Wednesday, June 25, 2014

རྡ་ས་ནས་ལྡི་ལིར་ཡོང་བའི་ཉིན་མོ།

མན་ཇུ་ཀ་ཏྲི་ལའི་སྲང་བར་ཟུར་ཞིག
ད་ནུབ་ངོས་ཀྱི་ཚ་མོ་ཆོས་དབྱིངས་དབང་མོ་དང་དགའ་སྐྱིད། གཞན་བླ་མ་བསོད་ནམས་རྡོ་རྗེ་བཅས་ངེད་བཞི་པོ་སྟབས་བདེའི་སྤྱི་སྤྱོད་རླངས་འཁོར་ཞིག་ནང་དུ་མི་རེས་ཧིན་སྒོར་བདུན་བརྒྱ་རེ་སྤྲད་ནས་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་རྡ་ས་ནས་ཐོན་ནས་ཡོང་བས་ད་ནངས་ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ཁ་སྐྱུག་དྲི་ཕ་ལེ་བོད་སྒར་བསམ་ཡས་གླིང་རྙོག་ལུད་ཁྲོད་དུ་འཕངས་སོང་། 
སང་ཉིན་ཞོགས་པ་ཆུ་ཚོད་གསུམ་པའི་སྐབས་སུ་སྔ་ལངས་བྱེད་ནས་བླ་མ་བསོད་རྡོ་དང་ལྷན་ལྡི་ལིའི་གནམ་ཐང་བརྒྱུད་ནས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ལ་འགྲོ་དགོས། གལ་ཆེའི་ལས་ཀ་ནི་བྷེང་ལོར་ནས་རླངས་འཁོར་ཆུ་ཚོད་དྲུག་ཙམ་གྱི་སར་ཡོད་པའི་ཀོ་ལི་སྒར་དོན་ལྡན་གླིང་གཞིས་ཆགས་སུ་བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུ་དེ་ཡིན། ཆོས་ཕྱོགས་ཀྱི་ལས་ཀ་འདི་ནི་ཉིས་སྟོང་ལྔ་ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གུས་ལ་ཆེད་དུ་བཀའ་གནང་ནས་འདི་ལྟར་གསུང་མྱོང་ཡོད། 

ཁྱེད་རང་ནས་ས་ཁུག་ལུང་ཀྱོག་ཞིག་ཏུ་དགོན་པ་གཞེངས་ནས་ཨ་ནེ་དང་གྲྭ་པ་མང་པོ་གསོ་སྐྱོང་བྱས་པ་ལས་བོད་རིགས་སྐྱབས་བཅོལ་བ་གཞིས་ཆགས་སྐྱོ་བོ་རྣམས་ཀྱི་ནང་དུ་བདེ་ཆེན་ཞིང་སྒྲུབས་དང་ནང་ཆོས་ངོ་སྤྲོད་སོགས་གྱིས། དེའི་སྐབས་སུ་བླ་མ་དང་སྦྱིན་བདག་གཉིས་ཀ་ཁྱེད་རང་ནས་བྱེད་ཐུབ་ན་ཁྱེད་རང་བསོད་ནམས་བསགས་ཀྱི་རེད། བསོད་ནམས་ཆེན་པོ་བསགས་ཐུབ་ན་ཞོར་དུ་ཁྱེད་རང་གི་ལས་ཀ་དེ་ཡང་ནུས་པ་ཆེ་རུ་འགྲོ་གི་རེད། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ།། གསུངས་པ་ནང་བཞིན་རེད་ཧུར་ཐག་གྱིས་ཤོག་ཨ
ཅེས་གསུངས་སོང་དེ་ནས་བཟུང་སྟེ་རྩ་བའི་བླ་མའི་བཀའ་གསུངས་ཅི་སྒྲུབ་ཡིན་ཁུལ་གྱིས་རང་འཁོས་ནུས་ཚོད་གང་ཡོད་བོད་པའི་སྤྱི་ཚོགས་རྣམས་སུ་ཆོས་དང་ཟང་ཟིང་གི་རོགས་པ་གང་དྲག་བྱེད་ཀྱི་ཡོད། 
ད་ནངས་ཞོགས་པ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་དགོན་པ་གཅིག་པ་དང་མ་ཟད་ལོ་གསུམ་ཟླ་གསུམ་མཉམ་དུ་བསྡད་ནས་དམ་ཚིག་གསེར་སྐུ་ཆེན་མོ་ལ་བར་ཆད་ཀྱི་གཡའ་ཡིས་མ་གོས་པ་ད་ལྟ་ཐེའུ་ཝན་གནས་བཞུགས་འཇའ་ཚོན་རིན་པོ་ཆེ་རེད་འདུག ཁོང་ནི་ངོས་ཀྱི་མི་ཚེར་རྡོ་རྗེའི་མཆེད་གྲོགས་ཡག་ཤོས་དེ་ཡིན་ཞེས་བཤད་ཀྱང་ཕལ་ཆེར་མི་ཆོག་རྒྱུ་མེད། གང་ཡིན་ཟེར་ན་གོང་དུ་བཤད་པ་ལྟར་ང་ལོ་ཉེར་གཅིག་སྐབས་སུ་རང་དགོན་མཆོག་གླིང་གཏེར་གསར་སྒྲུབ་ཁང་ཐེངས་དང་པོ་རུ་ང་ཚོ་སྒྲུབ་གྲྭ་དགུ་རྒྱན་གྲལ་དུ་མ་བཞག་པར་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་གདམས་གསེས་བྱས་ནས་བཞག་པ་རེད། 
དེའི་ནང་ནས་ང་མ་གཏོགས་ད་ལྟ་རྒྱལ་ཕྱི་ནང་གཉིས་སུ་འཇའ་ཚོན་རིན་པོ་ཆེའི་གཙོར་བྱས་རང་དགོན་གྱི་བསྟན་པ་ལ་ཕན་ཐོག་ཆེ་བའི་བླ་མ་ཤ་སྟག་ཕེབས་ཡོད། 
དེ་རིང་བོད་སྒར་བསམ་ཡས་གླིང་གཡག་རྭའི་སྦུབས་འདྲ་བ་དེ་ནས་ཡར་འཁྱམས་མར་འཁྱམས་བྱས་པས་གནང་ལ་ཉེ་བའི་ལ་དྭགས་དུས་འཁོར་དབང་ཆེན་ཆེད་དུ་ཤར་ལྷོ་ནུབ་བྱང་ས་གནས་མི་འདྲ་བ་ནས་ཕེབས་པའི་སྐུ་མགྲོན་རྣམས་ཟིང་ཟིང་ལོང་ལོང་འདྲ་རེད་འདུག ང་ནི་ད་ལོར་དུས་དབང་འདིར་འགྲོ་བསམ་ནས་སྐོམ་པ་ཆུ་འདོད་ལྟར་གྱུར་ཀྱང་ངོས་ཀྱི་འཚོགས་བཞིན་པའི་བདེ་ཆེན་ཞིང་སྒྲུབས་ཆེན་མོ་འདི་དུས་ཚོད་གཅིག་ལ་ཁེལ་ནས་གནས་སྐབས་དུས་དབང་ལ་བཅར་རྒྱུའི་གོ་སྐབས་མ་བྱུང་། 

འགགས་ལ་དོག་པའི་མན་ཇུ་ཀ་ཏྲི་ལ།། 
ངེས་མེད་ཕེབས་པའི་སྐུ་མགྲོན་ཕོ་མོ།། 
ཅི་ཞིག་བོར་ནས་འཚོལ་བ་འདྲ་བའི།། 
ང་ཡི་སེམས་ལ་དྲི་བ་གཏངས་བྱུང་།

གང་ནས་ཕེབས་པའི་སྐུ་མགྲོན་ཡིན་ནམ།། 

མ་འགྲུབ་དོན་ཆེན་ཅི་ཞིག་ཡོད་དམ།། 
སང་ཉིན་གང་དུ་ཕེབས་མཁན་ཡིན་ནམ།།
དོ་ནུབ་གང་དུ་བཞུགས་མཁན་ཡིན་ནམ།། 




གོང་གི་ཤོ་ལོ་ཀ་འདི་ཡི་ལན་སུས་རྒྱབ་ཀྱང་ཆོག 

Monday, June 23, 2014

ཆོས་གྲོགས་རྣམས་དང་འཕྲད་པའི་ཉིན་མོ།

ཆོས་གྲོགས་དཀོན་མཆོག་ཕྲིན་ལས་དང་མཉམ་དུ།
དེ་རིང་ཞོགས་པ་སྔ་བོར་ལངས་ནས་བསིལ་རླུང་གྲང་མོའི་ཁྲོད་ནས་གཙུག་ལག་ཁང་ལ་སྐོར་བ་ལ་སོང་། སྐོར་ལམ་ནང་དུ་མ་ཎི་གླུ་ཆུང་ཁ་ནས་ལེན་བཞིན་ལག་ཏུ་འཁར་བ་ཐོགས་མཁན་གྱི་ཨ་མ་རྒན་མོ་རྣམས་དང་། པ་ཏི་ཁྲ་བོའི་བསང་ཁུག་ཕྲག་ལ་གཟར་ཞིང་ངག་ཏུ་ཀི་བསོ་ལྷ་རྒྱལ་གྱེར་མཁན་གྱི་པ་ལགས་རྣམས་བཅས་མདོར་ན་རྡ་སའི་རི་སུལ་ལ་གནས་པའི་བོད་རིགས་སྐྱ་སེར་རྒན་གཞོན་མ་ངེས་པ་སྣ་ཚོགས་གླིང་སྐོར་ནས་མཐོང་རྒྱུ་འདུག 
ཉིན་གུང་རྒྱབ་ཏུ་ཏྲོའུ་ཤིས་རྟའི་གཡས་ཟུར་སྐུ་སྒེར་ཡིག་ཚང་ནས་གསོ་སྐྱོང་གནང་བའི་མཚམས་པ་ཆོས་གྲོགས་ཕ་ཡུལ་འདན་ཁོག་ནས་ཡིན་པའི་སྐུ་ཞབས་དཀོན་མཆོག་ཕྲིན་ལས་དང་། སྟོད་རྒྱང་རྩེ་ནས་ཡིན་པའི་བཙུན་མ་བསྟན་འཛིན་ཆོས་འཛོམས་ལགས་གཉིས་ལ་སྔ་ནས་ཐུག་རྒྱུའི་དུས་ཆད་བྱས་པ་ནང་བཞིན་ངོས་ཀྱི་ཚ་མོ་རྣམས་དང་ལྷན་ཐུག་འཕྲད་ལ་སོང་། 
ཨ་ནེ་བསྟན་འཛིན་ཆོས་འཛོམས་དང་། སྐུ་ཞབས་དཀོན་མཆོག་ཕྲིན་ལས་གཉིས་ནི་ལོ་དྲུག་ཡར་སྔོན་རྒྱ་གར་ལྷོ་ཕྱོགས་གནས་སྐོར་ལ་མཉམ་དུ་སོང་བའི་གནས་རོགས་ཡིན་པ་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མདུན་ནས་མདོ་སྔགས་ཀྱི་གསུང་ཆོས་མང་པོ་ཞིག་མཉམ་ཞུ་བྱས་པའི་རིང་བའི་ཆོས་གྲོགས་ཞིག་ཀྱང་ཡིན། 
ཁོང་རྣམ་གཉིས་ནི་སྐུ་སྒེར་ཡིག་ཚང་མཚམས་པའི་ཁོངས་གཏོགས་ཡིན་པ་མ་ཟད་དབེན་གནས་ཏྲོའུ་ཤིས་རྟར་བཞུགས་ནས་ལོ་གྲངས་ཉི་ཤུ་ལྷག་ཙམ་རེད་འདུག ང་ཡང་༡༩༩༨ ལོར་རྒྱ་གར་ལ་སྐྱབས་བཅོལ་ལ་འབྱོར་བའི་སྐབས་སུ་ཚེ་སྟོད་ཐོས་དོན་རྣམས་ཚེ་སྨད་བསམ་སྒོམ་གྱིས་རང་རྒྱུད་ལ་སྦྱར་ནས་བཞུགས་སྒར་རྡ་རས་ཤཱ་ལའི་དབེན་ཁྲོད་འདིར་བཀའ་གདམས་པའི་གཏད་ས་བཞི་ལ་བློ་ཕུག་བཅོལ་ནས་བསྡད་བསམ་ཡང་། སྟབས་མ་ལེགས་པ་ཞིག་ལ་ང་ནི་གཞན་དབང་ལྡོག་མེད་ངན་པའི་དབང་གིས་མི་ཚེ་ས་མཐར་ཁྱི་སྡོམ་བཞིན་དུ་འཁྱམས་དགོས་བྱུང་བ་བློ་འགྱོད་ཆེ།
དབེན་གནས་ཏྲོའུ་ཤིས་རྟ་ཡི་གཡས་ཕྱོགས་སྔོ་ལྗངས་གཡུ་ལོའི་སྤངས་ལྗོངས་ཀྱི་ཁྲོད་དུ་ད་ནུབ་ཚ་མོ་གཉིས་ནས་བཟོས་པའི་ངོས་ཀྱི་ཟ་མ་དགའ་ཤོས་སྔོ་ཚལ་མོག་མོག་དང་། ཙམ་པ་སོགས་ཁུར་ནས་སོང་བས་གོང་གསལ་ངོས་ཀྱི་ཆོས་གྲོགས་མཚམས་པ་གཉིས་ནས་ཀྱང་ཇ་དང་། ཤིང་ཐོག གདན་སོགས་གྲ་བསྒྲིགས་བྱས་ནས་སྒུག་འདུག དེ་རིང་གནམ་གཤིས་ཧ་ཅང་སྐྱིད་པས་སྤངས་ལྗོངས་ཐོག་ཏུ་ཁ་བརྡ་བྱེད་བཞིན་བསྡད་པས་དཔེ་མེད་སྐྱིད་པོ་བྱུང་། དགོང་མོར་རྡ་རམ་ཀོ་ཏྲར་སྐད་གྲགས་ཅན་ཟ་མ་པི་རྫ་བཟའ་ལ་སོང་། དགོང་མོ་མགྲོན་ཁང་ནང་དུ་ཡོང་ནས་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་ལ་ལུགས་གཉིིས་ཀྱི་བསླབ་བྱ་གང་དྲག་བྱེད་ཁུལ་བྱས་ནས་ཉལ་སར་སོང་ཞིང་གཉིད་དུ་ཡུར།

Friday, June 20, 2014

ཞྭ་དམར་རིན་པོ་ཆེའི་སྐུ་གྲོངས་བའི་སྐོར་ལ་དཔྱད་པ།

ཞྭ་དམར་རིན་པོ་ཆེ། 
ཁ་རྩང་དེང་སང་དྲ་ལམ་ཐོག་ནས་བཀྲ་མི་ཤིས་པའི་གཏམ་ངན་ཞིག་ལ་སྐྱབས་རྗེ་ཞྭ་དམར་རིན་པོ་ཆེ་བློ་བུར་དུ་སྐུ་གཤེགས་ཡོད་པའི་གཏམ་ངན་དེ་རེད། ཞྭ་དམར་རིན་པོ་ཆེ་ནི་ཀརྨ་བཀའ་བརྒྱུད་ཀྱི་བླ་ཆེན་ཞིག་ཡིན་པ་མ་ཟད་དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་མཆོག་གི་སྐུ་ཚ་ཡང་ཡིན། ཞྭ་དམར་ནི་བཀའ་བརྒྱུད་པའི་བླ་ཆེན་ནང་གི་གཙོ་ཆེ་གྲས་ཞིག་ཡིན། སྐུ་གོང་མའི་ནང་ནས་ཞྭ་དམར་དཀོན་མཆོག་ཡན་ལག་དང་། ཞྭ་དམར་མཁའ་སྤྱོད་དབང་པོ། ཞྭ་དམར་མི་ཕམ་ཆོས་འགྲུབ་རྒྱ་མཚོ་སོགས་ནི་རྩོད་མེད་ཡོངས་གྲགས་ངེས་དོན་གྱི་མཁས་གྲུབ་ཆེན་པོ་ཤ་སྟག་ཡིན། ཡོངས་གྲགས་སུ་རྒྱལ་བ་ཞྭ་དམར་ནག་གཉིས་ཞེས་བོད་མདོ་དབུས་ཀུན་ལ་རླུང་ལྟར་དུ་གྲགས་པ་ལྟར་རེད། 
གནའ་སྔ་མོ་མཚམས་པ་རི་ཁྲོད་ཞིག་དང་དཔེ་ཆ་ཅུང་ཙམ་ལྟ་མྱོང་ཡོད་མཁན་ང་རྒྱལ་ཅན་གྱི་གྲྭ་པ་ཞིག་དང་འཕྲད། མཚམས་པས། སྐུ་ཞབས་ལགས་ཁྱེད་ནས་དཔེ་ཆ་གང་དང་གང་ཤེས་ཞེས་དྲིས། དཔེ་ཆ་བ་དེས། ངས་འདི་དང་འདི་ཤེས་ཞེས་ཐ་སྙད་རིག་པ་རྣམས་རེ་རེ་བཞིན་བགྲངས་ཁུལ་བྱས།  མཚམས་པས། ཡ་སྐུ་ཞབས་ལགས། དམྱལ་ཁམས་བཅོ་བརྒྱད་གང་རེད་ཅེས་དྲིས་དུས། དཔེ་ཆ་བས། དམྱལ་ཁམས་བཅོ་བརྒྱད་ནང་ནས་ཉི་ཚེ་བ་དང་། ཉེ་འཁོར་བ་གཉིས་ཀྱི་མིང་བརྗེད། ཅུང་བསམ་བློ་ཞིག་གཏང་ནས་ད་ངས་དྲན་སོང་ཀརྨ་པ་ཞྭ་དམར་ནག་གཉིས་དང་བཅོ་བརྒྱད་རེད་ཅེས་ལན་བཏབས། ཁོང་ཀརྨ་པ་ཞྭ་དམར་ནག་གཉིས་ལ་མ་གུས་ནས་དམྱལ་ཁམས་བཅོ་བརྒྱད་ཀྱི་གྲངས་སུ་བགྲངས་བ་མ་ཡིན་ཀྱང་སྐབས་དེ་དུས་བོད་ཁམས་ཡོངས་སུ་ཀརྨ་པ་ཞྭ་དམར་ནག་གཉིས་སྐད་གྲགས་ཆེན་པོ་ཡིན་སྟབས་ཁོང་ནས་བསམ་བློ་མ་གཏངས་དམྱལ་ཁམས་བཅོ་བརྒྱད་ཀྱི་གྲངས་སུ་བགྲངས་བ་རེད་ཅེས་ཀུན་བཟང་བླ་མའི་ཞལ་ལུང་ལས་གསུངས་ཡོད། 

ཞྭ་དམར་རིམ་བྱོན་གྱི་ལོ་རྒྱུས་མདོར་བསྡུས།
ཀརྨ་རང་བྱུང་རྡོ་རྗེའི་དངོས་སློབ་རྟོགས་ལྡན་གྲགས་པ་སེངྒེ་སྐུ་མྱ་ངན་ལས་འདའ་ཁར་ཡོན་གྱི་རྒྱལ་ས་པེ་ཅིན་ནས་ཧྲང་ཏུའུ་ལ་མ་ཕེབས་གོང་ཙམ་རབ་བྱུང་དྲུག་པའི་ས་ཡོས་(༡༣༣༩)་ལོར་དབུ་ཞྭ་དམར་པོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཞིག་གནང་སྟེ་སྐུ་ཚབ་ལྟ་བུར་བསྐོ་བཞག་གནང་བ་ནས་སྐུ་ཕྲེང་རིམ་བྱོན་ལ་ཞྭ་དམར་རིན་པོ་ཆེ་ཞེས་མཚན་ཐོགས་པ་བྱུང་། ཞྭ་དམར་སྐུ་ཕྲེང་བཅུ་བྱུང་བ་སྟེ། ༡རྟོགས་ལྡན་གྲགས་པ་སེངྒེ། ༢ མཁའ་སྤྱོད་དབང་པོ། ༣ ཆོས་དཔལ་ཡེ་ཤེས། ༤ ཆོས་གྲགས་ཡེ་ཤེས། ༥ དཀོན་མཆོག་ཡན་ལག། ༦ ཆོས་ཀྱི་དབང་ཕྱུག། ༧ དཔལ་ལྡན་ཡེ་ཤེས་སྙིང་པོ། ༨ཆོས་ཀྱི་དོན་འགྲུབ། ༩ ཆོས་ཀྱི་ཉི་མ། ༡༠ ཆོས་འགྲུབ་རྒྱ་མཚོ། སྐུ་ཕྲེང་བཅུ་པ་ཆོས་འགྲུབ་རྒྱ་མཚོ་འདིའི་སྐབས་གོར་ཁས་བོད་ལ་བཙན་འཛུལ་བྱེད་པའི་གོ་རིམ་དང་འབྲེལ་བ་བྱུང་བའི་གླེང་གཞི་ལ་བརྟེན་ནས་མན་ཆིང་གོང་མ་ཆེན་ལུང་སྡེ་པ་གཞུང་གཉིས་ཁྱི་སྤྱང་འོ་ཟོམ་ཁ་མཐུན་གྱི་དཔེ་ལྟར་ཞྭ་དམར་པའི་སྐུ་ཕྲེང་ཕྱིན་ཆད་ཡང་སྲིད་བརྩད་བཅོད་མི་ཆོག་བཟོས་ནས་ལོ་བརྒྱ་དང་བདུན་བཅུ་ཙམ་སོང་འདུག མ་ཟད་ཡངས་པ་ཅན་གྱི་དགོན་པ་ཡང་ཆོས་ལུགས་དགེ་ལུགས་པར་མི་འདོད་བཞིན་དུ་བཙན་བསྒྱུར་སོགས་ཀྱི་ཉེས་ཆད་བཅད་ཡོད་པ་རེད། དེ་དང་མ་ཟད་ཞྭ་དམར་སྐུ་ཕྲེང་བཅུ་པ་ཆོས་འགྲུབ་རྒྱ་མཚོའི་དབུ་ཐོད་ལྷ་ས་ར་མོ་ཆེའི་གཙུག་ལག་ཁང་སྒོ་ཐེམ་གྱི་ཞབས་འོག་ཏུ་ད་ལྟ་ཡང་མནན་ཡོད་པའི་སྐད་ཆ་ཡོད། ད་ལྟའི་ཞྭ་དམར་རིན་པོ་ཆེ་འདི་དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་དང་༧གོང་ས་སྐྱབས་མགོན་ཆེན་པོ་རྣམ་གཉིས་གྲོས་མཐུན་གྱིས་ཀརྨ་པས་རང་གི་ཚ་བོ་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ལ་ངོས་འཛིན་གནང་།  ཞྭ་དམར་རིན་པོ་ཆེའི་དྲྭ་རྒྱ་ནང་གསལ་ལྟར་ན་སྐུ་ཕྲེང་བཅུ་གཅིག བཅུ་གཉིས། བཅུ་གསུམ་གསུམ་ཡང་སྲིད་ཕེབས་ཡོད་ཚུལ་བཀོད་འདུག་ཀྱང་ཡོངས་གྲགས་སུ་བྱུང་མེད་པ་རེད། 

ད་ལྟའི་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་འདི་ནི་ངོས་ལ་ལྟོས་ན་དབང་ཆོས་ཀྱི་འབྲེལ་བ་ཕར་ཞོག་མཇལ་མྱོང་ཙམ་མེད་ཀྱང་མི་ཡིས་བཤད་ཚོད་ལྟར་བྱས་ན་ཕོ་རུས་ཆེ་ཞིང་། མི་གཤིས་གྱོང་བ། སྤྱོད་པ་རྩིང་ལ། བྱ་བྱེད་མང་བ་ཞིག་ཡོད་སྐད་འདུག
གང་ལྟར་ཀྱང་གནའ་དཔེར། མི་ཤི་བོ་དེ་བཟང་། ལོ་སྔར་ལོ་དེ་ཡག ཟེར་བའི་དཔེ་ལྟར་ཞྭ་དམར་སྐུ་འཚོ་བཞུགས་ཚེ་ཕལ་མོ་ཆེས་ངན་སྨྲས་དང་བཀུར་འདེབས་སོགས་བྱེད་ནས་ང་ལྟ་བུ་ནུས་མེད་གཉོམ་ཆུང་རྣམས་ཀྱིས་མི་འགའ་ཞིག་གི་བཤད་མཁན་གྱི་ངག་ལ་ཉན་མི་ཕོད་པ་དང་། འབྲི་མཁན་གྱི་ཡི་གེར་བལྟ་མི་ཕོད་ཤ་སྟགས་རེད་འདུག
ད་རེས་ཞྭ་དམར་པ་སྐུ་གཤེགས་པ་དེས་གཅིག་བྱས་ན་མ་འོངས་པའི་ཀརྨ་བཀའ་བརྒྱུད་བསྟན་པ་འདི་བཟང་ཕྱོགས་ཀྱི་གོང་བུ་ནུས་པ་གཅིག་བསྒྲིལ་ལ་འགྲོ་སྲིད། 
རྡ་སའི་སྲང་ལམ་ཟུར་དུ་ཚིག་ཇ་འཐུང་ས་ཞིག་ནང་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས།

Sunday, June 15, 2014

སོ་གསར་པ་བཙུགས་པའི་ཉིན་མོ།

སྨན་པས་སོ་གཙང་མ་བྱེད་བཞིན་པ།
ཉེ་ཆར་དུས་ཆད་བྱས་པ་ནང་བཞིན་ད་ནངས་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་རྡ་ཤོད་ལ་ཡོད་པའི་སོ་སྨན་ཁང་dentist ལ་སོང་། དེ་ནི་ངོས་ཀྱི་འགྲམ་སོ་གཡས་པའི་མ་སོ་དེ་བུད་ནས་ཕལ་ཆེར་ལོ་བཅུ་གྲངས་ཞིག་ཡིན་ཀྱང་ངོས་རང་ལེ་ལོ་ཆེ་བས་ད་བར་སོ་གསར་པ་བཙུགས་རྒྱུ་མ་བྱུང་། 
ད་རེས་མི་གཞན་པས་སློབ་སྟོན་གྱིས་རྡ་ཤོད་སོ་སྨན་ཁང་འདི་ཡག་རབས་དང་བཟང་རབས་རིན་གོང་ཆུང་རབས་སོགས་ལུང་པ་གང་ཙམ་བཤད་བྱུང་བས་བསམ་བཟང་ཅན་གྱི་གྲོགས་པོར་ཁར་ཉན་ཅིང་སེམས་ཐག་རྦད་དེ་བཅད་ནས་རྡ་ཤོད་སྨན་ཁང་རྒྱུས་ཡོད་ཨ་ནེ་མདོ་སྒྲོན་དང་། རྒྱ་གར་སྐད་བསྒྱུར་ཚ་མོ་སངས་ཆོས་བཅས་མཉམ་དུ་སོང་། 
སོ་ཡི་སྨན་པ་ཕོ་གསར་ལོ་ཆུང་དེས་ངོས་ཀྱི་སོ་ལ་བརྟག་དཔྱད་བྱས་ནས་རྒྱ་གར་སྒོར་མོ་དྲུག་སྟོང་སྤྲད་རྒྱུ་བྱས་ནས་སོ་འཛུགས་རྒྱུ་བྱས། 

Friday, June 13, 2014

ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན་མོ།

མཛེས་པའི་རྡ་སའི་ཁོར་ཡུག པར་པ་རང་ཉིད།
ཉིན་མོ་འདི་ནི་ས་ག་ཟླ་བའམ་དུས་ཆེན་སུམ་འཛོམས་འབུམ་འགྱུར་གྱི་ཟླ་བ་ཞེས་བོད་པ་རྣམས་ཀྱིས་ཧ་ཅང་རྩ་ཆེ་བའི་དུས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ནས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་གཏོང་མདོར་ན་དགེ་སྒྲུབས་སྡིག་སྤངས་དུས་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ངོས་ཀྱང་ཁ་རྩང་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་ད་ནངས་ཞོགས་པ་སྔ་བོར་ངོས་ཀྱི་ཚ་མོ་རྣམས་དང་། དགེ་ཕྲུག་འགའ་དང་ལྷན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་ངམ་རྩེ་རྣམ་རྒྱལ་གྲྭ་ཚང་ལ་མཆོད་མཇལ་ལ་སོང་། ལམ་བར་དུ་པང་གདན་ཁྲ་བོའི་གཟབ་འཆོར་བྱས་པའི་བོད་རིགས་བུད་མེད་རྣམས་དང་། པ་ཏི་ཁྲ་བོའི་བསང་ཁུག་ཕྲག་ཏུ་གཟར་བའི་སྐྱེས་པ་རྣམས་དང་། མ་ཎིའི་གླུ་ཆུང་ཁ་ནས་ལེན་ཅིང་རྒྱུགས་འཁར་གཉིས་འཛུགས་ཅན་རྒན་གོག་རྣམས་མདོར་ན་བོད་རིགས་མང་པོའི་འཚང་ཁ་ཤིག་ཤིག་རེད་འདུག 
བསམ་པའི་ཡུལ་ལས་འདས་པ་ཞིག་ལ་ལྷ་རྒྱལ་རིའི་གླིང་སྐོར་ནང་དུ་རྒྱ་གར་གྱི་སྤྲང་པོ་རྣམས་ཀྱིས་ཁེངས་འདུག གླིང་སྐོར་ནང་ནས་ཕོ་གསར་ཞིག་ནས་ཟེར་ན། 
ཁ་རྩང་ངས་རྒྱ་གར་སྒོར་མོ་སིལ་མ་དྲུག་སྟོང་བརྗེས་ཀྱང་ད་དུང་འདངས་མ་སོང་། 
ཟེར་བ་ལ་དཔྱད་ན་སྤྲང་པོ་དྲུག་སྟོང་ལས་བརྒལ་བ་ཡོད་པ་གཞི་ནས་ཤེས་སོང་། 






Tuesday, June 10, 2014

རྒྱལ་དབང་ཀརྨ་པ་ཕེབས་བསུ་སོང་བའི་ཉིན་མོ།

དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག
ད་ནུབ་ངོས་ཀྱི་ཕ་ཡུལ་གཅིག་པའི་ཆོས་གྲོགས་རུམ་བཏེག་མཁན་པོ་བསྐལ་བཟང་ཉི་མ་མཆོག་མན་ཇུ་ཀ་ཏྲི་ལའི་སྲང་ལམ་ནས་མཇལ་སོང་། དཔལ་རྒྱལ་དབང་ཀརྨ་པ་མཆོག་ཐེངས་མ་དང་པོ་ཡོ་རོབ་སོགས་ལ་ཉིན་བཅུ་ཙམ་རིང་ཆིབས་བསྒྱུར་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་སང་ཉིན་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་ལྡི་ལིའི་གནམ་ཐང་ལ་ཕེབས་ཀྱི་ཡོད་པས་ཕེབས་བསུ་ལ་ཡོང་བ་ཡིན་གསུངས་པས་ང་ཡང་མཉམ་དུ་འགྲོ་རྒྱུ་བྱས། ད་ནངས་ཞོགས་པ་སྔ་བོར་གླ་བྱེད་རླངས་འཁོར་ཞིག་ལ་སྒོར་བདུན་བརྒྱ་སྤྲད་ནས་ཤར་བསྐྱོད་ལྡི་ལིའི་གནམ་ཐང་དུ་སོང་། རུམ་བཏེག་དགོན་མཁན་སྤྲུལ་རྣམས་ཀྱིས་གཙོས་ཕེབས་བསུ་མི་ཉུང་བ་ཞིག་ནས་གནམ་ཐང་སྒོ་ཆེན་འགྲམ་ནས་ཕེབས་སྒུགས་བྱས་འདུག ང་ཡང་དེར་མཉམ་དུ་ཕེབས་སྒུག་ཞུས་ཅུང་མ་འགོར་བར་དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་ངོ་ཤེས་པ་རུ་ལྕམ་སྲིང་ངམ་མགྲོན་གཉེར་གཅིག་ཅོག་ཨ་ནེ་དངོས་གྲུབ་དང་གཞན་ངོ་མི་ཤེས་པ་མི་དགའ་དང་ལྷན་ཕེབས་བྱུང་། ཕེབས་བསུའི་ཁ་གཏགས་དང་མཉམ་དུ་ད་ནུབ་པར་སྐྲུན་གྲུབ་པའི་བདེ་ཆེན་ཞིང་སྒྲུབ་དེབ་ཀྱི་པར་ཕུད་དེ་ཉིད་ཀྱང་འབུལ་ས་རགས། 
ང་ནི་ཆོས་བརྒྱུད་དང་དགོན་པ་བཀྲུས་ཀྱང་མི་དག་པ་ཀརྨ་བཀའ་བརྒྱུད་གཙང་མ་ཡིན་པ་མ་ཟད་ཆོས་བརྒྱུད་ཀྱི་དབྱེ་མཚམས་འཛིན་ས་ལྟ་བ་ཡིན་ཅེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུངས་པ་ལྟར་ཆུང་ནས་ད་བར་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གཞུང་དང་མན་ངག་སོགས་རྒྱ་གར་གྱི་པཎ་ཆེན་བི་མ་ལ་དངོས་སུ་མི་གཟུགས་སུ་བྱོན་པ་མཁས་གྲུབ་ཆེན་པོ་ཁྲ་ཆོག་མཁན་ཆེན་ཀརྨ་ཚེ་བརྟན་དང་། རྗེ་བཙུན་མི་ལ་རས་པ་བསམ་བཞིན་སྤྲུལ་པའི་ཟློས་གར་བསྒྱུར་བ་རྒྱུན་ནེ་གྲུབ་ཆེན་ཀརྨ་ནོར་བུ། འདྲེན་མཆོག་འཁོར་ལོའི་མགོན་པོ་ཇ་པ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་སོགས་ཀྱི་མདུན་ནས་ལན་མང་ཐོབ། ཐོབ་བློ་ཙམ་དུ་མ་སོང་བར་བཀའ་བརྒྱུད་པའི་ལྟ་བའི་མན་ངག་དཀར་པོ་ཆིག་ཐུབ་ནི། 
ད་ལྟའི་གསལ་རིག་གི་ཤེས་པ་མ་ཡེངས་ཙམ་གྱིས་རྒྱུན་སྐྱོང་ཐུབ་ན་ནམ་ཞིག་སངས་རྒྱས་ཀྱི་ས་ལ་སྐྱེལ་འགྲོ་བ་ཡིན། ཅེས་དང་།
མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། ཞེས་སོགས་མཁས་བརྒྱ་གྲུབ་སྟོང་གིས་ལན་གཅིག་ཙམ་མ་ཡིན་པར་ཡང་ནས་གསུངས་པའི་གདམས་ངག་གི་ཚིག་དུམ་འདིར་སྦར་འཇུ་བྱས་ནས་ཕྱག་རྒྱ་ཆེན་པོའི་ལམ་རྟགས་ཀྱི་ཡོན་ཏན་རྒྱ་ཆེར་མེད་ཀྱང་ལམ་འདིར་མོས་ནས་འགྲུས་པའི་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་རྗེས་འཇུག་ཡིན་པར་རློམ་ཡང་དེང་སང་ཆོས་སྲིད་གང་གི་ཆ་ནས་ཡིན་ཀྱང་ཕུང་གསུམ་པའི་རིགས་འགའ་ཤས་ནས་ངོས་ལ་གཞི་མེད་བཀུར་གདབས་ང་ཞྭ་དམར་རིན་པོ་ཆེའི་ཤོག་ཁག་རེད་ཅེས་པ་དང་རིགས་འགའ་ཤས་ཞིག་ནས་སྟོད་འགག་སེར་པོ་གྱོན་པ་ཙམ་གྱིས་དགེ་ལུགས་པའི་ཕྱོགས་གཏོགས་རེད་ཅེས་པ་སོགས་གཏམ་དཔེར། བན་རྒན་ཁང་ཁུག་དུ་བསྡད་ཀྱང་ཁ་ཆུ་སྒེའུ་ཁུང་གི་དཔེ་ལྟར་ངོས་ཀྱི་རྣ་བར་སྙན་དང་མི་སྙན་སྣ་ཚོགས་པ་ཞིག་ཐོས་ཀྱང་། བཤད་མཁན་མི་དེ་རྣམས་ཀྱི་ཚིག་ལ་བདེན་པའི་རྒྱལ་ཁ་སྟེར་རྒྱུ་ཕར་ཞོག་ཁོ་རང་ཚོའི་བྱེད་སྟངས་བཤད་སྟངས་སོགས་ལ་ང་ནི་གད་མོ་ཁ་ནས་མ་ཤོར་ནས་རྐུབ་ནས་ཤོར་གྲབ་བྱེད་ཀྱི་འདུག ལར་ནི་མི་ཡིས་གང་བཤད་ཀྱང་རུང་ང་ནི་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་དང་། སྟོན་པ་རིན་པོ་ཆེ་གཉིས་ལ་ལྟ་བ་མ་ལོགས་ན་དེ་གས་འགྲིག་ཡོད་སྙམ། 



Saturday, June 7, 2014

ཚ་བས་ཞུ་གྲབ་བྱས་པའི་ཉིན་མོ།

དེ་རིང་གི་ཚ་བའི་ཨང་རྟགས། 
ཁ་སང་ནས་བཟུང་སྟེ་རྒྱ་གར་ལ་ཚ་བའི་མཐོ་ཚད་ཨང་གྲངས་བཞི་བཅུ་ཞེ་དྲུག་ལ་ཁེལ་ནས་སྲང་ལམ་ཐོག་ཏུ་བདག་མེད་དུ་ཉལ་བའི་སྤྲང་པོ་རྣམས་ཚ་བས་སྡེབས་ཤི་བྱས་ཡོད་པའི་སྐད་ཆ་འདུག ང་ནི་ཁ་སང་བརྒྱུད་སྟོད་མགྲོན་ཁང་གྲང་གློག་ཅན་ཞིག་ནང་དུ་སྤོས་ནས་བསྡད་ཡོད་ཀྱང་ཕྱི་ལོགས་སུ་འགྲོ་བའི་སྐབས་སུ་ནམ་རྒྱུན་བསིལ་བའི་མཁའ་རླུང་ཉིད་ཀྱང་དེ་རིང་ནི་ཚ་བར་གྱུར་ནས་རླུང་གཡོ་བའི་སྐབས་སུ་ཚ་བའི་ངད་ཀྱིས་གདོང་པ་ལ་ཚ་ཆིལ་ཆིལ་བྱེད་ཀྱི་འདུག 
དེ་རིང་ནི་ནམ་རྒྱུན་བོད་སྒར་བསམ་ཡས་གླིང་ལ་ཡོད་པའི་ཟ་ཁང་རྣམས་སྒོ་རྒྱབས་པ་དང་གཞུང་ལམ་དུ་ཁྲོམ་སོགས་མཐོང་སར་མི་འདུག མགྲོན་ཁང་བདག་པོར་སྐད་ཆ་དྲིས་དུས། 

དེ་རིང་རྒྱ་ནག་མགོ་ཁྲིད་རྒྱ་གར་ལ་ཡོང་གི་ཡོད་སྟབས་བོད་རིགས་རྣམས་ནས་ཟ་ཁང་དང་ཁྲོམས་སོགས་གཡུགས་ནས་སྐད་འབོད་ལ་སོང་རེད་ཟེར།
 ངས་ཚ་བ་འདི་འདྲའི་ནང་ནས་སྐད་འབོད་བྱེད་ལ་འགྲོ་རྒྱུ་ཧ་ཅང་སེམས་ཤུགས་རེད་ཟེར་དུས། ཟུར་ནས་གྲྭ་པ་ཁ་བདེ་ཅན་ཞིག་ནས་འདི་ལྟར་ཟེར། 
བོད་ནས་དཔའ་རྒོད་རྣམས་ཀྱིས་གཟུགས་པོར་ས་སྣུམ་བླུགས་ནས་མེ་ལ་དངོས་སུ་གསོན་བསྲེགས་བྱེད་ཐུབ་དུས་ང་ཚོའི་ཆུ་ཚོད་འགའ་ཤས་རིང་གཟུགས་པོར་ཉི་མའི་ཚ་བ་ཙམ་བཟོད་མི་ཐུབ་རྒྱུ་ཅི་ཡོད་ཟེར།


Wednesday, June 4, 2014

རྒྱ་གར་ཚ་བའི་ཁྲོད་ཀྱི་ཚོར་སྣང་།

མགྲོན་ཁང་ནས་ཞིང་སྒྲུབ་དཔེ་ཆ་ཞུ་དག་བྱེད་བཞིན་པ།
ཉིན་ཤས་གོང་ནས་བདེ་ཆེན་ཞིང་སྒྲུབ་དེབ་པར་སྐྲུན་གྱི་ཆེད་དུ་རྡ་ས་ནས་ཡང་སྐྱར་ལྡི་ལིའི་ཚ་རོང་ནང་དུ་ཡོང་དགོས་བྱུང་། དེབ་བཟོ་སྐྲུན་བྱེད་རྒྱུ་འདི་ནི་གཞན་དབང་སྟབས་སྟུན་ཁོ་ན་ཡིན་སྟབས་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི། ཆོས་སྤྱོད་དེབ་ཁང་གི་བདག་པོ་བུ་ཐུབ་བསྟན་ལགས་སུ་ལོ་གཉིས་གོང་པར་ལ་རྒྱག་རྒྱུ་སྤྲད་ཀྱང་གློག་ཀླད་ནང་དུ་བཅུག་ཐུབ་ཙམ་ལས་གཞན་གང་ཡང་བྱས་མི་འདུག 
བདེ་ཆེན་ཞིང་སྒྲུབ་པདྨ་དྲྭ་བ་འདི་ནི་རྒྱ་བལ་འབྲུག་གསུམ་ལ་དངོས་སུ་འཛུགས་རྒྱུ་ཕར་ཞོག དཔེ་རྒྱུན་ཙམ་ཡང་མཇལ་རྒྱུ་མེད་སྟབས་ད་རེས་ངོས་ནས་རྒྱ་གར་ཚ་བའི་ཁྲོད་ནས་དཀའ་བ་ཁྱད་དུ་བསད། ངལ་བ་དྭངས་ལེན་བྱས་ནས་ཆོ་ག་འདི་སྒྲིག་ཆོག་དང་ཞུ་དག་སོགས་ཚང་མ་ང་རང་ཉིད་གཅིག་པུ་ནས་བྱས། 
སྐབས་སྐབས་སུ་ངོས་ཀྱི་ལས་རོགས་པར་འདེབས་མཁན་ཐུབ་བསྟན་ལགས་ལའང་མི་འདོད་པའི་རྣམ་འགྱུར་དང་། ཁ་རྩོད་ཤོར་བ་ཐེངས་མ་གཅིག་ཙམ་ག་ལ་ཡིན། དེ་ནི་ངོས་ཐག་རིང་ཨ་རིའི་ཡུལ་ནས་ཆེད་དུ་དེབ་འདི་དང་རྒྱ་གར་ལྷོ་ཕྱོགས་བདེ་ཆེན་ཞིང་སྒྲུབ་བཅས་དུས་ཚོད་ངེས་ཅན་ཞིག་ནང་མཇུག་གྲུབ་དགོས་སྟབས་ཡིན། 
བོད་སྒར་བསམ་ཡས་གླིང་གཏན་སྡོད་ཀྱི་བོད་རིགས་འདི་རྣམས་ནི་ཕྱི་དབྱིབས་ལ་བོད་པའི་ཤ་པགས་ཀྱི་གཟུགས་བརྙན་ཙམ་ལས། དོན་དངོས་སུ་ཕྱི་རྒྱལ་དང་སྒོར་མོའི་ཆེད་དུ་རང་གི་གཟའ་ཟླ་ཡིན་ཀྱང་མགོ་སྐོར་དང་བསླུ་བྲིད་ཁྲེལ་མེད་སོགས་མདོར་ན་དམ་པས་སྨད་པའི་མ་རབས་ཀྱི་ལས་བྱེད་མཁན་ནི་ཉུང་ཉུང་ཞིག་གཏན་ནས་རེད་མི་འདུག 
སྤྱིར་གཏང་བྱས་ན་དེང་སང་དབྱིན་ཇིའི་སྐད་དུ་ holiday & vacation ཟེར་ན་སྐྱིད་པོ་གཏོང་བའི་དུས་སྐབས་ཞིག་ཏུ་ངོས་འཛིན་བྱེད་ནས་མགོ་སེར་འདི་རྣམས་ཀྱིས་མི་ཚེ་དེར་དཀའ་ལས་ཀྱིས་ཁྲག་གི་དངུལ་ཆུས་བསགས་པའི་སྒོར་མོ་རྣམས་ཉིན་ཁ་ཤས་རིང་འཕངས་མེད་དུ་སྐྱིད་པོ་གཏོང་བའི་ལུགས་སྲོལ་ཞིག་ཡིན་ཀྱང་། ང་ནི་གུང་སང་ལ་ག་དུས་ཡོང་ནའང་ལས་ཀ་མ་ཚར་བ་དང་གཞན་གྱི་གཡོག་པོ་གཞན་ལ་འགྲོ་སོང་གཏོང་བ་ལས་ང་རང་ཉིད་ས་ཆ་ཡག་པོ་ཞིག་དང་མགྲོན་ཁང་སྐྱིད་པོ་ཞིག་ནང་དུ་ཉིན་གཅིག་ལའང་ལྷོད་དལ་འདུག་རྒྱུའི་གོ་སྐབས་མི་འདུག 
ཁ་རྩང་བདེ་ཆེན་ཞིང་སྒྲུབ་ཀྱི་དཔེ་ཆ་ཞུ་དག་དང་ཆོག་སྒྲིག་རྣམས་ཡོངས་སུ་ཚར་བར་བྱས་ནས་པར་ལ་འདེབས་རྒྱུར་སྤྲད། བུ་ཐུབ་བསྟན་ནས་ཁ་སྙན་པོ་ཙམ་མིན་ན་ཉིན་གསུམ་ནང་ཚར་གྱི་རེད་ཟེར་བས་ངས་ནི་ཁོང་གི་ཚིག་ལ་ཡིད་ཆེས་ཤི་འཇུ་རོ་འཐམས་བྱས་ནས་ཡང་སྐྱར་ཉིན་ཤས་རིང་མན་ཇུ་ཀ་ཏྲི་ལ་ཆུ་བཞི་སྒང་དྲུག་མགྲོན་ཁང་ནང་དུ་ཚ་བས་གཟུགས་པོ་ཚིག་གྲབ་དང་། དུག་སྦྲང་གིས་རྐང་ཁྲག་འཇིབ་གྲབ་བྱེད་བཞིན་སྡུག་སྒུར་བྱས་ནས་བསྡད་ཡོད།

སྲང་ལམ་དོར་མོའི་སྦུབས་ལྟར་དོགས་པའི་མན་ཇུ་ཀ་ཏྲི་ལ།། 

གཡོ་ཁྲམ་རྫུན་གྱི་འཁོར་ལོ་བསྐོར་ས་མན་ཇུ་ཀ་ཏྲི་ལ།།
ཚ་དམྱལ་འཇིག་རྟེན་མི་ཡུལ་འཕོས་འདྲ་མན་ཇུ་ཀ་ཏྲི་ལ།།
གང་ལ་བལྟས་ཀྱང་ཆ་མི་སྙོམས་ས་མན་ཇུ་ཀ་ཏྲི་ལ།།

འབྱོར་ལྡན་རྣམས་ཀྱིས་ཁང་རྩེག་ངོམ་ས་མན་ཇུ་ཀ་ཏྲི་ལ།།
ཁྱི་སྤྲང་རྣམས་ཀྱིས་ངུ་སྐད་འཐེན་ས་མན་ཇུ་ཀ་ཏྲི་ལ།། 
བོད་དོན་ཆེད་དུ་སྲིད་དོན་འཁྲབ་ས་མན་ཇུ་ཀ་ཏྲི་ལ།། 
གང་ལ་བལྟས་ཀྱང་ཆ་མི་སྙོམས་ས་མན་ཇུ་ཀ་ཏྲི་ལ།། 

བོད་འབྱོར་ཚ་བས་ཞུ་གྲབ་བྱེད་ས་མན་ཇུ་ཀ་ཏྲི་ལ།།
གཞིས་ཆགས་ཚོང་གི་སྒོ་ཆེན་ཕྱེ་ས་མན་ཇུ་ཀ་ཏྲི་ལ།། 
ཕྱི་རྒྱལ་ཆེད་དུ་རང་སྲོག་གཏོང་ས་མན་ཇུ་ཀ་ཏྲི་ལ།།
གང་ལ་བལྟས་ཀྱང་ཆ་མི་སྙོམས་ས་མན་ཇུ་ཀ་ཏྲི་ལ།། 
 གོང་ལྟར་གང་གི་ཆ་ནས་བལྟས་ཀྱང་ཆ་མི་སྙོམས་ས་མན་ཇུ་ཀ་ཏྲི་ལའི་གྲོང་མགོར་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་མགྲོན་ཁང་ནས་དེ་རིང་གི་ཉིན་ཐོ་དེ་གཏངས།