངས་ཁོང་ལ་རྩེད་མོའི་ཚུལ་དུ་ཁྱེད་རང་ཧ་ཅང་སྐྲག་དགོས་སའི་འཇིག་རྟེན་ཆོས་བརྒྱད་ནི་འདི་རེད་ཅེས་བཤེས་སྤྲིངས་ནང་གི་ཤོ་ལོ་ཀ་དེ་ཐེངས་གཅིག་མར་སྐྱོར་བ་ཡིན། 
འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་།། 
བདེ་དང་མི་བདེ་སྙན་དང་མི་སྙན་དང་།། 
བསྟོད་སྨད་ཅེས་བགྱིས་འཇིག་རྟེན་ཆོས་བརྒྱད་པོ།། 
བདག་གི་ཡིད་ཡུལ་མིན་པས་མགོ་སྙོམས་མཛོད།།
ལར་ངོས་ཀྱི་གྲོགས་པོ་ཁོང་ནི་ལྷག་བསམ་ཅན་ལས་སློབ་སྦྱོང་ཅན་ཞིག་མིན་སྟབས་ངས་གང་བཤད་རྣམས་དང་པོར་ཁས་ལེན་དཀའ་ཙམ་བྱུང་། མ་གཞི་ལུགས་གཉིས་གང་གི་ཐད་ནས་ཡིན་ཀྱང་ཁོང་ནས་ང་ལ་ར་གན་གསེར་རློམ་གྱིས་ཚད་ལས་འདས་པའི་ཡིད་ཆེས་བྱེད་མཁན་ཞིག་ཡིན་སྟབས་མཐར་ཁོང་ནས་མཁན་པོ་ཁྱེད་རང་ཆོས་སྲིད་གང་གི་ཐད་ནས་མཁྱེན་རྒྱ་ཅན་ཞིག་ཡིན་སྟབས་ངས་ཡིད་ཆེས་ཡོད་ཅེས་ཟེར། འདི་ལོར་རིང་མིན་ང་རྒྱ་གར་འགྲོ་བའི་སྐབས་སུ་གཏན་གཏན་ཁོང་དང་ཐུག་རྒྱུའི་དུས་ཚོད་སོགས་ཕལ་ཆེར་ཁ་དན་བྱས་དེ་རིང་ཧ་ཅང་ཉམས་དམའ་བའི་སྐབས་སུ་འདྲིས་འགྲོགས་ཡུན་རིང་བྱུང་བའི་གྲོགས་པོ་དེའི་ཁ་པར་གནང་བ་ལ་དགའ་བ་དང་། ཁོང་གི་སྐད་ཆ་བཤད་སྟངས་སོགས་ལ་ཁོག་འཛུམ་ཤོར་བཞིན་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, March 21, 2014

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མདོ་སྔགས་གཉིས་ནས་ལུང་གིས་ཟིན་པའི་སྐོར།

༧གོང་ས་མཆོག་སྐུ་ན་ཕྲ་བའི་སྐབས་སུ།
ཞོགས་པ་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཆུ་ཚོད་ཕྱེད་ཙམ་རིང་བྱས་ནས་ཞོགས་ཟས་སུ་སྦྲང་དཀར་རྩམ་པའི་སྤོད་ཀྱིས་རྒྱན་པའི་ཤིང་ཐོག་དང་། ངང་ལག་སོགས་ཞོགས་ཟས་མདོར་བསྡུས་ཀྱིས་ལྟོ་བ་འགྲང་བར་བྱས་ནས་ནམ་རྒྱུན་གྱི་ཁ་འདོན་རྣམས་ཚར་བར་བྱས། ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉིའུ་ཡོག་ལ་ཡོད་པའི་ངོས་ཀྱི་ངོ་ཤེས་རྙིང་པ་གྲྭ་ཟུར་ཞིག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་པ་ཡིན་མིན་གྱི་དྲི་བ་ཆེན་པོ་དེ་རེད། ངས་ཀྱང་ནམ་རྒྱུན་བོད་རིགས་རྣམས་ཀྱིས་༧གོང་ས་མཆོག་སྤྱན་རས་གཟིགས་དང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཁུལ་ཙམ་ལས་མདོ་སྔགས་གང་ནས་ལུང་གིས་ཟིན་ཡོད་མེད་སུ་ལའང་འགྲེལ་བཤད་མེད་པ་དེ་རེད། དེ་རིང་གོ་སྐབས་འདི་བརྒྱུད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མདོ་སྔགས་ཁ་ཤས་ནས་ལུང་གིས་ཟིན་པའི་ཉིན་ཐོར་འགོད་རྒྱུ་དེ་ཡིན། 
འཇམ་དཔལ་རྩ་རྒྱུད་ལས།
སྟོན་པའི་གསུང་རབས་སྟེང་དུ།། 
དུས་མཐར་འཇིག་རྟེན་ཉམས་པ་ན།། 
སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི།། 
འབྱུང་བར་འགྱུར་ལ་ཐེ་ཚོམ་མེད།། 
ཅེས་གསུངས་པ་དང་། 
བློན་པོ་བཀའ་ཡི་ཐང་ཡིག་ལས། 
དུས་འདིར་འགྱུར་ཞིང་མི་རྟག་ཏེཿ
མི་རབས་བཅོ་བརྒྱད་བརྗེས་པའི་དུསཿ
རྒྱ་ནག་འགོང་པོ་མའུ་ཞེས་ནསཿ
གནམ་ས་གྲེ་ལོག་བསྒྱུར་བ་འབྱུངཿ
མི་རབས་བཅོ་བརྒྱད་ནི་ལྷ་སྲས་མུ་ནེ་བཙན་པོ་ནས་བཟུང་སྟེ་ད་ལྟའི་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པའི་བར་ཡིན་ཅེས་མཁས་བཙུན་བཟང་པོའི་བོད་ཀྱི་རྒྱལ་རབས་ལས་གསལ།
ཨོ་རྒྱན་བཀའ་ཐང་བསྡུས་པ་ལས།
བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོནཿ
རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་འབྱུངཿ
ཞེས་གསུངས་སོ།།
ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་༡༦༩༤-༡༧༥༥ སྐབས་ཀོང་པོ་བུ་ཆུ་ལྷ་ཁང་ནས་སྤྱན་དྲངས་པའི་འཕགས་མའི་སྒྲུབས་ཐབས་མི་མཐུན་ཀུན་སེལ་གྱི་ལུང་བྱང་ལས།།
ད་ལྟའི་མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུསཿ
ཕྲིན་ལས་བྱིན་རླབས་སྒྱུ་མའི་རང་འོད་ཞིགཿ
མདོ་ཁམས་ཤར་ནས་ཕག་གམ་བྱི་ལོ་པཿ
རྒྱལ་ལམ་མཚོ་ཞེས་སྨེ་དཀར་དོ་ཤལ་ཅནཿ
གྲགས་སྙན་ལྡན་པ་མཐའ་ནས་དབུས་སུ་འབྱུངཿ
བོད་ཡུལ་ཡོངས་ཀྱི་བསྟན་པའི་བདག་པོ་བྱེདཿ
དེ་ལ་སྔོན་ལས་དབང་གིས་རྐྱེན་ཁ་མངཿ
མི་དང་མི་མིན་དུ་མས་འཚེ་བར་འགྱུརཿ
ཁྱད་པར་ཉེར་གཅིག་ཉེར་དགུ་ཞེ་དྲུག་དངཿ
རང་སྐེག་བདུན་ཟུར་ལོ་དང་དེའི་སྔ་ཕྱིཿ
རྩུབ་ལྡན་ཟློག་ཐབས་རྟེན་འབྲེལ་མ་འཁྲུལ་འབདཿ
གདམས་པ་འདི་འཕྲོད་དུས་ཚིག་གང་ཡིན་དེའིཿ
བར་ཆད་ཇི་རིགས་སྨོན་ལམ་དབང་གིས་སེལཿ
ཐེ་ཚོམ་ཡིད་གཉིས་མ་གྱུར་ཤིན་ཏུ་གཅེསཿ
ཞེས་པའི་ལུང་བྱང་འདི་ཉིད་ནང་ཆེན་འབྲོང་པ་རྒྱལ་པོས་བརྩམས་པའི། བོད་ལྗོངས་མདོ་ཁམས་ནང་ཆེན་སྤྱི་དང་བྱེ་བྲག་གི་བྱུང་བ་བརྗོད་པ་ལྡོང་འབྲོང་པའི་དེབ་གཏེར་སྨུག་པོ་ལས་གསལ།། 

འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མདོ་སྔགས་གཉིས་ཀ་ནས་ལུང་གིས་ཟིན་པ་རང་ནས་གང་མཐོང་གང་ཤེས་རྣམས་གོང་གསལ་ངོས་ཀྱི་གྲོགས་པོའི་དྲིས་ལན་གྱི་ཚུལ་དུ་མདོར་བསྡུས་སུ་དེ་རིང་གི་ཉིན་ཐོར་གཏངས། 



Sunday, March 16, 2014

ཨ་རིའི་མི་ཁྱད་མཚར་ཞིག་དང་འཕྲད་པའི་ཉིན་མོ།

དེ་རིང་ཐུག་པའི་མི་ནི་འདི་དང་འདྲ། 
ཁ་སང་ཉེ་ཆར་སུམ་བཅུའི་དུས་དྲན་སྐབས་སུ་མི་མང་པོ་ཞིག་སླེབས་འདུག་སྟབས། གོ་སྐབས་དེ་རྒྱུད་ནས་ངོ་ཤེས་གསར་པ་མང་པོ་ཞིག་བྱུང་། སྐབས་དེ་དུས་ངོ་ཤེས་པའི་ཨ་རིའི་མི་ཞིག་ནས་ཁ་སང་ཁ་པར་སླེབས་བྱུང་། ཁོང་ནས་ཟེར་ན་དེ་རིང་གཟའ་ཉི་མར་ཁོ་རང་ནང་དུ་དགོང་ཟས་ལ་ཕེབས་རོགས་ཞེས་ཟེར་གྱི་འདུག། ངས་ཀྱང་དེ་བཞིན་ཁས་བླངས་ནས་ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཨ་མ་སུས་སིན་ལའང་བརྡ་ཁྱབ་གཏངས་བས་མོ་རང་ནས་ཀྱང་མོས་མཐུན་གནང་བྱུང་། ངེད་གཉིས་དགོང་མོ་ཆུ་ཚོད་བཞི་པའི་སྐབས་སུ་ཁོ་རང་བཞུགས་ས་ཁར་མེལ་ཝ་ལེའི་ས་ཆ་ལ་ཤར་བསྐྱོད་བྱས་ནས་སོང་། ཁོ་རང་གི་བསྡད་ས་ནི་དེང་དུས་ཨ་རིའི་འབྱོར་ལྡན་སྐད་གྲགས་ཅན་རྣམས་ལྷོད་དལ་བྱེད་ནས་བསྡད་ས་སྐད་གྲགས་ཅན་ཞིག་རེད། ཁང་པ་ཐོག་རྩེག་གཉིས་ཅན་དང་། ཕྱི་ལོགས་སུ་ཉི་ར་དང་། མེ་ཏོག་ལྡུམ་ར་སྐྱེས་ཚལ་སོགས་མཐོང་བ་ཙམ་གྱིས་ཡིད་སྨོན་ཤོར་བ་ཞིག་བྱས་ནས་བསྡད་འདུག ཁོ་རང་གི་གྲོགས་མོར་ཕར་ལྟས་ཚོད་ལ་ལྷོ་ཨ་མི་རི་ཀའི་མི་རིགས་དང་འདྲ་བོ་སྐྲ་ནག་པོ་ཅན་གྱི་བུད་མེད་ཞིག་འདུག ཁོ་རང་གཉིས་མཉམ་དུ་བསྡད་ནས་ལོ་གཅིག་ལས་ཕྱིན་མེད་ཟེར། དགོང་ཟས་སུ་རྒྱ་གར་ཟས་རིགས་འདྲ་བོ་འབྲས་དང་། རྡ་ལི། གཞན་ཚོད་མ་དང་ཞོ་སོགས་མང་པོ་ཞིག་སྒྲིག་འདུག་ཁོང་གཟའ་མི་གཉིས་དང་སུས་སིན་ངེད་གཉིས་གཞན་མགྲོན་པོ་ཁ་ཤས་འདུག་ང་ཚོ་ཁ་བརྡ་བྱེད་ཞོར་བྱ་རྒོད་ཐེད་ལ་རོལ་བ་ནང་བཞིན་བཟའ་བཏུང་ལ་མཉམ་རོལ་བྱས། དགོང་ཟས་ཚར་བའི་སྐབས་སུ་ཁོ་རང་གི་ནམ་རྒྱུན་མི་ལ་ཐུག་འཕྲད་བྱེད་སའི་ཁང་ཆུང་ཞིག་འདུག་པ་དེ་ཡི་ནང་དུ་ང་གཅིག་པུ་ཁྲིད་སོང་། 
ཁོང་ནས་ང་ལ་འདི་ལྟར་གསུངས་སོང་། 
ང་ཡི་ཆོས་ལུགས་དེ་རྒྱ་གར་བྲམ་ཟེའི་ཆོས་ལུགས་ཞིག་རེད། ང་མི་ལོ་སུམ་བཅུ་ཐམ་པའི་རིང་སྒོམ་རྒྱབ་པ་ཡིན། ང་ཡི་དགེ་རྒན་གྱིས་ང་ལ་སེམས་ཅན་གྱི་དོན་གྱིས་ཞེས་བཀའ་གནང་སོང་། ངས་མི་རྣམས་ཀྱིས་ལས་གང་འདྲ་བསགས་ཡོད་མེད་དང་། མི་དེ་བཟང་ངན་གང་འདྲ་ཡིན་མིན་སྒོམ་རྒྱག་ནས་སྐར་མ་གཅིག་ཙམ་གྱི་ཐོག་ནས་མངོན་ཤེས་ཀྱིས་བཤད་ཐུབ་ཀྱི་ཡོད། མ་ཟད་མི་ཡི་ལས་ངན་བསགས་པ་རྣམས་ངས་དེ་མ་ཐག་ཏུ་གཙང་མ་བྱེད་ཐུབ་ཀྱི་ཡོད། fix bad karma. ཞེས་བཤད་སོང་། 
ང་ནི་ས་ཆ་གང་སར་འཁྱམས་ཉུལ་བྱས་པ་མང་དྲགས་པའི་དབང་གིས་མི་འདྲ་མིན་ལ་ཐུག་པ་ནི་འདི་ཐེངས་མ་གཅིག་པུ་ག་ལ་ཡིན། དེང་སང་ཆོས་ལུགས་འདྲ་མིན་ཁ་ལ་ཁྱེར་ནས་སོ་སོའི་འཇིག་རྟེན་ཆོས་བརྒྱད་ཀྱི་རྐུབ་སྟེགས་བཟོ་མཁན་མང་པོ་ཞིག་ཡོད་པས་མི་འདིའང་དེ་འདྲའི་རིགས་ཤིག་མིན་ནམ་བསམ་བྱུང་། ཐ་མར་ཁོ་རང་གི་དྲི་བ་དེར་ཁྱོད་རང་ངོས་ཀྱི་ལས་ཀ་འདིར་མོས་མཐུན་དང་ཡིད་ཆེས་ཡོད་མེད་རེད་འདུག 
ངས་ཁོ་ལ་འདི་འདྲ་བཤད། ངས་ནི་ནང་པ་གཅིག་པུ་ལས་གཞན་ཆོས་ལུགས་ཁག་ལ་ཆ་རྒྱུས་དེ་ཙམ་མེད། ནང་པའི་གཞུང་ནས་ལས་ངན་གཞན་ཞིག་གིས་བསགས། འབྲས་བུ་དེ་གཞན་ཞིག་ནས་བཅོས་བསྒྱུར་གཏང་ཐུབ་གསུངས་མེད་པ་མ་ཟད་སངས་རྒྱས་ཀྱིས། ལས་ཀྱི་འབྲས་བུ་ནི་ས་ལའང་མི་སྨིན། རྡོ་ལའང་མི་སྨིན།  རྣམ་སྨིན་གྱི་ཕུང་པོ་འབའ་ཞིག་ལ་སྨིན་ཞེས་གསུངས་ཡོད། 
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། 
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། 
ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པ།། 
ཆོས་ཉིད་ཞི་བ་བསྟེན་པས་གྲོལ་བར་འགྱུར།། 
སོགས་དབྱིན་ཇི་གོག་ཏོ་དེ་རྒྱབ་ནས་ངོ་ཚ་མེད་འགྲེལ་བཤད་འགའ་བྱས་པས་ཁོ་རང་ནས་ང་ཡི་སྐད་ཆ་ལ་ལྷོད་ལྷོད་བྱས་ནས་ཉན་སོང་། མཐར་ཁོང་ཧ་ལས་མདོག་གིས་འདི་ལྟར་ཟེར། 
ཁྱེད་རང་གི་རྒྱུད་ལ་ལས་ནག་པོ་གཅིག་ཀྱང་མི་འདུག ཁྱེད་རང་གི་ནུས་པ་དེས་ང་ཡི་གཟུགས་པོ་ལ་ཚ་བ་སླེབས་སོང་། ནམ་རྒྱུན་ངས་མི་ལ་བྱིན་རླབས་བྱེད་ཀྱི་ཡོད་ཀྱང་དེ་རིང་ཁྱེད་རང་ནས་ང་ལ་བྱིན་རླབས་བྱས་སོང་། 
ཁོ་རང་གི་བཤད་སྟངས་དེར་ང་ནི་དབང་མེད་དུ་ཁོག་བགད་ཞིག་ཤོར་སོང་། ང་ནི་མི་འདིའི་རིགས་ལ་ཡིད་ཆེས་ཆེར་མེད་ཀྱང་སངས་རྒྱས་ཀྱི་མཛད་པ་བསྡུ་བ་བཞིའི་ནང་ནས་གདུལ་བྱའི་དོན་མཐུན་པ་དང་། དོན་སྤྱོད་པ་ཞེས་གསུངས་པ་དེར་བསམ་ནས་གནས་སྐབས་ཇ་ཚེའི་གྲོགས་པོའི་དཔེ་ལྟར་ཆོས་ལུགས་མ་འདྲ་བའི་དབང་གིས་ལུགས་སྲོལ་འདྲ་མིན་ཡོད་སྲིད་བསམ་ནས་ཁོ་རང་གི་ལས་ཀ་ལའང་རྒྱབ་སྐྱོར་གང་དྲག་བྱས། མཐར་གྱེས་བྲལ་གྱི་འཐམ་འཁྱུད་དང་། ལག་འཇུ་སོགས་ཅི་རིགས་བྱས་ནས་ཨ་མ་སུས་སིན་ངེད་གཉིས་རླངས་འཁོར་ནང་ནས་དེ་རིང་གི་མི་དེའི་བཤད་སྟངས་དང་ལས་ཀ་སོགས་ལ་ཡིད་མ་རངས་པའི་ཁ་བརྡ་བྱེད་བཞིན་ནང་དུ་ལོགས། 

Monday, March 10, 2014

སུམ་བཅུ་དུས་དྲན་ཉིན་མོ།

དགེ་སློབ་རྣམས་སུམ་བཅུ་དུས་དྲན་སྐབས་སུ། 
ཉིན་མོ་འདི་ནི་བོད་དགྲ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་ང་ལྔ་པ་དེ་ཡིན། བོད་པ་རྣམས་ཀྱིས་སུམ་བཅུ་དུས་དྲན་ཞེས་འབོད་སྲོལ་ཡོད། དེ་ནི་༡༩༥༩ ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོ་ལྷ་ས་ནས་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་གི་བོད་ཟ་སེམས་ཀྱི་གཡོ་སྒྱུས་སྲིད་ཇུས་ངན་པ་དེར་ངོ་རྒོལ་བྱས་པའི་ཉིན་མོ་དེ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་རིགས་འབུམ་གཅིག་ལྷག་སྔ་ཕྱིར་རྒྱ་གར་ལ་སྐྱབས་བཅོལ་དུ་སླེབས་ནས་ད་བར་ཕྱི་སྡོད་སྐྱབས་བཅོལ་བོད་པ་རྣམས་ཀྱིས་དུས་དྲན་འདི་སྲུང་གཙི་བྱས་ནས་ད་ལོར་མི་ལོ་ལྔ་བཅུ་ང་ལྔ་ཏག་ཏག་སོང་ཡོད། 
གང་ལྟར་ཀྱང་དེ་རིང་གི་ཉིན་མོ་འདི་ནི། 
གཅེས་པའི་ཕ་ས་དགྲ་བོས་འཕྲོག་ནས་མི་འདོད་ཡུལ་གྱར་དུ་བུད་པའི་ཉིན་མོ། 
ཉེས་མེད་སྤུན་ཟླ་དམར་བསད་གཏང་ནས་ཁེར་རྐྱང་དྭ་ཕྲུག་ཏུ་ལུས་པའི་ཉིན་མོ། 
རིན་བྲལ་དགོན་སྡེ་གཏོར་བཤིགས་གཏང་ནས་བླ་སྤྲུལ་རྣམས་འཛིན་བཟུང་བྱས་པའི་ཉིན་མོ། 
སོགས་གང་ལྟར་བོད་མི་རྣམས་ལ་ལོ་རྒྱུས་ཀྱི་ཐོག་ནས་བྱུང་མ་མྱོང་བའི་གོད་ཆག་བཀྲ་མ་ཤིས་པ་དང་དོན་མ་འགྲུབ་པ་བོད་མདོ་དབུས་ཁམས་གསུམ་ལ་མི་འདོད་པའི་ལྟས་ངན་བཅོ་བརྒྱད་བྱུང་ནས་སྐྱིད་མིན་སྡུག་གི་ཉི་མ་ནག་པོ་ཤར་བའི་ཉིན་མོ་ཞིག་ཀྱང་ཡིན། 
འོན་ཀྱང་བོད་པའི་ཁ་རྒྱུན་དུ་ལྟས་ངན་གཡང་དུ་ལེན། རྐྱེན་ངན་གྲོགས་སུ་ཤར་ཞེས་པའི་སེམས་གསོའི་ཤ་ཚ་མོའི་ཚིག་དུམ་དེ་སྙིང་ལ་བཅངས་ནས་རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་སའི་དཔེ་ལྟར་ཕྱི་སྡོད་སྐྱབས་བཅོལ་བོད་རིགས་རྣམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བསྟེན་ནས་མཆོད་རྟེན་མགོ་འཇུག་ལྡོག་ཀྱང་བང་རིམ་རྩིས་བགྲང་གི་དཔེ་ལྟར་བོད་གཞི་བྱེས་མཉམ་འཛོམས་མ་བྱུང་ཡང་ད་ཆ་བོད་འདི་འཛམ་གླིང་སྐྱབས་བཅོལ་བའི་ནང་ནས་ཆ་རྐྱེན་དང་གནས་ཚད་མཐོ་ཤོས་ཞིག་ཏུ་སླེབས་ཡོད་པ་མ་ཟད་བོད་བརྒྱུད་ནང་བསྟན་འདི་འཛམ་བུའི་གླིང་གི་གཅེས་ནོར་ཞིག་ཏུ་ནང་པ་མ་ཡིན་པའི་ཚན་རིག་པའི་མཁས་དབང་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་དེ་རིང་གི་ཉིན་མོ་འདིར་ཕྱི་ལོགས་གཡར་པོའི་རྒྱལ་ཁབ་ནང་འཐོར་བསྡད་པའི་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་དང་ཁྲོམ་ལམ་སོགས་སུ་ཁ་ངུ་སྐད། མིག་མཆི་མ། ལག་གངས་སེང་གི་དར་ཆ་ཅན་གང་སར་མཐོང་རྒྱུ་ཡོད། 
ས་གནས་འདིར་མཚོན་ན་ང་ཚོ་བོད་པ་གསུམ་ལས་མེད་ཀྱང་ང་འདིར་འབྱོར་ནས་ལོ་བཞིའི་རིང་སུམ་བཅུ་དུས་དྲན་དང་རྒྱལ་བའི་འཁྲུངས་སྐར་སོགས་བོད་པའི་རྩ་ཆེའི་དུས་ཆེན་རྣམས་ཆད་མྱོང་མེད། ད་ལོར་སླར་ཡང་ངོས་ཀྱི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་གོ་སྒྲིག་འོག་ཁ་སང་སུམ་བཅུ་དུས་དྲན་སྐབས་སྔ་ནས་གྲ་སྒྲིག་བྱས་པ་ནང་བཞིན་ཉིན་གུང་རྒྱབ་ཏུ་མི་ཚོགས་འཛོམས་སའི་སྲང་ལམ་དེར་སོང་བ་ཡིན། སྔ་ཕྱིར་སྡོམ་པས་མི་གྲངས་སུམ་བཅུ་མ་ཟིན་ཙམ་ཞིག་སྐད་འབོད་ལ་སླེབས་འདུག ས་གནས་འདིར་བོད་པའི་བུད་མེད་གཉིས་ཡོད་པ་ཡང་དེ་རིང་མཐོང་བྱུང་། གཞན་ངོས་ཀྱི་དགེ་ཕྲུག་དང་བོད་པར་རྒྱབ་སྐྱོར་བྱེད་མཁན་མགོ་སེར་ཤ་སྟགས་རེད། མི་མང་ནས་ལག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་ལ་རང་དབང་དགོས་སོགས་ཞེས་པའི་འཕྲེད་དར་དང་སྦྱར་བྱང་འདྲ་མིན་ཁུར་ནས་སྐར་མ་སུམ་བཅུ་ཙམ་གྱི་རིང་ཁྲོམ་སྐོར་བྱས། གཞུང་ལམ་ནང་ནས་བོད་བར་རྒྱབ་སྐྱོར་ཡོད་པའི་རྟགས་སུ་མགྲོན་པོ་རྣམས་ཀྱིས་རླངས་འཁོར་གྱི་ཉེན་བརྡ་ཙིར་ཙིར་གཏོང་མཁན་ནི་ཆད་མེད་རེད། 
ཆུ་ཚོད་དྲུག་པའི་སྐབས་སུ་འཚོགས་ཁང་ནང་དུ་སོང་། ༧གོང་ས་སྐྱབས་མགོན་ཆེན་པོའི་མཐོང་གྲོལ་རིན་པོ་ཆེའི་གཡས་གཡོན་གཉིས་སུ་བོད་དང་ཨ་རིའི་རྒྱལ་དར་གཉིས་སྒྲེང་འཛུགས་ཀྱིས་གཤམས་ནས་ཧ་ཅང་ཡག་པོ་བཟོས་འདུག དེ་རིང་ནི་འཚོགས་ཁང་མི་ཡིས་ཡོངས་སུ་ཁེངས་ནས་རྐུབ་སྟེགས་མ་རག་མཁན་རྣམས་སྒེའུ་ཁུང་ཕྱི་ལོགས་ནས་བལྟ་བཞིན་འདུག ངས་དབྱིན་ཇི་ཆགས་རོ་རྒྱབ་ནས་བོད་ཀྱི་སྐོར་དང་ངོས་དང་ངོས་ཀྱི་དགོན་པའི་སྐོར་ངོ་ཚ་གང་ཡང་མེད་པར་བཤད་ཁུལ་བྱས་པས་མི་མང་ནས་ཚིག་མཚམས་སུ་དགའ་འབོད་དང་ལག་རྡབ་སོགས་བྱེད་འདུག 
མཛད་སྒོ་དངོས་གཞིའི་སྐབས་བདེན་ཚིག་སྨོན་ལམ་འོད་སྡེར་འཁོར་ཐག་དང་མཉམ་དུ་མི་མང་ནས་མཉམ་འདོན་བྱས། དོན་བསྒྱུར་ཉིད་དབྱིན་ཡིག་ཐོག་ཏུ་འདོན་བཅུག།  
ངན་དགུ་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན།། 
མྱུར་དུ་ཆད་པའི་ཐུགས་རྗེའི་མཐུ་དཔུང་བསྐྱེད།།
ཅེས་པའི་ཚིག་གི་ཐད་ཀར་སླེབས་དུས་མི་མང་པོ་ཞིག་ནས་མིག་ཆུ་ནར་ནར་གཏོང་བཞིན་འདུག། དེ་རིང་གི་ཉིན་མོ་འདི་ནི་ངོས་ལ་ལྟོས་ན་ཡག་སྡུག་བཟང་ངན་མང་པོ་ཞིག་མཉམ་འཛོམས་ཀྱི་ཉིན་མོ་ཞིག་ཡིན། ཨ་རིའི་སྐྱབས་བཅོལ་ཡིག་ཆ་ཞུས་སྐབས་སྟེས་དབང་གིས་བྱུང་བའི་ངོས་ཀྱི་སྐྱེ་སྐར་དང་། ནམ་རྒྱུན་ཆོས་ཚོགས་ཀྱི་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབས་ཀྱི་ཉིན་མོ། ཉེ་ཆར་བོད་པའི་ལོ་གསར་དགོས་དབང་གིས་ཕྱི་འགྱངས་བྱས་པའི་ལོ་གསར་གྱི་ཉིན་མོ་སོགས་མང་པོ་ཞིག་མཉམ་དུ་ཁེལ་ཡོད་པས་ཆོས་ཚོགས་ཀྱི་ལས་བྱེད་རྣམས་ནས་ངོས་ཀྱི་སྐྱེ་སྐར་གྱི་འོ་སྤྲིས་མཆོད་མེ་ཡང་ལས་རྒྱན་པ་ཁུར་བྱུང་བས་དེང་དུས་ཀྱི་ལུགས་སྲོལ་ལྟར་གྲི་གཤར་དང་སྐྱེས་སྐར་ཤིས་ཚིག་མཉམ་གྱེར་བྱས་ནས་འཚོགས་ཁང་འུར་སྒྲ་དང་ཐལ་སྒྲས་ཁེང་སོང་། ཆོས་ཚོགས་ནས་གྲ་སྒྲིག་བྱས་པའི་རྒྱ་གར་ཟ་ཁང་ནས་ཞལ་ལག་ཧ་ཅང་གྲ་རྒྱས་པོ་ཞིག་མངག་འདུག་སྟབས་མི་མང་ལ་དགོང་ཟས་ཞོར་དུ་བོད་དོན་སྐོར་གཟུགས་མཐོང་བརྙན་འཕྲིན་སྐར་མ་བཞི་བཅུ་ཅན་ཞིག་བསྟན་པས་ཚང་མས་དགའ་བོ་བྱས་སོང་། དེ་རིང་ཕལ་ཆེར་མི་མང་བརྒྱད་བཅུ་གྱ་དྲུག་ཙམ་འདུག་ཅེས་གླེང་བ་ཐོས། ད་ལོར་སྔར་དང་མ་འདྲ་བའི་མི་མང་འཛོམས་དགོས་པའི་རྒྱུ་མཚན་ནི་ཁ་སང་ཉེ་ཆར་མཛད་སྒོ་འདིའི་ཁྱབ་སྒྲག་ས་གནས་འདིའི་གསར་ཤོག་འགའ་ཤས་ཀྱི་ཐོག་ཏུ་སླེབས་བྱུང་བས་ཡིན་རྒྱུ་རེད་བསམ། 
དེ་རིང་ཉིན་ཐོ་དེ་གཏངས་ཞིང་ཉལ་སར་སོང་ནས་གན་སྐྱལ་དུ་བྲང་ཐོག་ཏུ་ལག་པ་བཞག་ནས་རང་གིས་རང་ལ་བསྟོད་ར་དང་ཡིད་སྨོན་བྱེད་བཞིན་དེ་རིང་ས་གནས་འདིར་བོད་མི་ཞིག་ཡོད་གོ་ཆོད་པ་ཞིག་བྱས་ཡོད་བསམ་དགའ་བཞིན་དུ་ཉལ་སར་སོང་སྐྱིད་ཉལ་བྱས་ནས་གཉིད་དུ་ཡུར།། 

Wednesday, March 5, 2014

པོར་ལེན་ནས་ནང་དུ་འབྱོར་བའི་ཉིན་མོ།

ལོ་གསར་ཉིན་མོ་ཚེ་རིང་ཆོས་འཕེལ་དང་མཉམ་དུ། 
ཉིན་མོ་འདི་ནི་བོད་ལུགས་ཀྱི་ལོ་གསར་ཚེས་པ་གསུམ་བསང་གསོལ་བྱེད་པའི་ཉིན་མོ་ཞིག་ཡིན། ཆོས་གྲོགས་ཚེ་རིང་ཆོས་འཕེལ་ངེད་གཉིས་ཀྱང་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་བོད་ཁང་ལ་མི་མང་མཉམ་དུ་བསང་གསོལ་བྱེད་ལ་སོང་། དཱ་ལེན་པ་ཏི་ཁྲ་བོའི་མཐའ་རྒྱན་བྱས་པའི་བསང་ཁུག་ཕྲག་ཏུ་ཁུར་ཞིང་ལུས་ལ་བོད་ཆས་གྱོན་མཁན་བོད་པ་མང་པོ་ཞིག་ནས་བོད་ཁང་ཕྱི་ལོགས་སུ་བསང་མེ་སྦར་ནས་སྒུག་འདུག ང་ཚོ་མཆོད་ཁང་ནང་དུ་སོང་ནས་རྡ་རམ་ས་ནས་སྒྲིག་ཆོག་གནང་བའི་བསང་དང་གསེར་སྐྱེམས་སྐོར་དེབ་ཞིག་འདུག་བས་དབུ་མཛད་བརྩོན་འགྲུས་ཀུན་དགའ་ལགས་ནས་དགེ་ལུགས་པའི་གྲེ་འདོན་གྱིས་དབུ་འཛུགས་གནང་སོང་བས་བསང་གསོལ་དང་རྒྱལ་བའི་ཞབས་བརྟན་སོགས་མི་མང་དང་མཉམ་འདོན་བྱས། འདོན་པ་ཚར་མ་ཐག་ཕྱི་ལོགས་སུ་སོང་བས་བསང་ཁང་ལ་མི་མང་གིས་བསྐོར་བ་བྱས་ནས་སྟོད་སོགས་ཀྱི་ལུགས་སྲོལ་ལྟར་ཕྱེ་མར་ནམ་མཁར་མཆོད་ཅིང་བོན་པོའི་ལུགས་སྲོལ་ལྟར་དུ་ཀི་བསོ་དང་ལྷ་རྒྱལ་འཐེན། ང་ནི་དེ་རིང་ཀི་ལི་ཧྥོ་ཉ་རུ་འགྲོ་དགོས་པས་མི་མང་ལ་མཛའ་བརྩེའི་ངང་ཐོད་གཏུག་དང་། ལག་འཇུ། ཐལ་སྦྱར་སོགས་ཅི་རིགས་ཀྱིས་གྱེས་བྲལ་གྲུབ་མ་ཐག་ཆོས་གྲོགས་ཚེ་རིང་ཆོས་འཕེལ་ནས་གནམ་ཐང་ལ་བསྐྱལ་བྱུང་། 
དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཀི་ལི་ཧྥོ་ཉའི་གནམ་ཐང་ལ་ཉི་ཧོང་ཨ་མ་སུས་སིན་དང་། གཞན་དགེ་ཕྲུག་འགའ་ནས་ལག་ཏུ་ཁ་གཏགས་དང་། གདོང་འཛུམ་མདངས་ཀྱིས་ང་ལ་སྒུག་འདུག དེ་རིང་ནི་ང་ཚོ་ཕན་ཚུན་ཐུག་འཕྲད་བྱུང་བས་ཧ་ཅང་དགའ་བོ་བྱུང་། རླངས་འཁོར་ནང་ནས་ཕན་ཚུན་ཟླ་གཅིག་རིང་གནས་སྟངས་ཁ་བརྡ་བྱེད་བཞིན་ནང་དུ་འབྱོར། དགོང་ཟས་སུ་སུས་སིན་དང་ལིན་རྗོན་སིན་གཉིས་ནས་ཐུག་པ་ཞིག་བསྐོལ་བྱུང་། ཁ་སང་ཟླ་བ་གཅིག་རིང་པོར་ལེན་དུ་མཚམས་ལ་བསྡད་པའི་རིང་ཐུན་མཚམས་སུ་ཚེ་རིང་ཆོས་འཕེལ་ལགས་སུ་ཁོ་རང་གི་ཐུགས་འདོད་ལྟར་ངག་ཐོག་ནས་བཤད་པའི་བློ་ལྡོག་རྣམ་བཞིའི་གཙོས་ཆོས་ཐུན་རྣམས་བསྙེལ་གྱིས་དོགས་ནས་ཁ་སང་ཡིག་ཐོག་ཏུ་བྲིས་པ་ཞིག་ཡོད་པ་དེ་དང་མཉམ་དུ་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས།


ཀྱེ་ཧོ། དགུང་སྔོན་སྤྲིན་དཀར་ལང་ལིང་འཁྲིག་པའི་ཀློང་།།
 ཕ་གཅིག་གྲུབ་བརྙེས་དྲིན་ཅན་བུདྡྷའི་མཚན།། 
ད་ལྟ་ཡེ་ཤེས་དབྱིངས་ནས་གཟིགས་ཡོད་ན།། 
འགྲོ་འདི་བློ་སྣ་དམ་པའི་ཆོས་ལ་བསྒྱུར།། 

གཞུང་དྲང་བློ་དཀར་དད་ལྡན་སྟོད་པ་བ།། 
ཆོས་གྲོགས་ཚེ་རིང་ཆོས་འཕེལ་ཚུར་གསོན་དང་།།
 རྔ་ལ་དབྱུག་གུས་བསྣུན་པ་ཇི་བཞིན་དུ།། 
དྲིས་པའི་ཚིག་ལ་མདོར་བསྡུས་ལན་འགའ་བསྙད།། 

རྙེད་དཀའི་རྟེན་བཟང་དལ་བརྒྱད་འབྱོར་བཅུའི་ལུས།།
 ཕྱིས་ནས་ཡང་དུ་མི་འཐོབ་ད་རེས་ཙམ།།
 ནོར་བུའི་གླིང་ནས་ལག་སྟོང་ལོག་ཉེན་པས།།
ཚུལ་འདིར་བསམ་ནས་དམ་པའི་ཆོས་ལ་བརྩོན།། 

 ཕྱི་ནང་སྣོད་བཅུད་སྐྱེ་འགྲོ་ཐམས་ཅད་དང་།། 
ཁྱད་པར་གཡར་པོའི་སྒྱུ་ལུས་ཐོ་ཡོར་འདི།། 
འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་ན།། 
 ཚུལ་འདིར་བསམ་ནས་དམ་པའི་ཆོས་ལ་བརྩོན།། 

དགེ་སྡིག་དཀར་ནག་ལས་ཀྱི་འབྲས་བུ་རྣམས།། 
རང་གི་ལུས་དང་གྲིབ་མ་ཇི་བཞིན་དུ།།
 བདེ་སྡུག་བསླུ་མེད་ནམ་ཞིག་མྱོང་ངེས་པས།།
 ཚུལ་འདིར་བསམ་ནས་དམ་པའི་ཆོས་ལ་བརྩོན།། 

དམྱལ་བར་ཚ་གྲངས་ཡི་དྭགས་བཀྲེས་སྐོམ་སོགས།།
 རིགས་དྲུག་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས།།
 གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་པས།། 
ཚུལ་འདིར་བསམ་ནས་དམ་པའི་ཆོས་ལ་བརྩོན།། 

དེ་རྣམས་བློ་ལྡོག་རྣམ་པ་བཞི་པོ་ཞེས།།
 དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད་ཅིང་།།
 བར་དུ་བརྩོན་འགྲུས་ལྕག་བྱེད་ཐ་མ་རུ།། 
ཆོས་ཀྱི་སྙིང་པོ་ཡིན་པས་མ་བརྗེད་བྱོས།། 

དགེ་རྩ་ཐབས་ཀྱིས་ཟིན་པའི་ཁྱད་པར་དུ།།
 ཀུན་སློང་སྦྱོར་བ་སེམས་བསྐྱེད་དམ་པ་འདི།།
 ལུས་ངག་ཡིད་གསུམ་དགེ་སྦྱོར་གང་བྱས་ཀྱང་།། 
མེད་ཐབས་མེད་པས་དང་ཐོག་ཉམས་སུ་ལོངས།། 

བར་དུ་དགེ་རྩ་རྐྱེན་གྱིས་མི་ཤིག་པ།།
 དངོས་གཞི་སྒོ་གསུམ་དགེ་བ་གང་བགྱིད་རྣམས།།
 བྱས་ལོ་ཙམ་གྱིས་རྒྱུད་ལ་མི་ཕན་པས།། 
ཐབས་ཤེས་སྟོང་ཉིད་སྙིང་རྗེས་ཟིན་པ་གཅེས།། 

དགེ་རྩ་གོང་དུ་འཕེལ་བའི་ཁྱད་པར་གྱིས།། 
ཐ་མར་མཇུག་ཏུ་བསྔོ་བ་དམ་པ་འདི།། 
འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས།། 
ཐམས་ཅད་བྱང་ཆུབ་སྙིང་པོའི་རྒྱུ་རུ་བསྔོས།། 

བློ་ལྡོག་རྣམ་བཞི་དམ་པ་གསུམ་པོ་ཡི།།
 ཆོས་གཏམ་ཕལ་སྐད་ཚུལ་དུ་སྤེལ་བ་པོ།།  
གང་གི་ཆོས་གྲོགས་ཕྱོགས་མེད་རྒྱལ་ཁམས་པ།། 
དུས་མཐའི་ཆོས་གཟུགས་ཀརྨའི་མིང་དེས་ཕུལ།། 

ཅེས་བློ་ལྡོག་རྣམ་བཞི་དང་དམ་པ་གསུམ་གྱི་ཕལ་སྐད་ཀྱི་ཆོས་གཏམ་མདོར་བསྡུས་འདིའང་། བསྐུལ་བ་པོ་གང་གི་ཆོས་ཀྱི་དགེ་རྒན་མཁན་མིང་ཙམ་འཛིན་པ་ཀརྨ་བསྟན་སྲུང་དེས་བོད་རྒྱལ་ལོ་༢༠༤༡ རབ་གནས་ཤིང་རྟ་ལོའི་ཕྱི་ལོ་༢༠༡༤བོད་ཟླ་དང་པོའི་ཚེས་གཅིག་ལོ་གསར་ཚེས་བཟང་གི་ཉིན་མོར་བྲིས་པ་དགེ་ལེགས་འཕེལ།། 


Sunday, March 2, 2014

༢༠༡༤ ལོའི་གནམ་ལོ་གསར་བཞད་ཉིན་མོ།

ལོ་གསར་སྐབས་སུ་གཏམ་བཤད་བྱེད་བཞིན་པ། 
ཉིན་མོ་འདི་ནི་བོད་རྒྱལ་ལོ་ ༢༠༤༡ ཕྱི་ལོ་༢༠༡༤ རབ་གནས་ཤིང་རྟ་ལོའི་ལོ་གསར་གྱི་ཉིན་མོ་དེ་རེད། ཉེ་ཆར་ངོས་ཀྱི་ཕུར་པའི་བསྙེན་མཚམས་དེ་ལེགས་གྲུབ་བྱུང་བ་དང་ཆབས་གཅིག་ཏུ་ས་གནས་འདིར་ཡོད་བོད་རིགས་འདི་རྣམས་ལ། རིང་ས་ནས་བཤད་ན་ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམ་པ་དང་། ཐུང་ས་ནས་བཤད་ན་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དང་། མ་ཟད་བདེ་ཆེན་ཞིང་སྒྲུབས་ཆེན་མོའི་དཀྱིལ་འཁོར་གྱི་རྭ་བ་གཅིག་ཏུ་ལོ་མང་རིང་ཉམས་ལེན་མཉམ་དུ་བྱས་པའི་ཆོས་གྲོགས་ཕོ་མོ་རྣམས་ཀྱི་མཉམ་དུ། ད་རེས་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར། ལོ་གསར་མཉམ་དུ་རོལ་རྒྱུའི་གོ་སྐབས་འདིར་ཧ་ཅང་ནས་ཀྱང་དགའ་བོ་བྱུང་། ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་། ཆོས་གྲོགས་པདྨ་ཆོས་འཕེལ་དང་བདེ་ཆེན་གཉིས་མཉམ་དུ་བོད་ཁང་དུ་སོང་། ཆོལ་ཁ་གསུམ་གྱི་ཆས་གོས་འདྲ་མིན་དང་གཟབ་འཆོར་གྱིས་སྤྲས་པའི་མི་གྲངས་ཉིས་བརྒྱ་ལྷག་གིས་འཚོགས་ཁང་དེ་ཡོངས་སུ་ཁེངས་འདུག ཅུང་ཙམ་རྗེས་སུ་རྫོགས་ཆེན་མཁན་པོ་ཆོས་དགའ་ནས་འཁོར་དུ་ཨ་རིའི་བུ་མོ་བོད་ཆས་ཅན་གཉིས་དང་གྲྭ་པ་ཞིག་བཅས་ཀྱིས་བསྐོར་ནས་ཕེབས་བྱུང་། བོད་ཞེ་ཆེན་དགོན་གྱི་བསྟན་པའི་བདག་པོ་བླ་མ་དགེ་འཕེལ་ངོས་ཀྱི་ཨ་ཞང་ཡིན་སྟབས་ཁོང་ནས་ང་དང་ག་དུས་འཕྲད་ཀྱང་ཁྱེད་རང་ཨ་ཞང་དེ་ང་ཡི་བླ་མ་ཡིན་ཅེས་གསུངས་ནས་ཧ་ཅང་མཉེས་མཉེས་གནང་གི་འདུག  གཞན་དགེ་ལུགས་པའི་གྲྭ་པ་ཁ་ཤས་ཀྱང་ཕེབས་བྱུང་བས་ཕན་ཚུན་བོད་རིགས་སྤུན་ཟླའི་འདུ་ཤེས་ཀྱིས་ཇ་འཐུང་ཞོར་ཁམས་འདྲི་དང་ཕན་ཚུན་ཁ་བརྡ་སོགས་བྱས་ནས་བསྡད། ཟུར་དུ་ངོས་ཀྱི་ཆོས་གྲོགས་རྒན་གོག་རྣམས་དང་ཟུར་འཕྲད་ཀྱིས་འཚང་ཁ་ཤིག་ཤིག་བྱུང་། ཚོགས་གཙོའི་བཀའ་ལྟར་མཁན་པོ་ཆོས་དགའ་ངེད་གཉིས་ནས་མི་མང་ལ་གཏམ་བཤད་བྱས། 
ང་ནི་དེང་སང་བོད་རིགས་ཚོགས་པ་གང་དུ་སོང་། མི་སུ་དང་འཕྲད་ཀྱང་༧རྒྱལ་བའི་བཀའ་དགོངས་སྒྲུབས་དགོས་ཞེས་མཐོ་དམན་མེད་པར་ཚང་མས་ཁ་ནས་མ་ཎི་སྐྱོར་བ་ནང་བཞིན་བྱེད་ཀྱི་ཡོད་ཀྱང་། དོན་དངོས་པོའི་ཐོག་ལ་ཆོས་སྲིད་གང་གི་ཐད་ནས་ཡིན་ཀྱང་རྒྱལ་བའི་བཀའ་དང་མཐུན་པའི་རྣག་ཐོག་གི་རྩ་གུ་ལྟར་ལག་ལེན་ཚད་ལྡན་བྱེད་མཁན་ཞིག་མེད་པའི་སྐྱོན་ཆ་སྔ་མོ་ནས་མཐོང་གི་ཡོད། མ་ཟད་དམ་སྲི་ཤི་འདྲེ་མི་གཟུགས་སུ་སླེབས་པའི་བོད་རིགས་ཀྱི་གདོང་འབག་གྱོན་ཅིང་། བླ་དགེའི་མིང་གཟུགས་ཁུར་མཁན་འགའ་ནས་༧གོང་ས་མཆོག་ལ་མཚན་སྨས་དང་བཀུར་འདེབས་སོགས་བྱེད་ཕོད་པའི་བྱ་སྤྱོད་རྣམས་མཐོང་བ་ཙམ་གྱིས་སྙིང་རྩ་འདར་བའི་ཆེས་ཐབས་སྡུག་གི་ལས་སྟངས་འདིའི་རིགས་རྐྱེན་བྱས་ནས་ནམ་ཞིག་བོད་གཞི་བྱེས་གཉིས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ལྟར་གཅེས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བློ་བུར་དུ་ཀ་ཡོལ་ལག་པའི་ནང་ནས་ཤོར་བ་ནང་བཞིན་འགྱོད་པ་སྙིང་གིས་མི་སོས་པའི་ཉི་མ་ནག་པོ་ཞིག་བོད་རིགས་བསོད་ཟད་འདི་རྣམས་ཀྱི་མགོ་ཐོག་ཏུ་མི་ཤར་བའི་ངེས་པ་མི་འདུག་བསམ་པའི་དུས་རྒྱུན་སེམས་ཁྲལ་དེའི་སྐོར་གང་དྲན་འཛེམས་ཟོན་མེད་པར་སྡིང་ཁྲིའི་སྒང་ནས་བཤད་ཁུལ་བྱས། ཁ་ཤས་ཞིག་ནས་དེ་རིང་བཀྲ་ཤིས་པའི་ལོ་གསར་སྐབས་སུ་དོན་མ་འགྲུབ་པའི་ཀུ་ཅོ་ཞེས་ངོས་ཀྱི་གཏམ་བཤད་དེར་མི་དགའ་བ་ཡོད་སྲིད་ཀྱང་། དཔེ་ངན་པ་དེ་མ་བཞག་ན། དོན་བཟང་པོ་དེ་མི་འགྲུབ་ཞེས་པའི་དཔེ་ལྟར་ཅམ་འཇོག་དང་འདྲ་ཆག་པོ་ཙམ་མ་ཡིན་པར་དྲང་བདེན་གང་དྲན་བཤད་པ་ནི་ཁོ་བོའི་མི་གཤིས་སུ་སོང་བས་བོད་རིགས་ཡོངས་ནས་རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབས་ཀྱི་ཡིན་ཅེས་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་ངོ་མར་ལག་ལེན་དུ་བཀལ་ནས་སྒྲུབས་དགོས་ཚུལ་བཤད་པ་ཡིན། ཉིན་གུང་ཆོས་གྲོགས་ཤེས་རབ་བསྐལ་ལྡན་ནང་དུ་སོང་ནས་ཉིན་གུང་ཟ་མ་ཟོས། ཁོང་གི་ཨ་མའི་འདོད་པ་ལྟར་ཨ་མར་སྐྱབས་འགྲོའི་སྡོམ་པ་དང་མི་དགེ་བཅུ་སྤོངས་གི་ཕན་ཡོན་སོགས་ངོ་སྤྲོད་སོགས་བྱས། དགོང་མོར་ཆོས་གྲོགས་པདྨ་དང་བདེ་ཆེན་གཉིས་ནང་དུ་འབྱོར་ནས་དེ་རིང་གི་ཉིན་ཐོ་དེ་གཏངས་ཉལ་སར་སོང་ནས་གཉིད་དུ་ཡུར།