Monday, November 24, 2014

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཉིན་མོ།

ཞིང་སྒྲུབ་འདོན་བཞིན་པ། 
ཉིན་མོ་འདི་ནི་གཟའ་ཟླ་བའི་འཆར་ཅན་ལྟར་བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུ་དེ་ཡིན། ཉེ་ཆར་ཟླ་བ་གཅིག་ལྷག་རིང་ཨ་རིའི་མངའ་སྡེ་འགར་ཆོས་ཕྱོགས་ཀྱི་མཛད་རིམ་འགའ་ཡི་ཆེད་དུ་སོང་ནས་བདེ་ཆེན་ཞིང་སྒྲུབ་འཚོགས་རྒྱུ་མ་བྱུང་། དགོང་མོ་ཆུ་ཚོད་དྲུག་དང་ཕྱེད་སྐབས་སུ་མི་རྣམས་རིམ་གྱིས་འབྱོར་ནས་ཆོས་ཚོགས་དེ་མི་ཡིས་ཡོངས་སུ་ཁེངས་སོང་། དེ་རིང་ངོས་ཀྱི་སྐད་བསྒྱུར་བྱམས་པ་ལགས་མེད་སྟབས་དབྱིན་ཇིའི་ཆགས་རོ་དེ་རྒྱབ་ནས་འདས་པའི་ཟླ་བ་གཅིག་ལྷག་རིང་བྱེས་སོང་གི་ལོ་རྒྱུས་དང་འབྲེལ་ཆོས་སྒོམ་སྒྲུབ་གང་བྱས་ཀྱང་ཀུན་སློང་བཅོས་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ་མདོར་བསྡུས་བཤད་གྲུབ་ནས་བདེ་ཆེན་ཞིང་སྒྲུབ་མཉམ་འདོན་བྱས། མདུན་བསྐྱེད་འོད་ཞུའི་སྐབས་སུ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་བཅུ་སོགས་སྡིག་པ་གང་བསགས་པ་རྣམས་མུན་ཁུང་ལ་ཉི་མ་ཤར་བ་ནང་བཞིན་སངས་ཀྱིས་དག་ནས་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། མཐར་རང་ཉིད་ཀྱང་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར་སོང་བསམ་པའི་ངང་ནས།
སངས་རྒྱས་གཞན་ན་མེད་དོ་རང་སར་ཞོགས།། 
གཞན་ནས་འཚོལ་རྒྱུ་མེད་དོ་རང་བབས་ཞོགས།།

ཅེས་པའི་ཚིག་དུམ་འདི་གཉིས་ཀྱི་དོན་ལྟར་དུས་གསུམ་རྟོག་བྲལ་ཀ་དག་མ་བཅོས་པའི་ད་ལྟའི་གཉུག་མའི་ཤེས་པ་འདི་ཉིད་ཀྱི་ངོ་བོར་བལྟ་བཅུགས་ནས་སྒོམ་སྐར་མ་བཅུ་ཙམ་བྱས། མཐར་བདེ་སྨོན་བསྡུས་པ། ངོ་མཚར་སངས་རྒྱས་སོགས་ཀྱིས་སྨོན་ལམ་དང་༧གོང་ས་སྐྱབས་མགོན་ཆེན་པོ་དང་རྒྱལ་དབང་ཀརྨ་པའི་ཡབ་སྲས་རྣམས་ཀྱི་ཞབས་བརྟན་སོགས་ཀྱིས་དེ་རིང་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་ཉིད་མཐར་དབྱུངས་བས་མི་རྣམས་ཧ་ཅང་དགའ་བོ་བྱུང་སོང་། 

Friday, November 21, 2014

ཀི་ལི་ཧྥོ་ཉར་འབྱོར་བའི་ཉིན་མོ།

ཨ་མ་མཉམ་དུ་སྨན་ཁང་ནང་ནས་བླངས་པའི་པར། 
ཟླ་བ་གཅིག་ལྷག་རིང་པོར་ལེན་ཌི་དང་། ཉིའུ་ཡོག བྷོ་སི་ཊོན། ཀི་ནི་རེའུ་ཀེ་ཊེ། ཀན་སེའུ་སེ་སོགས་ཨ་རིའི་མངའ་སྡེ་འགའ་རུ་ཆོས་བཤད་ཀྱི་ཆེད་དུ་འགྲོ་དགོས་བྱུང་། མངའ་སྡེ་དེ་རྣམས་ནི་གྲང་ངར་གཅིག་ལས་གཅིག་ཆེ་བས་འགྲུལ་བཞུད་སྐབས་སུ་དཀའ་ངལ་ཅུང་བྱུང་བ་མ་ཟད་གློ་འཆམས་ཞིག་ཕོག་ནས་ཡུན་རིང་སོང་ཡང་ད་དུང་སངས་གྲགས་རེད་མི་འདུག ངོས་ཀྱི་བསྡད་སའི་ས་ཆ་འདི་ནི་གནམ་གཤིས་དྲོ་གྲང་རན་ལ་ས་ཆའི་ཁོར་ཡུག་ཧ་ཅང་མཛེས་སྡུག་དང་ལྡན། ཨ་རིའི་འབྱོར་ལྡན་སྐད་གྲགས་ཅན་རྣམས་འདུག་ས་ཞིག་ཡིན་ཀྱང་ང་ནི་སྟེས་དབང་གིས་ས་གནས་འདིར་སླེབས་ནས་ཕལ་ཆེར་མི་ལོ་ལྔ་མ་ཟིན་ཙན་ཞིག་རེད་འདུག། ཉི་ཧོང་ནས་ཡིན་པའི་དད་ལྡན་མ་ཨ་མ་སུས་སིན་ནམ་ཆོས་མིང་དུ་ཀུན་བཟང་དབང་མོ་ཡང་སྐྱར་ཐེངས་མ་གཉིས་པའི་རྒྱུ་མ་བཤའ་བཅོས་བྱས་ནས་སྨན་ཁང་དུ་ཡོད་སྟབས་ང་ནི་གནམ་ཐང་ནས་བློ་བུར་དུ་སྨན་ཁང་དུ་ཨ་མར་ཐུག་འཕྲད་ལ་སོང་བས་མོ་རང་ཧ་ཅང་དགའ་བོ་བྱུང་སོང་། སྨན་པས་ཟེར་ན་ནད་ལྷག་ལུས་མེད་པར་གཙང་མ་བཟོས་ཟིན་པས་གང་མགྱོགས་ནང་དུ་འགྲོ་ཆོག་ཅེས་བཤད་ཀྱིན་འདུག ཨ་མ་སུས་སིན་ནི་འདི་ལོར་རྒྱུ་མ་བཤའ་བཅོས་ཐེངས་མ་གཉིས་བྱས་པ་རེད། སྤྱིར་གཏང་ལུང་པ་འདིའི་སྨན་དང་ལག་རྩལ་མཐུན་རྐྱེན་སོགས་ཧ་ཅང་ལེགས་པས་བཤའ་བཅོས་འདི་ཙམ་ལ་ནད་གྲལ་དུ་མི་འཇོག་ཀྱང་ང་ནི་ཨ་མ་སུས་སིན་ད་ལོར་ལོ་བརྒྱད་བཅུ་གྱ་གསུམ་ལ་སོང་བའི་ནད་པ་ཞིག་ལ་བསམ་ནས་སེམས་འཁྲལ་ཅུང་བྱུང་ཡང་ད་རེས་མོ་རང་ངོ་གདོང་དང་ནུས་ཤུགས་སོགས་གང་ལ་ལྟས་ཀྱང་ནད་ལོགས་མ་རྒྱབ་ན་ནད་འོག་འདི་ནས་ཐར་ཐུབ་འདུག་བསམ་པའི་ཚོར་སྣང་བྱུང་།  

Wednesday, November 12, 2014

བདེ་ཆེན་ཞིང་སྒྲུབ་ཉིའུ་རྗེས་སེ།

ཞིང་སྒྲུབ་འཚོགས་བཞིན་པའི་ཟུར་པར་ཞིག
ཁ་སང་ཉིན་རྒྱབ་ཀོ་ལམ་བྷི་ནས་ཡིན་པའི་དགེ་ཕྲུག་ཆོས་མིང་དུ་ཀརྨ་རྡོ་རྗེ་དང་། ཁོང་གི་གཟའ་ཟླ་བསོད་ནམས་བཟང་མོ་གཉིས་སླེབས་བྱུང་བས་ངེད་གསུམ་ཤར་སྐྱོད་ཉིའུ་རྗེར་སེ་ཆོས་ཚོགས་སུ་སོང་། ཚོགས་སུ་འབྱོར་བ་དང་གཅིག་རྗེས་གཉིས་མཐུད་ཀྱིས་མི་མང་གིས་ཚོགས་ཁང་ཆུང་ཆུང་དེ་ཡོངས་སུ་ཁེངས་སོང་། ཆོས་ཚོགས་ཀྱི་འགན་འཛིན་ཀརྨ་རྡོ་རྗེ་ནས་ལོ་གཅིག་རིང་ཆོས་ཚོགས་ཀྱི་བྱེད་སྒོ་ཁག་ཚང་མ་སྙན་ཞུ་གྲུབ་མ་ཐག་བདེ་ཆེན་ཞིང་སྒྲུབ་ཚར་གཅིག་མཉམ་འདོན་བྱས། ཆུ་ཚོད་དྲུག་པའི་སྐབས་སུ་བདེན་བཞིའི་ཆོས་བཤད་མདོར་བསྡུས་བྱས་པས་མི་རྣམས་ཧ་ཅང་ནས་དགའ་བོ་བྱས་སོང་།

ལྷོ་ཨ་མི་རི་ཀའི་མི་རིགས་འདི་རྣམས་ནི་འགྲོ་ལུགས་འདུག་སྟངས་སྤྱོད་ལམ་ཐ་ན་ཁ་ཟས་སོགས་ཀྱང་བོད་རིགས་དང་ཧ་ཅང་འདྲ་བོ་ཡོད་པ་མ་ཟད་བོད་བརྒྱུད་ནང་ཆོས་ལ་ཧ་ཅང་རྩི་མཐོང་ཆེན་པོ་ཅན་རེད་འདུག ཉིའུ་རྗེར་སེ་ལ་ཡོད་པའི་ཆོས་ཚོགས་འདི་ནི་ལོ་ལྔ་ཡི་ཡར་སྔོན་ནས་ད་ལྟའི་ཆོས་ཚོགས་ཀྱི་འགན་འཛིན་ཕ་ཡུལ་ཀོ་ལམ་བྷི་ནས་ཡིན་པའི་ཀརྨ་རྡོ་རྗེའི་མིང་ཅན་འདིས་ང་ལ་སྤྲད་བྱུང་། ཅ་དངོས་ཞིག་ཡིན་ན་རྒྱབ་ཏུ་ཁུར་ཐུབ་ཆོས་ཚོགས་ཁུར་ཐབས་ནི་མེད་ཁོ་རང་ལ་འཛིན་སྐྱོང་གི་ལས་འགན་ཆ་ཚང་བསྐོས་ནས་གནམ་ཆོས་འོད་དཔག་གི་ཆོ་ག་འདིའི་དེབ་བརྒྱ་ཐམས་པའི་ཞལ་འདེབས་ཕུལ་ནས་དབང་ལུང་ཁྲིད་སོགས་ཆ་ཚང་བཏོན་ཅིང་ཉམས་ལེན་བྱེད་བཅུག་པས་ད་བར་བདུན་ཕྲག་རེའི་ནང་ཉིན་གསུམ་རེར་ཞིང་སྒྲུབ་ཉམས་ལེན་བྱེད་ཀྱི་འདུག འགའ་ཤས་ནས་འོད་ཆོག་འདི་ཉིད་བོད་ཀྱི་སྒྲ་གདངས་ཐོག་ནས་བློ་ཐོག་ཏུ་སྐྱོར་ཐུབ་མཁན་འདུག ཆོས་བཤད་དང་ཞིང་སྒྲུབ་སོགས་ཚང་མ་གྲུབ་ཚར་བའི་སྐབས་སུ་ཕན་ཚུན་མ་ཐུག་ཡུན་རིང་སོང་བས་ཐང་ན་མཉམ་དུ་བསྡད་ནས་སྐད་ཆ་བྱས་པས་མི་རྣམས་ཧ་ཅང་དགའ་བོ་བྱས་སོང་། འགའ་ཤས་ནས་ང་ས་གནས་འདིར་གཏན་འདུག་བྱེད་དགོས་ཟེར་ནས་བསམ་ཚུལ་འདོན་མཁན་འདུག གང་ལྟར་བླ་སློབ་མ་ཐུག་ཡུན་རིང་སོང་བས་དེ་རིང་མཉམ་དུ་ཐེངས་གཅིག་འཛོམས་པ་ཧ་ཅང་དགའ་བོ་བྱུང་། 

Monday, November 10, 2014

ཨ་རིའི་ཉིའུ་ཡོག་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་པའི་ཉིན་མོ།

ཞིང་སྒྲུབ་འཚོགས་བཞིན་པའི་ཟུར་པར་ཞིག
ཉིན་མོ་འདི་ནི་སྔ་ནས་དུས་ཆད་བྱས་པ་ནང་བཞིན་ཕ་ཡུལ་ནང་ཆེན་སྐྱིད་ཆུ་ནས་ཡིན་པའི་ཡུན་རིང་གྲོགས་པོ་ཨོ་རྒྱན་དར་རྒྱས་དང་། བཀྲ་བསྟན། ཨ་བཟང་། འཆི་མེད་སོགས་ནས་གོ་བསྒྲིགས་འོག་བདེ་ཆེན་ཞིང་སྒྲུབས་ཐེངས་མ་གཉིས་པ་དེ་ད་ནུབ་ཨོ་རྒྱན་དར་རྒྱས་ནང་དུ་འཚོགས། ངས་ཀྱང་བདེ་ཆེན་ཞིང་སྒྲུབས་དང་འབྲེལ་ནང་ཆོས་གལ་ཆེན་ཡིན་ཚུལ་དང་ཆོས་བཤད་མདོར་བསྡུས་གྲུབ་ནས་གནམ་ཆོས་འོད་ཆོག་ཉིད་མཉམ་འདོན་བྱས། མཇུག་ཏུ་ཆགས་མེད་བདེ་སྨོན་ཚར་གཅིག་བཏོན་ནས་སྔོན་སྨོན་སོགས་ཀྱི་མཐར་ལེགས་པར་དབྱུངས། མ་ཐུག་ཡུན་རིང་སོང་བའི་ཆོས་གྲོགས་ཨོ་རྒྱན་དར་རྒྱས་དང་མཉམ་དུ་ཁམས་ཟས་དཀྱུས་མ་དགོང་ཟས་ཤ་རྡོག་གཙོས་དང་མོག་མོག་ལ་རོལ་བཞིན་གང་དྲན་ཁ་བརྡའི་གླེང་མོལ་བྱས་ནས་མཚན་མོ་ཆུ་ཚོད་གཉིས་པའི་བར་དུ་བསྡད། 

Saturday, November 8, 2014

བྷོ་སི་ཏྲོན་ལ་སོང་བའི་ཉིན་མོ།

  
དཀོན་མཆོག་དང་ཡེ་ཤེས་ནང་མི་དང་མཉམ་དུ།
སྔ་ནས་དུས་ཆད་བྱས་པ་ནང་བཞིན་ཁ་སང་བྷོ་སི་ཏྲོན་ལ་འབྱོར། འགྲོ་དགོས་དོ་ནི་ལོ་བཞིའི་ཡར་སྔོན་ང་བྷོ་སི་ཏྲོན་ལ་སོང་བས་སྐབས་དེ་དུས་ངོས་ཀྱི་ཆོས་གྲོགས་དབྱིན་ཇིའི་མི་ཚང་ཞིག་ནང་དུ་བསྡད་ཡོད། སྐབས་དེ་དུས་བྷོ་སི་ཏྲོན་བོད་རིགས་རྣམས་དང་ཐུག་འཕྲད་ལ་ཧ་ཅང་དགའ་ཡང་འདུག་ས་དབྱིན་ཇིའི་མི་ཚང་ཞིག་ཡིན་སྟབས་ཕན་ཚུན་འབྲེལ་བ་བྱེད་མ་ཐུབ་ནས་ཡུན་རིང་སོང་། སྐབས་ཞིག་ལ་དབྱིན་ཇིའི་སྐད་བསྒྱུར་ཞིག་དགོས་མཁོའི་དབང་གིས་ཉིན་གཅིག་ཨ་མ་ཡེ་ཤེས་དང་འབྲེལ་བ་བྱུང་དེ་ནས་བཟུང་སྟེ་ཨ་མ་ཡེ་ཤེས་དང་དཀོན་མཆོག་དཔལ་བཟང་གཉིས་ཀྱི་ནང་མི་རྣམས་དང་འབྲེལ་བ་ཧ་ཅང་ཡག་པོ་བྱུང་། ལོ་གཉིས་ཙམ་གྱི་རྗེས་སུ་ཟླ་བ་གཅིག་རིང་ཕུར་པའི་བསྙེན་མཚམས་ཞིག་ལ་ཨ་མ་ཡེ་ཤེས་ཀྱི་ནང་འདུག་རྒྱུ་བྱུང་ངོས་ཀྱི་ཕུར་པའི་བསྙེན་མཚམས་གྲུབ་མ་ཐག་ཨ་མ་ཡེ་ཤེས་ཀྱི་སྤུན་མཆེད་ཆུང་བ་ཚེ་ལས་འདས་པའི་སྐབས་དང་ཁེལ་ནས་ཡང་སྐྱར་ཨ་མ་ཡེ་ཤེས་ཀྱི་ངོ་ཆེན་ལྟར་གཤིན་པོའི་དུས་དྲན་གྱི་ཆེད་དུ་ཞགས་པོ་བཞི་བཅུ་ཞེ་དགུའི་རིང་དེར་བསྡད། ལུང་པ་དགྲ་ལག་ཏུ་ཤོར་ཅིང་། ཁྱིམ་ཚང་ཁ་འཐོར་དུ་སོང་བའི་འཁྱམས་པོ་ང་ལ་ལྟོས་ན་ཁྱིམ་ཚང་འདི་ནི་ཚེ་འདིའི་ལས་ཀྱི་བསྐོས་པའམ་ཡང་ན་དཀོན་མཆོག་གིས་གནང་བའི་གཡར་པོའི་ལུང་པ་འདིའི་ནང་དུ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གཉིས་པ་ལྟ་བུ་ཞིག་ཏུ་གྱུར། ཨ་མ་ཡེ་ཤེས་ནི་བསམ་པ་བཟང་ཞིང་ཁོག་ཡངས་ལ་སློབ་སྦྱོང་ཡོད་པ་ཆུང་ནས་སྐྱེས་ཆེན་གྱི་བླ་མ་མང་པོ་ཞིག་བསྟེན་མྱོང་མཁན་ཆོས་ལྡན་མ་བུད་མེད་ཡ་རབ་ཅན་ཞིག་དང་། དཀོན་མཆོག་ལགས་ནི་ནམ་རྒྱུན་མི་དགེའི་གཡོ་སྒྱུའི་དྲིས་མས་མ་གོས་པ་སེམས་པ་ཧ་ཅང་སྐྱིད་པོ་ངོ་ལྐོག་གཡོ་སྒྱུ་མེད་མཁན་མི་ཧ་ཅང་བཟང་པོ་ཞིག་འདུག དཀོན་མཆོག་ལགས་ནི་ཨ་རིར་བོད་པ་སྐྱབས་བཅོལ་བ་སྔ་ཤོས་གྲས་རེད་འདུག ང་ནི་མི་ཚང་འདིར་ཧ་ཅང་བརྩེ་བ་ཆེན་པོ་ཞིག་ཆགས་སོང་། དེ་སྔ་ཕན་ཆོད་ས་གནས་གང་སར་ཁྱི་འཁྱམས་ལྟར་ཉུལ་ཀྱང་སྐྱབས་བཅོལ་ལུང་པ་གཉིས་པར་གནས་པའི་བོད་རིགས་མི་ཚང་ཞིག་ལ་སྲོལ་རྒྱུན་བོད་པའི་དྲི་ངད་མ་ཡལ་བ་འདི་ཚང་འདྲ་བོ་ཞིག་གཏན་ནས་མ་མཐོང་། ང་ཡང་ཉེ་ཆར་ཉིའུ་ཡོག་སོགས་ལ་མཛད་རིམ་མ་འདྲ་བ་མང་པོ་ཡོད་ཀྱང་གནས་སྐབས་འདིར་ཡོང་རྒྱུ་འདི་གལ་ཆེན་དུ་རྩིས་ནས་ཉིན་གསུམ་གཅིག་པུར་ཡོང་བས་དུས་ཚོད་ཐུང་ཡང་ང་ཚོ་ཕན་ཚུན་ཧ་ཅང་སྐྱིད་པོ་བྱུང་། ད་ནུབ་ཨ་མ་ཡེ་ཤེས་ལགས་ཀྱི་འདོད་པ་ལྟར་མོ་རང་གི་ནང་མི་རྣམས་ལ་ལན་ཆགས་གཏོར་མ་ཞིག་འདོན་དགོས་ཀྱང་ལན་ཆགས་གཏོར་མའི་ཡི་ཆ་ཁུང་ལྡན་ཞིག་མ་རྙེད་ནས་དེ་ཡི་ཚབ་ཏུ་གདོན་ཚོགས་དགུ་མ་དང་སྦྲག་ནས་ལུས་སྦྱིན་ཞིག་བཏོན། ད་ནངས་ཞོགས་པ་ཀླུ་ཐེབས་དང་ཁེལ་ཡོད་སྟབས་བསང་དང་སྡེ་བརྒྱད་གསེར་སྐྱེམས་རླུང་རྟ་སྒྲོན་འཛུགས་བྱས་ནས་ཉིན་གུང་རྒྱབ་ཏུ་ཨ་མ་ཡེ་ཤེས་ནས་སྒོ་འགྲམ་ནས་ལག་ཏུ་ཁ་གཏགས་བཟུང་ནས་ཕྱག་རྒྱ་དང་ལག་གཡུག་སོགས་ཀྱིས་ཕེབས་སྐྱེལ་འབྲལ་མི་ཕོད་པ་ལྟ་བུ་བྱས། ངས་ཀྱང་རླངས་འཁོར་ནང་ནས་ནང་མི་འདིར་སྨོན་ལམ་འདི་འདྲ་ཞིག་བཏབས།
གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི།། 
མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། 
ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ།། 
བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག། 

དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། 

ཡི་དམ་རྡོ་རྗེ་གཞོན་ནུའི་ནུས་སྟོབས་ཀྱིས།། 
འགྲོ་བ་འདི་རྣམས་བདག་གིས་སྲུང་ཟིན་གྱི།། 
ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག། 

ཅེས་སྨོན་ལམ་ལྐོག་འདོན་བྱེད་བཞིན་སྤྱི་སྤྱོད་མི་མང་རླངས་འཁོར་འབབས་ཚུགས་སུ་ཕ་དཀོན་མཆོག་དང་བུ་མོ་བསྟན་ལྷ་མག་པ་བཀྲ་ཤིས་གསུམ་ནས་བསྐྱལ་བྱུང་བས་ཉིའུ་ཡོག་ལ་མཚན་མོ་ཆུ་ཚོད་བརྒྱད་པའི་སྐབས་སུ་འབྱོར། དགེ་ཕྲུག་ཀརྨ་ཆོས་སྒྲོན་གཟའ་མི་གཉིས་ནས་རླངས་འཁོར་འབབས་ཚུག་ནས་སྒུག་འདུག་པས་ནང་དུ་ཤར་བསྐྱོད་བྱས་ནས་ཡོང་། དགོང་ཟས་མདོར་བསྡུས་ཞིག་ཚར་མ་ཐག་དེ་རིང་གི་ཉིན་ཐོ་དེ་གཏངས་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར།  

Monday, November 3, 2014

འཆམས་པ་ཕོག་ནས་ནང་དུ་ལུས་པའི་ཉིན་མོ།



ས་འོག་མེ་འཁོར་འབབས་ཚུགས་ཀྱི་རྟགས་རྣམས། 
དེ་རིང་ནི་འཆམས་ངན་ཞིག་ཕོག་འདུག་སྟབས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུང་ཆོས་དེ་ཞུ་ལ་འགྲོ་ཐུབ་མ་སོང་། དེང་སང་ཉིན་ཤས་གོང་ནས་བློ་བུར་དུ་ཉིའུ་ཡོག་གནམ་གཤིས་དེ་འགྱུར་བ་ཕྱིན་ནས་འཐོར་རླུང་སྦུད་པ་དང་གྲང་ལྷག་ཁོལ་བ་སོགས་མདོར་ན་གནམ་གཤིས་ཧ་ཅང་གྲང་མོ་རེད་འདུག ང་ནི་ནམ་རྒྱུན་བསྡད་ས་ཨ་རིའི་ས་ཆ་སྐྱིད་ཤོས་ཀུན་གྱིས་ཡིད་སྨོན་ཤོར་ས་ཀི་ལི་ཧྥོ་ཉའི་ནང་ཚན་ཁར་མེལ་ཞེས་འབྱོར་ལྡན་སྐད་གྲགས་ཅན་ས་ཆ་དེར་བསྡད་ནས་ཕལ་ཆེར་མི་ལོ་ལྔ་མ་ཟིན་ཙམ་ཞིག་ཡིན། ངོས་ཀྱི་བསྡད་ས་དེར་མི་རྣམས་རང་བཞིན་གྱིས་དལ་ཞིང་ལྷོད་ལ་ཉིའུ་ཡོག་ལྟར་གང་དུ་སོང་ཡང་ས་ཞབས་མེ་འཁོར་དང་སྤྱི་སྤྱོད་མི་མང་རླངས་འཁོར་སོགས་མཐོང་རྒྱུ་ཧ་ཅང་དཀོན་དེའི་རྐྱེན་པས་ས་གནས་འདི་ལྟ་བུ་ལས་ཀའི་བྲེལ་ཟིང་དང་ལག་ཏུ་ཇ་དང་བག་ལེབ་བཟུང་ནས་རྒྱུག་འདུལ་བྱེད་མཁན་དེ་བས་ཀྱང་མཐོང་རྒྱུ་དཀོན། ཁ་སང་ངོས་ཀྱི་ཚ་བོ་ངེད་གཉིས་ས་འོག་མེ་འཁོར་བརྒྱུད་བོད་དང་རྒྱ་གར་བའི་མི་རིགས་རྣམས་འདུ་བསྡོད་བྱེད་ས་རྒྱག་སེང་ཧེའི་ལ་སོང་བས་འཁྱག་རླུང་དང་ཟ་མ་སོགས་གང་གིས་མ་འགྲིག་པ་ཡིན་ན་ད་ནངས་ཞོགས་པ་བྱེའུ་ཕྲུག་ལ་རྡོ་ཕོག་པ་ནང་བཞིན་བན་རྒན་ང་ནི་ཚ་འཆམས་ཞིག་གིས་ཉལ་སར་ལུས་སོང་། སེམས་ཕམ་དགོས་པ་ཞིག་ལ་དེ་རིང་ངོས་ཀྱི་བསྡད་ས་ཐག་ཉེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྲང་ངེས་ལེགས་བཤད་སྙིང་པོའི་གསུངས་ཆོས་གནང་གི་ཡོད་སྟབས་དེ་ཆད་ཤོར་སོང་། 
མ་གཞི་ང་ནི་ཉིའུ་ཡོག་གི་ས་ཆ་འདིར་འདུག་རྒྱུར་གཏན་ནས་དགའ་བོ་མེད་པ་མ་ཟད་ས་གནས་འདིར་བོད་རིགས་གཙོར་བྱས་པའི་ཨ་སྒོར་ཆེད་དུ་གནས་བསྡོད་བྱེད་མཁན་ཡོངས་ལ་སེམས་རྟིང་ནས་སྙིང་རྗེ་འདྲ་ཞིག་རང་དབང་མེད་པར་སྐྱེ་ཡོང་གི་འདུག 
མི་ཡི་ལུས་རྟེན་བཟང་པོ་འདི་ཐོབ་པའི་དོན་གོ་རུ་ཚེ་གཡོག་དང་སོ་སོའི་ཁ་རྒྱབ་ཙམ་ལས་མ་འཇོན་ན་དལ་འབྱོར་གྱི་ལུས་རྟེན་བཟང་པོ་འདི་དངོས་གནས་ཆུད་ཟོས་རེད་བསམ་གྱི་འདུག ཚེ་འདིའི་ལྟོ་གོས་དང་བསྡོད་ཁང་ཙམ་རེ་ནི་ཉམ་ཆུང་དུད་འགྲོ་རྣམས་ཀྱིས་ཀྱང་མི་ལས་ལྷག་ས་ཞིག་བཟོ་སྐྲུན་བྱེད་ཤེས་ཀྱི་འདུག

ཉིའུ་ཡོག་མ་རེད་མི་གཡོག་རེད།། 
མི་གཡོག་ཨ་སྒོར་ཆེད་དུ་རེད།། 
ས་གནས་འདི་རུ་འདུག་མཁན་རྣམས།།
 མི་ལུས་རིན་ཆེན་ཕྲོག་རླག་རེད།། 

དུས་བཞི་མི་གཅིག་གྲང་ལྷག་ཆེ།།
མི་རིགས་མི་གཅིག་འཛམ་གླིང་མི།། 
སྐད་རིགས་མི་གཅིག་ར་མ་ལུག། 
ཆ་ལུགས་མི་གཅིག་ཡ་མ་ཟུང་།། 

དགུན་དུས་གྲང་བས་ཁེངས་གྲབ་བྱེད།། 
དབྱར་ཀ་ཚ་བས་ཞུ་གྲབ་བྱེད།། 
མི་ཡི་གཟུགས་ལ་ཚེ་གཡོག་མཁན།། 
ས་གནས་འདི་རུ་ང་མི་འདུག། 

ང་ནི་ཀི་ལི་ཧྥོ་ཉར་འགྲོ། 
ཁར་མེལ་རྒྱ་མཚོའི་འགྲམ་དུ་འགྲོ། 
རྦིག་སུར་རི་བོའི་རྩེ་རུ་འགྲོ།
ཆོས་ཚོགས་འཇམ་དབྱངས་གླིང་དུ་འགྲོ། 


གཡར་པོའི་ལུས་རྟེན་འདི་ཐོབ་ནས་བཟུང་སྟེ་ཚེ་འདིར་དམ་ཆོས་གཤའ་མ་ཞིག་མ་འགྲུབ་ཀྱང་ཚེ་འདི་ཁོ་ནའི་ཆེད་དུ་རང་ཁེ་གཞན་ཕམ་གྱི་སྡིག་ལས་ཀྱིས་རང་ཉིད་སྨྱོན་པ་མི་བཟོ་བསམ་པའི་དམ་བཅའ་བྱེད་བཞིན་དེ་རིང་གི་ཉིན་ཐོ་དེ་ཨུ་ཚུགས་ཀྱིས་གཏངས། 


Saturday, November 1, 2014

ཨ་རིའི་འདྲེ་ཡི་དུས་ཆེན་ཉིན་མོ།

དུས་ཆེན་ཀྱི་ཤོག་བྱང་།
ཡེ་ཤུའི་འདྲེ་ཡི་དུས་ཆེན་ཉིན་མོ།
ཉིན་མོ་འདི་ནི་ཡེ་ཤུའི་ཆོས་ལུགས་ཡོངས་ཀྱི་འདྲེ་ཡི་དུས་ཆེན་སྲུང་གཙིའི་ཉིན་མོ་ཞིག་ཡིན། ལུས་སྲོལ་འདི་ནི་ཡོ་རོབ་སོགས་ནས་འཛམ་གླིང་གང་སར་ཁྱབ་བརྡལ་དུ་སོང་ནས་དེང་སང་རྒྱལ་ཁབ་མང་པོ་ཞིག་ནང་དུས་ཆེན་འདི་གལ་ཆེན་དུ་ངོས་འཛིན་བྱེད་ནས་སྲུང་གཙི་བྱེད་ཀྱི་ཡོད། ལྷག་པར་དུ་ཨ་རི་ནས་མཚན་མཐུན་ཆགས་སྤྱོད་ཅན་རྣམས་ཀྱིས་དུས་ཆེན་འདི་ཧ་ཅང་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད། ཉིན་མོ་འདིར་དམིགས་བསལ་ཕྲུག་གུ་རྣམས་ལ་འདྲེ་གཟུགས་དང་འདྲེ་འབག་སོགས་གཡོགས་ནས་མི་ཚང་རེ་རེ་བཞིན་སྒོ་འགྲིམ་བྱེད་ནས་མངར་ཟས་འདྲ་མིན་སློང་བའི་ལུགས་སྲོལ་ཞིག་ཀྱང་ཡོད། ང་ནི་དགེ་ཕྲུག་ཀརྨ་ཆོས་སྒྲོན་ནང་དུ་ཉིན་གང་པོར་བསྡད་པས་ཕྲུག་གུ་སྒོ་བརྡུང་མཁན་ཧ་ཅང་མང་པོ་བྱུང་བས་སྔ་ནས་གྲ་སྒྲིག་བྱས་ནས་ཡོད་པའི་མངར་ཟས་རྣམས་ཀྱིས་ཕྲུག་གུ་རྣམས་ཚིམས་པར་བྱས། 

སྣང་བ་ཀུན་བརྟག་འདྲེ་ཉིད་ཕུགས་སུ་ཉར།།
གཞན་དབང་ཡོངས་གྲུབ་འདྲེ་གཟུགས་སྒོ་རུ་གཤམས།།
རང་ཉིད་འདྲེ་ཡི་ཕ་རྒན་ཡིན་བཞིན་དུ།།
སུ་ཡིས་སུ་ལ་འདྲེ་ཞེས་མཛུབ་མོ་གཙུགས།།

མ་རབ་གཡོ་སྒྱུས་དུག་ཆུ་ཁོང་དུ་སྦས།། 
མི་ཡི་གཟུགས་ལ་གསོན་འདྲེའི་གཡབ་མོ་ཅན།། 
ས་སྟེང་རྐང་གཉིས་འདྲེ་ལས་ཐུ་བ་ཞིག།
ཁྱེད་ཀྱིས་ལན་བརྒྱར་བཙལ་ཡང་རྙེད་རེ་ཀན།།