Thursday, April 24, 2014

བདུན་ཕྲག་འདིར་ཆོས་ཀྱི་སྒོམ་ཁང་ཞིག་གསར་འཛུགས་བྱས་པ།

ཉེ་ཆར་གསར་འཛུག་བྱས་པའི་སྒོམ་ཁང་།
རིང་ནས་སྙིང་དུ་གནག་པའི་འདོད་དོན་བདུན་ཕྲག་འདིར་སྐད་གྲགས་ཅན་གྱི་ས་གནས་པི་སིའི་ཝེའི་གུའུ་རོའུ་ལ་ཁང་མིག་གཉིས་ཅན་གྱི་ཆོས་ཚོགས་སྒོམ་ཁང་ཞིག་གསར་འཛུགས་བྱས། དེ་ནི་ཐུད་སྣུམ་པ་མར་གྱི་སྐུ་དྲིན་གྱི་དཔེ་ལྟར་ངོས་ལ་ར་གན་གསེར་རློམ་གཏོང་ཕོད་ཅན་གྱི་སྦྱིན་བདག་སྐུ་དྲིན་ཅན་རྡེའུ་ར་དང་ངོས་ཀྱི་དགེ་ཕྲུག་རྣམས་ཞེ་སེམས་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་རུབ་བྱས་ནས་ལས་ཀ་ཧུར་ཐག་བྱས་པའི་གྲུབ་འབྲས་ཞིག་ལས་ངོས་རང་འཇོན་ཐང་ཆེ་དྲག་པ་ཞིག་གིས་ག་ལ་ཡིན། སྒོམ་ཁང་འདིའི་ནང་དུ་འཆར་ཅན་གཟའ་ལྷག་པ་ཞོགས་པ་ཆུ་ཚོད་བཅུ་ནས་བཅུ་གཅིག་བར་སྒོམ་དང་། གཟའ་སྤེན་པ་དགོང་མོ་ཆུ་ཚོད་བཞི་ནས་ལྔ་པའི་བར་ཆུ་ཚོད་གཅིག་རིང་མི་མང་དང་མཉམ་དུ་སྒོམ་བྱེད་ཀྱི་ཡོད། 
ལུང་པ་འདིའི་མི་རྣམས་ལ་གོམས་གཤིས་ཡག་པོ་ཞིག་ཡོད་པ་དེ་ནི་སྒོམ་རྒྱག་ཤེས་མིན་ལ་མ་ལྟོས་པར་ཕལ་མོ་ཆེ་སྒོམ་ལ་དགའ་མོས་ཡོད་པ་དེ་ཡིན། 
ཆོས་ཚོགས་གསར་པ་སྒོ་ཕྱེས་ནས་བཟུང་མི་ལ་ཐུག་འཕྲད་དང་སྒོམ་བསླབ་རྒྱུ་སོགས་ལས་ཀ་མང་དག་ཞིག་བྲེལ་ཟིང་གི་རྐྱེན་ནས་བདུན་ཕྲག་འདིར་ཉིན་ཐོ་ཡང་འབྲི་ཁོམས་མ་བྱུང་། 
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 


Tuesday, April 1, 2014

རྫུན་བཤད་ཆོག་པའི་ཉིན་མོ།

རྦིག་སུར་ཞེས་སྐད་གྲགས་ཅན་གྱི་ས་ཆ་རུ། 
ཉིན་མོ་འདི་ནི་ཨ་རིའི་ལུང་པར་དམིགས་བསལ་ཅན་གྱི་ཉིན་མོ་ཞིག་རེད་འདུག ད་ནང་ཞོགས་པ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉིའུ་ཡོག་ཏུ་ཡོད་པའི་ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་ཀརྨ་བཟང་པོ་ཞེས་ཀོམ་ལམ་རྦིའི་ནས་ཡིན་པའི་ནམ་རྒྱུན་མཚར་གཏམ་ལ་དགའ་བའི་མི་ཞིག་ཡོད་པ་དེ་རེད་འདུག ཁོང་ནས་ཟེར་ན་ང་ད་ལྟ་ཁྱེད་རང་ཆོས་ཚོགས་ཀྱི་སྒོ་འགྲམ་དུ་སླེབས་ཡོད་པས་སྒོ་ཕྱེ་རོགས་ཟེར། ངས་ནི་བདེན་པ་ཡིན་ཤག་བྱས་པ་ཡིན་གང་ཡིན་ཟེར་ན་ནམ་རྒྱུན་མི་འདིས་ང་སར་ཡོང་གི་ཡིན་ཅེས་རྟག་པར་བཤད་ཀྱི་ཡོད། ངས་ཁོང་ལ་འདི་ལྟར་ཞུས། ང་ད་ལྟ་ཕྱི་ལོགས་ཞིག་ལ་ཡོད་ཁྱེད་རང་ཅུང་སྒུགས་དང་ང་མགྱོགས་པོ་ཡོང་གི་ཡིན་ཅེས་བཤད་དུས་ཁོ་རང་གད་མོ་ཤོར་སོང་། ངས་ཁྱེད་རང་ཏན་ཏན་འདིར་ཡོད་དམ་ཟེར་དུས་ཁོང་ནས་མཁན་པོ་དེ་རིང་གི་ཉིན་མོ་དེ་གང་ཡིན་ཤེས་ཀྱི་ཡོད་པས་ཟེར། ངས་གཞི་ནས་ཁོང་གིས་ང་མགོ་སྐོར་གཏང་བ་ཤེས་སོང་། དེ་རིང་གི་ཉིན་མོ་འདི་ནི་ཨ་རིའི་ལུང་པའི་ནང་དུ་མི་གཞན་ལ་མགོ་སྐོར་རམ་སྐྱག་རྫུན་བཤད་པའི་ཉིན་མོ་ཡིན་སྐད་འདུག དྲན་སོས་པ་ཞིག་ལ་སྔ་ལོར་ཨ་མ་སུས་སིན་ངེད་གཉིས་ཉིན་མོ་འདིར་གཅིག་གིས་གཅིག་ལ་མགོ་སྐོར་གཏོང་རེས་བྱས་པ་ད་བཟོད་གཞི་ནས་དྲན་སོང་། 
ལར་ནི་ཨ་རིའི་ལུང་པ་འདིའི་ནང་དུས་ཆེན་མི་འདྲ་བ་ཧ་ཅང་མང་པོ་འདུག 
དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིང་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།