Wednesday, May 28, 2014

༧གོང་ས་མཆོག་མཇལ་ཁ་ཐོབ་པའི་ཉིན་མོ།

མིག་ཆུ་གཏོང་བཞིན་པའི་མཇལ་ཁའི་ཟུར་པར་ཞིག
ཉིན་མོ་འདི་ནི་ངོས་ལ་ལྟོས་ན་ཆེས་བསྐལ་བཟང་གི་ཉིན་མོ་ཞིག་ཡིན། དེ་ནི་ཉེ་ཆར་ཕོ་བྲང་དུ་སོང་ནས་མཇལ་ཁའི་ཐོ་འགོད་བྱས་སྐབས་ཁར་ནུབ་སྐུ་སྒེར་དྲུང་ཆེ་ནས་སང་ཉིན་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་ཕོ་བྲང་ལ་ཡོང་དགོས་པའི་བཀའ་ལྟར་ད་ནངས་ཞོགས་པ་བླ་མ་བསོད་ནམས་རྡོ་རྗེ་ངེད་གཉིས་ཕོ་བྲང་སོགས་སུ་ཁ་གཏད་ནས་སོང་བས་གཙུག་ལག་ཁང་གཡས་ཡོན་རྣམས་སུ་ཕྱི་རྒྱལ་བ་དང་རྒྱ་གར་བོད་རིགས་སོགས་མི་རིགས་མང་པོས་འཚང་ཁ་ཤིག་ཤིག་༧གོང་ས་མཆོག་མཇལ་ཁར་བང་བསྒྲིགས་འདུག ང་ནི་ཁ་སང་མཇལ་ཐོ་ནང་འགོད་ཚར་ཡོད་སྟབས་མི་མང་དཀྱིལ་ནས་མཚོ་གླང་གིས་དར་གཤགས་པ་ནང་བཞིན་འཚང་ཁའི་ཁྲོད་ནས་སོང་བས་ལུས་དངུལ་ནག་ཕ་ལེ། དབུགས་ཧར་སྒྲ་ཙིག་གེ་གཞི་ནས་ཕོ་བྲང་དུ་འབྱོར། ཟུར་ནས་བོད་པའི་སྐུ་སྲུང་བ་ཞིག་གིས་ངོས་ཀྱི་མིང་ཡོད་པའི་ཤོག་ཛར་ཞིག་བསྟེན་སོང་བས་ང་ཡིན་པའི་བརྡ་བསྟེན་པས་དེར་བསྡད་ཞེས་པའི་ཚུར་བརྡ་བསྟེན་སོང་། གཙུག་ལག་ཁང་གི་རྭ་བའི་བར་འཁྱམས་རྣམས་སུ་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཁྱམས་པ་མི་མང་སྟོང་ཚོ་ཙམ་གྱིས་མཇལ་སྒུག་བྱས་འདུག 
ང་ནི་ཕྱི་རྒྱལ་ནས་ཕེབས་པའི་བོད་རིགས་འགའ་དང་མཉམ་དུ་སྡེ་ཚན་བྱས་ནས་མཇལ་སྒུག་བྱས། ཆུ་ཚོད་བཅུ་པ་ཙམ་གྱི་ཐོག རྒྱུན་མཐའི་བྱང་ཆུབ་སེམས་དཔའ་མི་གཟུགས་སུ་རྣམ་པར་རོལ་པ། དུས་རབས་འདིར་སྐྱབས་མེད་དྭ་ཕྲུག་བོད་འབངས་རྣམས་ལ་མ་གཅིག་གིས་བུ་ལ་བརྩེ་བ་ལྟར་གཅེས་པའི་བཀའ་དྲིན་ཅན། སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དགེ་སློང་བསྟན་འཛིན་རྒྱ་མཚོ་ཉིད། ལུས་ཆོས་གོས། ལག་ཐལ་མོ། ཞལ་འཛུམས་མདངས་དང་བཅས་ཕེབས་སྒོ་ནས་འཁོར་རྒྱ་གར་དང་བོད་རིགས་སོགས་སྐྱ་སེར་མང་པོའི་སྐུ་སྲུང་དང་བཅས་ཕེབས་བྱུང་བས་ངོས་ནི་རང་དབང་མེད་པར་མིག་ནས་མཆི་མ་ཤོར་སོང་། 
དེ་ནས་རིམ་བཞིན་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམས་པ་རྣམས་ལ་ལུང་པ་སྡེ་ཚན་སོར་སོར་མཇལ་ཁ་དང་པར་མཉམ་ལེན་སོགས་བྱེད་བཞིན་རིམ་གྱིས་ངེད་བོད་རིགས་འགའ་ཡོད་པའི་ཕྱོགས་སུ་ཕེབས་བྱུང་། དེ་ནས་ངོས་ལ་སྤྱན་གྱིས་གཟིགས་བཞིན་ཐད་ཀར་ཕེབས་ནས་འདི་ལྟར་གསུངས། 
ཡ་ཁྱོད་དེང་སང་གང་དུ་ཡོད། གསུངས་པས་ང་ནི་སྔ་ནས་རྒྱངས་མཇལ་སྐབས་སུ་ནས་མིག་ནས་མཆི་མ་མཚམས་མ་ཆད་ནས་བསྡད་ཡོད་པས་བཟོད་རླག་མེད་པར་ངུ་ཤོར་བ་མ་ཟད་སྐད་ཤུགས་ཆེན་པོའི་ངུས་པ་ཡིན། མར་ལན་གང་གསུངས་བ་རྣམས་རྣ་བས་གོ་བ་ལས་ལན་གཅིག་ཀྱང་རྒྱབ་ཐུབ་མི་འདུག མཐར་༧གོང་ས་མཆོག་ནས་གཅེས་པའི་ཕ་ཡིས་བུ་ལ་བྱས་པ་ནང་བཞིན་ཁོང་གི་བྲང་ཐོག་ཏུ་ངོས་ཀྱི་མགོ་སྙེས་ནས་མགོ་ལ་འཕུར་འཕུར་དང་ངོས་ཀྱི་རྣ་བ་ལ་ཞལ་གཏད་ནས་འདི་ལྟར་གསུངས་སོང་། 
ཧུར་ཐག་གྱིས་ཤོག་ཨ། 
ཞེས་ཐེངས་གཉིས་གསུངས་སོང་། 
ཧུར་ཐག་གྱིས་ཞེས་པ་ནི་དབུས་གཙང་གི་སྐད་ལ་ཁམས་སྐད་དུ་ཧྲི་སྒྲིམ་གྱིས་དང་ཡག་པོ་གྱིས་སོགས་གཅིག་པ་ཡིན་ཚོད་སྣང་།  
ལས་ཀ་ཚང་མ་གཟབ་ནན་གྱིས་ཨ། ཞེས་གསུངས་སོང་། ངས་ཀྱང་ངུ་སྐད་དང་སྦྲགས། ཆོས་སྲིད་གང་གི་ཐད་ནས་ངས་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། 
ཞུས་པས་གུས་པའི་ལག་ནས་དམ་དུ་བཟུང་ནས་པར་ཞིག་བླངས་སོང་། ང་ནི་རྒྱ་གར་ལ་འབྱོར་ནས་བཟུང་༧གོང་ས་སྐྱབས་མགོན་ཆེན་པོ་ག་དུས་མཇལ་ཡང་ངུ་ཤོར་བ་ནི་རྒྱུན་ལྡན་ཞིག་ཡིན། ཆེས་ཡ་མཚན་པ་ཞིག་ལ་ཉིས་སྟོང་གཉིས་ལོར་༧གོང་ས་མཆོག་ཐེངས་གཉིས་པའི་གཟིམས་ཆུང་མཇལ་ཁའི་སྐབས་སུ་ང་ནི་ངུས་དྲག་པས་སྐར་ཆ་འགར་དྲན་པ་འཐོར་འདུག
དེ་རིང་ང་སྐད་ཤུགས་ཆེན་པོའི་མི་མང་བརྒྱ་ཕྲག་མང་པོའི་དཀྱིལ་ནས་ངུས་པའི་སྐབས་སུ་མི་མ་འདྲ་བ་ལ་བལྟ་ཚུལ་མ་འདྲ་བ་རེ་གཏན་གཏན་ཡོད་སྲིད་ཀྱང་། ང་ནི་སློབ་མའི་མོས་གུས་དང་། བླ་མའི་བྱིན་རླབས་ཀྱི་བཀའ་བབས་མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་རྗེས་འཛིན་ཞིག་ཡིན་པའི་ཆ་ནས་མི་བསྐྱོད་རྡོ་རྗེའི་ཐུན་བཞི་བླ་མའི་རྣལ་འབྱོར་ལས། 
གསོལ་བ་ང་ཡིས་མི་འདེབས་ན་སུ་ཡིས་འདེབས། ཐུགས་རྗེ་ཁྱེད་ཀྱིས་མི་གཟིགས་ན་སུ་ཡིས་གཟིགས། 
ཞེས་པའི་ཚིག་དུམ་འདི་གཉིས་ལ་སྦར་འཇུ་བྱེད་ནས་བླ་སྒྲུབ་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ཡག་རྟགས་ཞིག་ལས་བཙོག་རྟགས་ཞིག་ལ་གཏན་ནས་བརྩི་གི་མེད། 
དེ་ནས་༧་གོང་ས་མཆོག་ནས་ཆོས་རྭའི་ནང་གི་ཡུལ་སྐོར་སྤྲོ་འཁྱམས་པའི་མཇལ་ཁ་བ་རྣམས་ལ་དབྱིན་སྐད་ཐོག་ནས་བཀའ་སློབ་མདོར་བསྡུས་ཞིག་གནང་ནས་མཐར་དྲི་བ་དྲིས་ལན་སོགས་ཀྱིས་མི་མང་གི་འདོད་བློ་ཡོངས་སུ་བསྐངས་ནས་ཕེབས་བསུའི་རུ་སྒྲིག་དང་བཅས་སྐུ་ལ་ཆོས་གོས། ཕྱག་ཐལ་མོ། ཞལ་འཛུམས་མདངས་དང་བཅས་མི་མང་ལ་ཕྱག་ཡུགས་ཡུགས་གནང་བཞིན་ཕོ་བྲང་ནང་དུ་ཡར་ཕེབས་སོང་། 

སར་གནས་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ།། 
ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག།
ས་ལའི་ལྗོངས་ཀྱི་ཞི་བདེའི་དེད་དཔོན།། 
ས་ཡ་དྲུག་པོའི་སྐྱབས་མགོན་མཁྱེན་ནོ།། 

རབ་དཀར་ཀུན་སློང་གསེར་སྐུ་ཆེན་མོ།། 
མི་ལྡོག་དད་པས་ལག་ཟུང་བཏེགས་བཞིན།། 
ངུས་པའི་མཆི་མས་མོས་གུས་མཎྡལ།། 
སྐྱབས་ཀྱི་མཐར་ཐུག་ཁྱེད་ལ་འབུལ་ལོ།། 

རྡ་སའི་སྲང་ལམ་གཡས་ཟུར་དུ་ཡོད་པའི་རྒྱུད་སྨད་ཟ་ཁང་ནང་ནས་ལིམ་ཇ་སྐྱུར་མོ་འཐུང་བཞིན་དེ་རིང་གི་ཉིན་ཐོ་དེ་གཏངས།།  


Monday, May 26, 2014

མཚོ་སྣ་རིན་པོ་ཆེས་རང་ཤི་རྒྱབས་པ་ལ་ཚོར་སྣང་།

ཉེ་ཆར་རང་མེད་བྱས་པའི་མཚོ་སྣ་རིན་པོ་ཆེ། 

ཉེ་བའི་ཆར་བཀྲ་མ་ཤིས་པའི་གཏམ་ངན་ཞིག་ལ་དགེ་ལུགས་པའི་བླ་ཆེན་མཚོ་སྣ་རིན་པོ་ཆེ་སྐེ་ཐག་པས་བསྡམས་ནས་རང་ཤི་རྒྱབ་པའི་སྐོར་གསར་འགྱུར་ཁག་ནང་ཡོང་བཞིན་པ་འདིའི་སྐོར་རེད། བོད་ཀྱི་དུས་བབས་ལས་བཤད་པ་ལྟར་ན།

,,མཚོ་སྣ་རིན་པོ་ཆེ་མཆོག་ནི། ༡༩༦༩ ལོའི་ཟླ་བ་༨ པའི་ཚེས་༡༩ ཉིན་མོན་རྟ་དབང་སྙེ་གསར་རྫོང་པ་མཚོ་གྲོང་ཚོར་སྐུ་འཁྲུངས་ཤིང་། ༧གོང་ས་མཆོག་ནས་མཚོ་སྣ་བ་རྗེ་བཙུན་ཤེས་རབ་བཟང་པོ་མཆོག་གི་སྐུ་ཕྲེང་༡༣་པར་ངོས་འཛིན་དང་། འབྲས་སྤུངས་བློ་གསལ་གླིང་ནས་གཞུང་ཆེན་བཀའ་པོད་ལྔར་བསླབ་པ་མཐར་སོན་གནང་སྟེ་དགེ་བཤེས་ལྷ་རམ་པའི་ཕྱག་ཁྱེར་བཞེས། ཁོང་དུས་རྒྱུན་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་དང་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ༢༠༠༤ ལོར་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམས་བློན་ཆེན་དང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་བཅས་གནང་ཡོད་འདུག,,


རིན་པོ་ཆེས་སྐུ་གཤེགས་རྐྱེན་ལ་གསར་འགྱུར་བརྒྱུད་ལམ་ཁག་ནས་འདྲ་མིན་བཤད་ཀྱི་ཡོད། བོད་ཀྱི་གསར་འགྱུར་བརྒྱུད་ལམ་རྣམས་སུ་རིན་པོ་ཆེ་སྐུ་གཤེགས་རྐྱེན་ནི་ཉེ་བའི་ཆར་རྒྱ་གར་སྲིད་བློན་ལ་འཕོ་འགྱུར་ཤུགས་ཆེ་སོང་བའི་དབང་གིས་རྒྱལ་ཡོངས་མངའ་སྡེ་མང་པོར་འོས་ཤོག་གི་འགྲན་རྩོད་ཧ་ཅང་རྣོ་ངར་ཅན་ཞིག་ཏུ་གྱུར་བའི་སྐབས་སུ་ཨ་རུ་ཎ་ཅལ་མངའ་སྡེའི་སྲིད་བློན་ལ་རིན་པོ་ཆེའི་སྤུན་མཆེད་ཞིག་ལ་འོས་ཤོག་ཕམ་ཉེས་བྱུང་བའི་རྐྱེན་གྱིས་རང་སྲོད་བཅད་པའི་གནས་ཚུལ་བཤད་ཀྱི་འདུག ཁོང་ད་ལོར་དགུང་གྲངས་༤༧་ཡིན་སྐད་འདུག
བླ་མ་ཁོང་མཇལ་མྱོང་གཏན་ནས་མེད་ཀྱང་སྐུ་གྲོང་རྐྱེན་གྱི་གནས་ཚུལ་ཐབས་སྡུག་འདི་གོ་བ་དང་མཉམ་དུ་སྙིང་ལ་ན་ཟུག་འཕར་མ་ཞིག་གཏངས་བྱུང་། གང་ཡིན་ཞེ་ན་ལར་ནི་མི་ཤི་བ་ལ་ཧ་ལས་དགོས་པ་གང་ཡང་མེད་ཀྱང་ད་རེས་རི་བོ་དགེ་ལུགས་པའི་བླ་ཆེན་གཞུང་ཀ་པོད་ལྔ་ལ་སློབ་སྦྱོང་མཐར་ཕྱིན་པར་གནང་བའི་དགེ་བཤེས་ལྷ་རམ་པ་ཞིག་ནས་ཚེ་འདིར་འཇིག་རྟེན་ཆོས་བརྒྱད་རང་ཁེ་གཞན་ཕམ་ཆུང་ཙག་ཞིག་གི་ཆེད་དུ་གཅེས་པའི་སྲོག་དམར་རང་གིས་བཅད་པ་འདིར་བསམ་ན་ཁོ་རང་ལ་སྙིང་རྗེ་དགོས་པ་ཡིན་པ་མ་ཟད་བོད་བརྒྱུད་ནང་བསྟན་དང་མ་ཟད་རི་བོ་དགེ་ལུགས་པའི་མི་ཚེ་གཞུང་ཆེན་ལ་བསྐྱལ་བའི་གྲྭ་སའི་བླ་རྒོད་རྣམས་ལ་ཐོས་པ་ཕྱོགས་རེས་རང་རྒྱུད་མི་འདུལ་བའི་ཐོག་མའི་ཅོང་བརྡ་ཞིག་ཀྱང་རེད་སྙམ། 

བཤད་བཤད་ཚིག་གི་འབྲས་བུ་ཁ་ཆུ་ལས་མ་ཐོན།། 

བརྡབ་བརྡབ་ལག་པའི་ན་ཟུག་སྡུག་གྱོང་རང་སོང་བའི།། 
ཚེ་གང་བསྡུས་གྲའི་རིག་ལམ་མགོ་བོ་རང་འཁོར་བའི།། 
གདན་སའི་གྲྭ་རྒོད་རྣམས་ལ་སྐྱོ་བ་ཞིག་སྐྱེས་སོང་། 

སྦྱངས་སྦྱངས་ཤེས་རྒྱུད་མ་ཀི་རྡོ་བ་ལས་སྲ་ཞིང་། 

མཁས་མཁས་དགོས་པའི་རང་རྒྱུད་ཉོན་མོངས་དེར་མ་གནོད།། 
ཚེ་གང་བསྡུས་གྲའི་རིག་ལམ་མགོ་བོ་རང་འཁོར་བའི།། 
གདན་སའི་གྲྭ་རྒོད་རྣམས་ལ་སྐྱོ་བ་སྐྱེས་སོང་།

རྡ་སའི་རི་བསེབ་ཀྱི་ནགས་ཀླུང་དུ་ཡོད་པའི་ངོས་ཀྱི་ཆོས་གྲོགས་བློ་བཟང་རྒྱ་མཚོའི་བཞུགས་གནས་སམ། བྱང་ཆུབ་སེམས་པའི་ཆོས་ཚོགས། ཞེས་དྭངས་གཙང་ཉམས་དགའི་དབེན་གནས་དེར་དགོང་ཟས་ཚར་བའི་སྐབས་སུ་ཉིན་ཐོ་གཏངས། 

སངས་ཆོས་དང་དགའ་སྐྱིད་གཉིས་དང་འཕྲད་པའི་ཉིན་མོ།

ས་མཐའི་སྤུན་མཆེད་རྣམས་དང་ལྷན།
དེ་རིང་ནི་ངོས་ཀྱི་ཆོས་གྲོགས་བླ་མ་རིག་འཛིན་ཚ་མོ་སངས་ཆོས་དང་དགའ་སྐྱིད་དང་འཕྲད་པའི་ཉིན་མོ་དེ་ཡིན། སངས་ཆོས་དང་དགའ་སྐྱིད་གཉིས་ནི་ངོས་ཀྱི་སྐྱེ་ཡུལ་གཅིག་པ་དང་མ་ཟད་གྲོང་པ་ཡང་ཧ་ཅང་ཐག་ཉེ་ཞིག་ཏུ་ཡོད། བུ་མོ་གཉིས་ཀྱི་མི་ཚང་འདི་ད་ནས་ཡར་རྩིས་པའི་མི་རབས་གསུམ་བར་དུ་ངོས་ཀྱི་ནང་མི་དང་ཁམས་པས་ཟེར་ན་ཤག་པོ་ཞེས་ཧ་ཅང་འཆམས་མཐུན་ཅན་གྱི་ནང་མི་ཡིན། མ་ཟད་ཁོང་གཉིས་ཀྱི་ཨ་ཞང་གྲྭ་པ་གཉིས་ཡོད་པ་དེ་ནི་ངོས་ཀྱི་ཆོས་གྲོགས་ཡག་ཤོས་གཉིས་ཡིན་པ་མ་ཟད་བློ་ཐུབ་ཀྱི་ཤག་པོ་ཞིག་ཀྱང་ཡིན། བུ་མོ་འདི་གཉིས་ཀྱི་ཨ་མ་ཆུང་དུས་གྲོང་ནས་ཨ་ཞང་བླ་མ་རིག་འཛིན་ནས་ཆེད་དུ་རྒྱ་གར་བཙན་བྱོལ་བོད་ཀྱི་སློབ་གྲྭ་ལ་བསྐྱལ་ནས་ད་བར་བུ་མོ་གཉིས་ནས་འཛིན་རིམ་རྣམས་ཐོད་རྒལ་བྱས་ནས་མཐོ་རིམ་སློབ་གྲྭ་མཐར་ཕྱིན་ཅིང་དེང་སང་ལས་ཀ་བཙལ་བཞིན་པ་རེད་འདུག ཁོང་གཉིས་ནས་ང་ལ་ནམ་རྒྱུན་ཨ་ཞང་ཞེས་འབོད་ཀྱི་ཡོད། ངས་ཀྱང་དེ་སྔ་ཕན་ཆོད་ངོས་ཀྱི་ཚ་མོ་གཉིས་དང་ཁྱད་མེད་ཀྱིས་རོགས་རམ་གང་དྲག་བྱས་པ་ཡིན། 
ཉིན་གུང་ཟ་མ་མཉམ་བཟའ་དང་མ་ཟད་ཨ་ནེ་མདོ་སྒྲོན་ནས་བསྐོལ་བའི་ངོས་ཀྱི་ཟ་མ་དགའ་ཤོས་ཟྭ་ཐུག་དང་མཉམ་དུ་རྩམ་པ་དགོང་ཟས་སུ་མཉམ་རོལ་བྱས་པས་དཔེ་མེད་སྐྱིད་པོ་བྱུང་།  

Wednesday, May 21, 2014

བོད་སྒར་བསམ་ཡས་གླིང་ནས་ཕ་ཡུལ་གཅིག་པའི་བླ་མ་ཞིག་དང་འཕྲད་པའི་ཉིན་མོ།

མན་ཇུ་ཀ་ཊི་ལའི་སྲང་ལམ་ཟུར་ཞིག
དེ་རིང་གི་ཉིན་མོར་བོད་སྒར་བསམ་ཡས་གླིང་སྲང་ལམ་གུ་དོགས་འདིའི་ནང་ནས་ཕ་ཡུལ་གཅིག་པ་དང་མ་ཟད་གྲོང་པ་གཅིག་པའི་གྲྭ་དཀོན་མཆོག་ཚེ་རིང་དང་འཕྲད། ངེད་གཉིས་ནི་མན་ཇུ་ཀ་ཀྲི་ལའི་ལམ་ཟུར་ཚིག་ཇ་འཐུང་ས་ཞིག་ནང་དུ་འཛུལ་ནས་འདས་སོང་ཕ་ཡུལ་གྱི་ལོ་རྒྱུས་རྣམས་རྩིས་བགྲངས་དང་། ད་ལྟའི་རྒྱ་གར་བལ་ཡུལ་གྱི་གནས་སྟངས། མ་འོངས་འབྱུང་འགྱུར་གྱི་སོ་ཚིས་སོགས་དྲན་ཚད་ལབ་གླེང་བྱས་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། སང་ཉིན་ནི་ང་བཞུགས་སྒར་རྡ་རམ་ཤ་ལ་འགྲོ་ཆེས་སྤྱི་སྤྱོད་རླངས་འཁོར་གྱི་འཛིན་བྱང་ཉོས་ཚར་བ་ཡིན། ཉིན་གསུམ་གོང་ངོས་ཀྱི་གྲོགས་པོ་དགེ་བཤེས་མིག་དམར་རྡོ་རྗེ་དང་མཉམ་དུ་རྡོར་རྗེ་གླིང་ལ་སོང་། དེ་ནི་ལོ་གསུམ་ཡར་སྔོན་ཁོང་དང་ངེད་གཉིས་ནས་འཆར་གཞི་ལྟར་ཡུལ་དེར་དྭ་ཕྲུག་སློབ་གྲྭ་འགར་རོགས་རམ་བྱེད་རྒྱུ་དེ་ཡིན། ངོས་ནི་རང་གི་གནས་སྟངས་གང་འདྲ་ཡིན་མིན་ལ་མ་ལྟོས་པར་མི་ཉམ་ཐག་ལ་རོགས་རམ་བྱེད་རྒྱུ་ནི་ངོས་ཀྱི་ཐུན་མིན་གྱི་གོམས་གཤིས་ཞིག་ཡིན། དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་མགྲོན་ཁང་རྩིག་ངོས་སུ་ཡོད་པའི་གཟུགས་མཐོང་བརྙན་འཕྲིན་དེ་ལ་བལྟ་ཙམ་བྱས་པས་རྒྱ་གར་གྱི་སྲིད་འཛིན་གསར་པའི་མཛད་སྒོ་དང་ཁྱབ་བསྒྲགས་ཁོ་ན་རེད་འདུག 

Monday, May 12, 2014

བོད་སྒར་བསམ་ཡས་གླིང་ནས་ཁྱི་མོ་བདག་མེད།

འབྱོར་ལྡན་ཟ་ཁང་འགྲམ་དུ་བདག་མེད་ཁྱི་ཡིས་ལྟོགས་སྒོམ་བྱེད་བཞིན་པ། 
བསམ་ཡས་གླིང་ནས་ཉམ་ཐག་གི་ཁྱི་མོ་བདག་མེད་དང་འཕྲད་པའི་ཉིན་མོ། ཉིན་མཚན་གོ་ལྡོག་པའི་དབང་གིས་མཚན་མོར་གཉིད་འཁྱོལ་དཀའ་བས་མན་ཇུ་ཀ་ཊི་ལའི་ལམ་ཟུར་ཇ་མངར་མོའི་རྐུབ་སྟེག་ཐོག་ནས་ཞོགས་ཇའི་ཟ་ཁང་སྒོ་ཕྱེ་བར་སྒུག་ནས་བསྡད། གུ་དོགས་ཀྱི་ལམ་འཕྲང་སྐེ་རག་ཙམ་གྱི་ནང་ནས་རྐང་པ་ཐོགས་ཚད་འགྲོ་གི་འདུག ལམ་འཕྲང་འདིའི་ནང་དུ་ལག་ཏུ་འཕྲེང་མ་ཐོགས་མཁན་གྱི་ཆོས་པ་དང་། རྒྱབ་ཏུ་སྒོར་ཁུག་འཐུག་པོ་ཁུར་མཁན་གྱི་ཚོང་པ། ཟ་ཁང་དང་མགྲོན་ཁང་གི་བདག་པོ་སྦྱིན་བདག་འབྱོར་ལྡན་ཅན། གང་ལྟར་མི་རིགས་དང་ཆ་ལུགས་བསམ་ཚུལ་མི་གཅིག་པའི་རྐང་གཉིས་མི་རྣམས་རྒྱ་གྲོག་གི་ལམ་འཚོལ་བ་ནང་བཞིན་ཟིང་ཟིང་ལོང་ལོང་རེད་འདུག། 
ཞོགས་ཟས་ཚར་མ་ཐག་ངོས་ཀྱི་ཆོས་གྲོགས་བླ་མ་རིག་འཛིན་གྱི་ཚ་མོ་ཆུང་བ་དགའ་སྐྱིད་རྡ་ས་ནས་མར་འབྱོར་སོང་བས་དེ་རིང་ཡང་སྐྱར་ཐེངས་མ་གཅིག་མཉམ་འཛོམས་བྱུང་། 
ཉིན་ཟས་སྐབས་སུ་ལམ་བར་དུ་ཁྱི་འཁྱམས་བདག་མེད་འགའ་ཡིས་ལམ་ཟུར་གཡས་གཡོན་དུ་ཟས་སྙེགས་འཚོལ་བཞིན་པ་མཐོང་དུས་ཀི་ལི་ཧྥོ་ཉ་རུ་ཡོད་པའི་ངོས་ཀྱི་གཅེས་པའི་ཁྱི་ཕྲུག་མག་སེའུ་གློ་བུར་དུ་དྲན་སོང་། ཁྱི་འཁྱམས་རྣམས་ལ་ཉིན་གུང་ཟས་ལྷག་རྣམས་སྤྲད་ཀྱང་ས་གནས་དེར་ཚོང་ཁྲོམ་གྱི་བདག་པོ་མི་རྒན་ཞིག་ཡོད་པ་དེས་ང་ལ་འདི་ལྟར་ཟེར། 
སྐུ་ཞབས་ལགས་ཁྱེད་རང་ཁྱི་ལ་ཁ་ལག་སྟེར་བའི་དཔལ་འབྱོར་ཡོད་ནའང་ང་ཚོའི་ཁྱི་འཁྱམས་འདི་རྣམས་ས་གནས་འདིར་མ་འཁོར་བའི་ཐབས་ཤེས་བྱེད་བཞིན་པ་ཡིན་ཁྱེད་
ནས་ཁྱི་ལ་ཁ་ལག་མ་སྟེར་རོགས་ཟེར།
ངས་ཀྱང་ལགས་སོ་ཟེར་བ་ལས་གཞན་གང་ཡང་ལན་རྒྱག་ཤེས་མ་སོང་། 
ཉིན་རྒྱབ་བལ་ཡུལ་ལ་ཡོད་པའི་ངོས་ཀྱི་ཉེ་འབྲེལ་བླ་མ་བསོད་ནམས་རྡོ་རྗེ་ཉེ་ཆར་དུས་ཆད་བྱས་པ་ནང་བཞིན་འདིར་འབྱོར་སོང་། ཁོང་ནི་ཚེ་སྟོད་མི་སྐྱ་ཡིན་ཀྱང་ངེས་འབྱུང་རྣལ་མ་རང་སྟོབས་ཀྱིས་ཐུགས་བརྒྱུད་ལ་འཁྲུངས་ནས་བལ་ཡུལ་པུ་ལ་ཧཱ་རིའི་འཇམ་མགོན་རིན་པོ་ཆེའི་དགོན་པར་ལོ་གསུམ་ཕྱོགས་གསུམ་སྒྲུབ་ཁང་ནང་དུ་བཞུགས་ནས་ཉེ་ཆར་སྒྲུབ་པ་གྲོལ་ནས་ད་རེས་མ་ཐུག་ཡུན་རིང་སོང་བས་དངོས་སུ་འཕྲད་པ་ཧ་ཅང་དགའ་བོ་བྱུང་། འཚོགས་ལ་ཉེ་བའི་རྒྱ་གར་ལྷོ་ཕྱོགས་བདེ་ཆེན་ཞིང་སྒྲུབས་ལ་མཉམ་དུ་འགྲོ་རྒྱུ་བྱས། 

Saturday, May 10, 2014

ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་དང་འཕྲད་པའི་ཉིན་མོ།

ཚ་མོ་ཆོས་དབྱིངས་དབང་མོ་དང་མཉམ་དུ། 
དེ་རིང་གི་ཉིན་མོ་འདི་ནི་རྒྱལ་གར་ལ་འབྱོར་ནས་ཉིན་གཉིས་པ་དེ་ཡིན། ཉིན་མཚན་གོ་ལྡོག་པའི་དབང་གིས་ཉིན་མོ་གཉིད་ཁུག་པ་དང་ཟས་ཟ་སྙིང་མི་འདོད་པ་མཚན་མོ་གཉིད་མི་ཁུག་པ་སོགས་ཀྱི་དཀའ་ངལ་མང་དག་ཞིག་འདུག 
བསམ་ཡས་གླིང་བོད་སྒར་འདི་ནི་རྒྱ་ཡར་འགྲོ་བྱེད་ས་དང་སྟོང་མར་ཡོང་བྱེད་ས་དོན་དུ་ས་ཆ་གུ་དོགས་པོ་རྒྱུ་མའི་ཁུག་སོ་འདྲ་བོ་འདིར་བོད་ཀྱི་བླ་ཆེན་དང་འབྱོར་ལྡན་རྣམས་ཀྱིས་ཚོང་གི་དར་ཐག་འཐེན་ས། འབྱོར་མེད་ཉམ་ཆུང་ཁྱི་སྤྲང་རྣམས་འཁྱག་ལྟོག་གི་ངུ་སྐད་འདོན་ས་སོགས་གཅན་འཕྲང་འགགས་དོགས་ཀྱི་སྲང་ལམ་ཆུང་ངུ་འདིར་རྒྱ་གྲོག་ཚང་སྒོ་རྡོལ་བ་ནང་བཞིན་མི་རྣམས་གཅིག་རྒྱབ་གཉིས་མཐུད་ཁ་ནམ་མཁར་གདངས་ནས་ཅི་ཞིག་བོར་ནས་བཙལ་མཁན་དང་འདྲ་བ་ཤ་སྟགས་རེད་འདུག
ཡུན་རིང་མ་ཐུག་པའི་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་ནི་བོད་གཞུང་སློབ་གྲྭ་རྣམས་རིམ་པར་སློབ་མཐར་ཕྱིན་ནས་དེང་སང་ལྡི་ལིའི་མཐོ་སློབ་ནང་དུ་སློབ་སྦྱོང་བྱེད་བཞིན་ཡོད། ཉེ་ཆར་དུས་ཆད་བྱས་པ་ནང་བཞིན་ངེད་ཚ་ཞང་གཉིས་དེ་རིང་འདིར་འཛོམས་རྒྱུ་བྱས་པས་ཉིན་གུང་ཏག་ཏག་སླེབས་སོང་། མོ་རང་དེ་རིང་ཉིན་མོ་འདིར་ཞགས་གཅིག་ལ་འདུག་རྒྱུའི་དུས་ཚོད་དགོང་འཕྲོལ་ཐོབ་འདུག་པས་མགྲོན་ཁང་དུ་མཉམ་དུ་བསྡད། 
ལོ་གསུམ་ཡར་སྔོན་དང་མི་འདྲ་བ་རྒྱ་གར་ལུང་པ་འདིར་ཟས་གོས་ཀྱི་རིན་གོང་ཧ་ཅང་ཆེན་པོ་འཕར་འདུག 

Friday, May 9, 2014

རྒྱ་གར་ལ་སོང་བའི་ཉིན་མོ།

གནམ་ཐང་ནས་ངོས་ཀྱི་དགེ་ཕྲུག་གཉིས་དང་མཉམ་དུ།
ད་ནང་ཞོགས་པ་མཚན་མོར་ཆུ་ཚོད་བཅུ་གཉིས་སྐབས་སུ་ངོས་ཀྱི་ཆོས་ཚོགས་ཀྱི་འགན་འཛིན་ཧར་ཌེའི་དང་། དངུལ་གཉེར་པདྨ་སྒྲོལ་མ་གཉིས་དང་མཉམ་དུ་གནམ་ཐང་ལ་སོང་། ང་ནི་ག་དུས་གནམ་ཐང་ལ་སླེབས་ཀྱང་འབྲལ་མེད་དུ་འཆང་བའི་ངོས་ཀྱི་གའུ་མཚོན་སྲུང་འདི་ལ་སེམས་ཁྲལ་འཕར་མ་རེ་འདུག གང་ཡིན་ཞེ་ན་མི་མང་པོ་ཞིག་ནས་འདི་བོད་ལུགས་ནང་པའི་འབྲལ་མེད་དུ་འཆང་བའི་མཚོན་སྲུང་ཞིག་ཡིན་པར་ཧ་གོ་རྒྱུའི་ཚབ་ལ་འབར་རྫས་སམ་གཞན་དོགས་གཞི་ཅན་ཞིག་ལ་ངོས་འཛིན་བྱེད་ནས་འབྲེལ་བཤད་ག་ཚད་རྒྱབ་ཀྱང་གཡས་བལྟ་གཡོན་བལྟ་བྱེད་ཅིང་གློག་སྒམ་ནང་དུ་བཅུགས་པ་སོགས་བྱེད་ཀྱི་ཡོད།  དེ་རིང་ནི་སྟབས་ལེགས་པ་ཞིག་ལ་སྐད་ཆ་འདྲི་མཁན་ཙམ་ཡང་མ་བྱུང་། དེ་རིང་ངོས་ཀྱི་གནམ་གྲུ་དེ་ནི་ཨ་རིའི་san francisco གནམ་ཐང་བརྒྱུད་ནས་new york/ newark གནམ་ཐང་ལ་ཆུ་ཚོད་དྲུག་རིང་གནམ་གྲུ་གཞན་པ་སྒུག་དགོས་འདུག ཉིའུ་ཡོག་ལ་ཡོད་པའི་ངོས་ཀྱི་ཚ་བོ་བཀྲ་ཤིས་རྡོ་རྗེ་ཁ་སང་ནས་དུས་ཆད་བྱས་པ་ནང་བཞིན་དེ་རིང་གནམ་ཐང་ནས་སྒུག་འདུག ངེད་ཚ་ཞང་གཉིས་མ་ཐུག་རྒྱུན་རིང་སོང་བས་དེ་རིང་གནམ་ཐང་ནས་སྟབས་བདེའི་ཁ་ལག་དང་ཚིག་ཇ་སོགས་མཉམ་འཐུང་བྱས་ནས་ཆུ་ཚོད་གཉིས་ལྷག་རིང་སྐད་ཆ་ལབ་གླེང་བྱས་ནས་བསྡད་པས་ཕན་ཚུན་གཉིས་ཀར་ཧ་ཅང་སྐྱིད་པོ་བྱུང་། 
དེ་རིང་གནམ་གྲུའི་ནང་གི་མི་མང་ཤོས་ནི་རྒྱ་གར་བ་རེད་འདུག་པ་མ་ཟད་ངོས་ཀྱི་གཡས་ཟུར་ཀྱི་འདུག་རོགས་དེ་ཅན་རྡི་སྒར་ནས་ཡིན་པའི་རྒྱ་གར་ཚོང་པ་ཞིག་རེད་འདུག་ཅན་རྡི་སྒར་ནི་རྡ་རམ་ཤཱ་ལ་ཐག་ཉེར་སོང་སྟབས་བོད་པར་ཆ་རྒྱུས་ཡོད་མཁན་དང་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་དད་གུས་ཆེན་པོ་ཅན་ཞིག་རེད་འདུག་པས་ངེད་གཉིས་ཕན་ཚུན་ངོ་ཤེས་རྙིང་པ་འཕྲད་པ་ནང་བཞིན་བྱུང་། 
དེ་རིང་གནམ་གྲུ་འདིའི་ནང་དུ་མི་ཧ་ཅང་མང་པོ་མེད་སྟབས་རྒྱབ་ཏུ་ཡོད་པའི་འདུག་སྟེག་འགའ་སྟོང་པ་རེད་འདུག་པས་མཚན་མོར་རྐུབ་སྟེགས་གསུམ་གྱི་ཐོག་ཏུ་ང་གཅིག་པུ་ཧྲེང་ཉལ་བྱས་ནས་གཉིད་ལ་ཡུར་བས་ཧ་ཅང་སྐྱིད་པོ་བྱུང་། 
ནམ་རྒྱུན་ཨ་རི་ནས་རྒྱ་གར་ལ་འགྲོ་བའི་སྐབས་སུ་མཁའ་ལམ་རིང་དྲགས་པའི་རྐྱེན་གྱིས་སུན་སྣང་སྐྱེ་བ་དང་། རྐང་པ་ན་བ་དང་སྐྲང་པ། ཚང་ར་གཟེར་བ་སོགས་ཡོང་གི་ཡོད་ཀྱང་ད་རེས་ཀྱི་བྱེས་བསྒྲོད་དེ་ནི་ཧ་ཅང་སྐྱིད་པོ་བྱུང་། 
ལྡི་ལིའི་གནམ་ཐང་དུ་འབྱོར་མ་ཐག་གནམ་ཐང་ཕྱི་ལོགས་ནས་རྒྱ་གར་གཞུང་གི་གླ་བྱེད་རླངས་འཁོར་ཞིག་ལ་རྒྱ་གར་སྒོར་མོ་བདུན་བརྒྱ་སྤྲད་ནས་བོད་སྒར་བསམ་ཡས་གླིང་ལ་ཁ་གཏད་ནས་ཡོང་། 
ཀི་ལི་ཧྤོ་ཉའི་གནམ་གཤིས་དྲོ་གྲང་ཧ་ཅང་སྙོམས་པས་གནམ་ཐང་དུ་འབྱོར་མ་ཐག་ཚ་བ་ཧ་ཅང་ཆེ་བའི་ཚོར་སྣང་ཞིག་བྱུང་། གླ་འཁོར་ཁ་ལོ་བ་རྒྱ་གར་ཕོ་གསར་ཁ་སྤུ་ཅན་དང་མཉམ་དུ་དབྱིན་ཇི་དབ་དིབ་ཁ་བརྡ་བྱེད་བཞིན་སྒེའུ་ཁུང་ཕྱི་ལོགས་ནས་སྣ་ལ་རྒྱ་གར་བསེ་མོག་གི་དྲི་མའི་མཆོད་པ་དང་། རྣ་བ་རུ་ལམ་ཟུར་གཡས་གཡོན་ནས་མི་སྙན་པའི་རླངས་འཁོར་གྱི་ཙིར་སྒྲའི་ཀུ་ཅོ་དང་མཉམ་དུ་བོད་སྒར་བསམ་ཡས་གླིང་ལ་དགོང་མོ་ཆུ་ཚོད་བཅུ་གཅིག་སྐབས་སུ་གཟུགས་པོ་དངུལ་ནག་ཕ་ལེ་འབྱོར་སོང་།
ངོས་ཀྱི་ཚ་མོ་ཆོས་དབྱིངས་དབང་མོས་ཁ་སང་ནས་པོ་ཏཱ་ལའི་མགྲོན་ཁང་ནང་ནས་ཁང་མིག་ཞིག་བླངས་འདུག་པས་དེར་བསྡད།  མགྲོན་ཁང་ཞབས་ཞུ་བ་ཕོ་གསར་དེས་འབྱོར་མ་ཐག་ངོས་ཀྱི་ཁ་པར་དང་རྩིས་འཁོར་ལག་ཁྱེར་སོགས་ལ་མགྲོན་ཁང་གི་དྲྭ་ལམ་མཐུད་སོང་བས་ཉིན་མཚན་གོ་ལྡོག་ནས་མཚན་མོར་གཉིད་ཁུག་མི་འདུག་པས་ངོ་དེབ་ཉུལ་ཞིང་ཉིན་ཐོ་འབྲི་བ་སོགས་ཀྱིས་དེ་རིང་གི་མཚན་མོ་དེ་འཁྱོལ་ཐབས་བྱས། 

Tuesday, May 6, 2014

ཨ་མ་ཀུན་བཟང་དབང་མོ་དང་ཁ་བརྡ་བྱས་པའི་ཉིན་མོ།

ཨ་མ་ཀུན་བཟང་དབང་མོ་དང་མཉམ་དུ།
ཉིན་མོ་འདི་ནི་ངོས་ལ་མཚོན་ན་བྲེལ་ཟིང་ཆེ་ཤོས་ཀྱི་ཉིན་མོ་དེ་ཡིན། གང་ཡིན་ཟེར་ན་གནང་ཉིན་མོ་རྒྱ་གར་ལ་འགྲོ་ཆེས་ཀྱི་སྟ་གོན་དང་ངོས་ཀྱི་དགེ་ཕྲུག་རྣམས་དང་ཐུག་འཕྲད་སོགས་ཀྱིས་ད་ནངས་ཞོགས་པ་ནས་ད་བར་ཉི་ཧོང་ཨ་མ་སུས་སིན་ནམ་ཆོས་མིང་དུ་ཀུན་བཟང་དབང་མོ་ནས་རླངས་འཁོར་ཁ་ལོ་བ་བྱས་ནས་ད་བར་བྲེལ་ཟིང་དུ་གྱུར། 
ཨ་མ་ཀུན་བཟང་དབང་མོ་འདི་ནི་ཨ་རིའི་ཕྱོགས་ནས་ངོས་ཀྱི་སློབ་མ་ཡག་ཤོས་དེ་ཡིན་ཟེར་ཀྱང་མི་འགྲིག་རྒྱུ་མེད། ད་ལོ་དགུང་ལོ་བརྒྱད་བཅུ་གྱ་གསུམ་ཡིན་ཀྱང་ཕར་བལྟས་ཚོད་ལ་ངོ་གདོང་དང་གཟུགས་པོ་སོགས་གང་ལ་བལྟས་ཀྱང་མི་མང་ཤོས་ཀྱིས་བུད་མེད་ནད་མེད་དཀྱུས་མ་ལོ་གྲངས་ལྔ་བཅུ་ཙམ་ལ་ཡིད་ཆེས་བྱེད་ཀྱི་ཡོད། 
ངོས་ཀྱི་ཨ་མ་ང་སྐྱེས་ནས་ཟླ་བ་གསུམ་ཙམ་སྐབས་སུ་གུང་བྲན་རིག་གནས་གསར་རྗེའི་གྲལ་རིམ་འཐབ་རྩོད་སྐབས་སུ་ནད་མུག་གཉིས་ཀྱི་ནང་དུ་མུག་ཤིར་ཐེབས། ས་ཆ་གང་དུ་སོང་ཡང་ལོ་ན་མཐོ་རིམ་བཞིན་ཨ་མ་ཇེ་དྲན་རེད། 
ད་རེས་ཉི་ཧོང་ཨ་མ་ཀུན་བཟང་དབང་མོ་འདི་ངོས་ལ་ར་གན་གསེར་རློམ་བྱེད་མཁན་དད་ལྡན་གྱི་དགེ་ཕྲུག་ཞིག་ཡིན་ལ་ངོས་ལ་མ་བསམ་ས་ནས་དཀོན་མཆོག་གིས་གནང་བའི་ཨ་མ་ཡང་ཡིན།
དགོང་མོ་ཨ་མ་དང་མཉམ་དུ་དགོང་ཟས་ཞིག་མོ་རང་གི་འདོད་པ་ལྟར་མཉམ་བཟའ་བྱས་དགོང་ཟས་བར་གསེང་སྐབས་སུ་ཨ་མས་འདི་ལྟར་ཟེར། 
ཁྱེད་རང་སང་ཉིན་རྒྱ་གར་ལ་ཕེབས་དགོས་ཀྱི་རེད་ཕེབས་ལམ་ནས་ཅ་དངོས་ལ་བདག་པོ་ཡག་པོ་གནང་རོགས། ངས་རེ་བ་རུ་སྔ་ལོ་མ་ལེ་ཤ་ལ་ཕེབས་པའི་སྐབས་སུ་ཅ་དངོས་བོར་སྟོར་བྱུང་བ་ནང་བཞིན་ད་ལོར་ལོར་མི་ཡོང་བའི་རེ་བ་ཡོད། 
ཅེས་གད་མོ་ཤོར་བཞིན་བཤད།
ངས་ཀྱང་སེམས་ཁྲལ་མ་གནང་དང་གང་ཐུབ་གཟབ་གཟབ་བྱེད་ཡོང་ཞེས་སེམས་གསོའི་ཁ་བརྡ་གང་དྲག་བྱས། 
དེ་ནས་ཨ་མས་ཡང་སྐྱར་འདི་ལྟར་ཟེར།
ཁྱེད་རང་ད་རེས་རྒྱ་གར་ལ་འགྲོ་བའི་སྐབས་སུ་ངས་འཕྲུལ་ཆས་ཕྱོགས་སྟོན་འཁོར་ལོ་ཞིག་ཉོས་ཡོད། ངས་ཕྱོགས་སྟོན་འཁོར་ལོ་ལ་བལྟ་བཞིན་ཞོགས་པ་སྔ་བོ་ཉི་མ་རེ་རེ་རྒྱ་གར་ཕྱོགས་ལ་ཕྱག་གསུམ་རེ་འཚལ་གྱི་ཡིན། ཁྱེད་རང་ནས་ཀྱང་ང་མ་བརྗེད་པ་གནང་རོགས།
 ཞེས་ཟེར་ནས་མིག་ནས་མཆི་མ་བཏོན་སོང་བས་ང་ཡང་ཨ་མ་འདིའི་ང་ལ་ར་གན་གསེར་རློམ་འདུ་ཤེས་ཀྱི་དད་པ་དེ་བསམ་ནས་མོ་རང་དད་པ་ལ་ཡི་རང་ཚད་མེད་དང་མཉམ་དུ་སེམས་ལ་སྐྱོ་བ་ཞིག་དང་མཉམ་དུ་ང་རང་ཡང་མིག་ནས་མཆི་མ་རང་དབང་མེད་པར་ཤོར་སོང་།