Saturday, January 10, 2015

ཟླ་བའི་ནང་གི་ཏཱ་ལའི་བླ་མ།

ཟླ་བའི་ངོགས་ཀྱི་རྩ་བའི་བླ་མ།
ད་ནུབ་བོད་ལ་ཡོད་པའི་ངོས་ཀྱི་སྲིང་མོར་ཁ་པར་གཏང་། བཀྲ་མ་ཤིས་པའི་གཏམ་ངན་ཞིག་དང་བཀྲ་ཤིས་པའི་གཏམ་བཟང་ཞིག་གཉིས་དུས་གཅིག་ཏུ་གོ། 

བཀྲ་མ་ཤིས་པའི་གཏམ་ངན་ནི། 
ངོས་ཀྱི་དགོན་པར་རྒྱ་ནག་སྲིད་གཞུང་དམག་གིས་ཉམ་ཆུང་གྲྭ་པ་རྣམས་ལ་དོན་མེད་སྙོན་འཛུག་འདྲ་མིན་གྱིས་སྔ་ཕྱིར་དགོན་པའི་གྲྭ་པ་བཞི་བཅུ་ཙམ་ཞིག་དགོན་པའི་ཐག་ཉེར་ཡོད་པའི་མཁར་དམར་གྲོང་གི་བཀག་བསྐྱིལ་ཁང་དུ་བཟང་བཙོན་དུ་བཅུག། གྲྭ་རྣམས་ཀྱི་འདོད་པ་མེད་བཞིན་དུ་གྲྭ་ཆས་བཙན་ཕུད་བྱས་ནས་ན་གཞོན་གྲྭ་ཆུང་རྣམས་ལ་དམག་སྦྱོང་བྱེད་དུ་འཇུག་པའི་སྐད་ངན་གོ། དེས་ང་ཡི་སྙིང་གི་ཚལ་པ་དུམ་བུར་གཏང་། 
བཀྲ་ཤིས་པའི་གཏམ་བཟང་ནི། ཉིན་ཤས་གོང་ངོས་ཀྱི་སྲིང་མོ་ནང་ཆེན་འཆམ་གཤིས་གྲོང་དུ་བཞུགས་པའི་བྱ་བྲལ་བླ་མ་ཞིག་གི་མདུན་དུ་སྔོན་འགྲོ་འབུམ་བཞི་དང་གཞན་གསུང་ཆོས་སོགས་ཞུ་རུ་སོང་། ཆོས་ཞུ་བ་སུམ་བརྒྱ་མ་ཟིན་ཙམ་ཡོད་སྐད། གསུང་ཆོས་གྲུབ་མ་ཐག་བོད་ཚེས་བཅོ་ལྔ་ཉིན་བླ་སློབ་ཡོངས་ནས་ཚོགས་འཁོར་བསྐོར་ཞིང་ཚང་མས་དད་པ་རྩེ་གཅིག་པའི་ངང་ནས་༧གོང་ས་མཆོག་གི་ཞབས་བརྟན་མཉམ་འདོན་བྱས། ངོས་ཀྱི་སྲིང་མོ་གཙོས་བོད་རིགས་དད་ལྡན་འགའ་ཡིས་མཆོད་གཤམས་སྟེང་དུ་ཡོད་པའི་མེ་ཏོག་གི་དཀྱིལ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཞལ་མཇལ་བའི་གཏམ་བཟང་འདུག དེས་ང་ཡི་སྙིང་གི་མེ་ཏོག་ཕྱོགས་བཅུར་བཞད་སོང་། 
ལར་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཞིས་ལུས་བོད་རིགས་དད་ལྡན་རྣམས་ཀྱིས་མཇལ་སྣང་མ་འདྲ་བའི་ཐོག་ནས་མཇལ་བ་ནི་ད་རེས་ཐེངས་མ་དང་པོ་ག་ལ་ཡིན། དཔེར་མཚོན་མདོར་བསྡུས་ཞིག་ཞུས་ན། ༡༩༩༦་ལོ་མཇུག་ཏུ་ང་ཆབ་མདོར་སོང་བ་ཡིན། སྐབས་དེ་དུས་ངོས་ཀྱི་གྲོགས་པོ་ཆབ་མདོ་དགོན་པའི་དགེ་བཤེས་ཨ་མགོན་ནས་འདི་ལྟར་གསུངས་མྱོང་ཡོད། ངས་ཚེས་པ་བཅོ་ལྔ་ནམ་ཡིན་སྐབས་སུ་བླ་མ་མཆོད་པའི་ཚོགས་གཏང་ཞིང་༧གོང་ས་སྐྱབས་མགོན་ཆེན་པོའི་ཞབས་བརྟན་འདོན་བཞིན་ནང་དུ་འདུག་གི་ཡོད། དགོང་མོར་བླ་མའི་ཞབས་བརྟན་འདོན་བཞིན་ཟླ་ངོགས་སུ་བལྟ་དུས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཇལ་གྱི་འདུག་ཟེར། ངས་སྐབས་དེ་དུས་དོ་སྣང་དེ་ཙམ་མ་བྱུང་ཡང་རྗེས་སོར་བོད་པ་མང་པོ་ཞིག་ལ་དེ་འདྲ་མང་པོ་ཡོང་གི་ཡོད་པ་ཤེས་སོང་། སྔ་ལོར་ལ་དྭགས་སུ་དུས་འཁོར་དབང་ཆེན་སྐབས་༧གོང་ས་མཆོག་ནས་ཀྱང་ད་རེས་ཀྱི་གདུལ་བྱའི་གཙོ་བོ་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཡིན་པས་ལ་དྭགས་དུས་འཁོར་དབང་ཆེན་སྐབས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ནས་དགེ་སྒྲུབ་སྡིག་སྤོངས་གསོལ་འདེབས་སྨོན་ལམ་སོགས་བྱོས་དང་། ངས་ཀྱང་ད་རེས་དུས་འཁོར་དབང་ཆེན་འདི་བོད་ལ་གཏང་གི་ཡིན་ཅེས་ཞལ་ཤོབ་ཀྱི་ཚུལ་དུ་གསུངས་མྱོང་། དེའི་སྐབས་སུ་ཁམས་དང་འགུ་ལོགས་སོགས་བོད་རིགས་མང་པོ་ཞིག་ནས་༧གོང་ས་མཆོག་ཟླ་བའི་ངོས་ནས་མཇལ་འདུག

དད་པ་ཡོད་ན་ལ་ཆེན་རྒལ་དགོས་མེད།། 
དམ་ཚིག་ཡོད་ན་རྒྱ་གར་ཡོང་དགོས་མེད།། 
མོས་གུས་ཡོད་ན་བླ་མར་ཉེ་རིང་མེད།། 
སེམས་ཤུགས་ཡོད་ན་སྲིད་དོན་འཁྲབ་དགོས་མེད།།

གངས་ལ་མཐོན་པོར་བྲང་གིས་མ་བཤགས་ཀྱང་། 
སྣེ་ལེན་ཁང་དུ་ཕོར་པ་མ་བཟེད་ཀྱང་། 
འབྲས་དང་ལྡ་ལི་ཁ་རུ་མ་ཟོས་ཀྱང་། 
འགྱུར་མེད་སེམས་ནང་དད་པའི་ཨ་ལོང་ཞིག།

ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་ནས་ཀྱང་། 

དད་པ་ཅན་གྱི་གང་ཟག་ཕོ་མོ་ལ།། 
པད་འབྱུང་གང་དུ་མ་བཞུད་སྒོ་ཉལ་ཡོད།།
ཅེས་གསུངས་རྡོ་རྗེའི་ཚིག་ལ་ཡིད་ཆེས་རྙེད།། 









4 comments:

  1. མཁན་རིན་པོ་ཆེ་

    ReplyDelete
  2. ལགས་སོ། བསྟན་ནོར་ལགས།

    ReplyDelete
  3. དེ་དག་ལ་ཡིད་ཆེས་ཡོད་དམ། སྒེར་གྱི་ཉམས་མྱོང་འདྲ་ཡོད་ན་འདིར་བཀོད་རོགས། དད་པ་རྒྱ་སྐྱེད་བྱེད་པར་ཕན་རླབས་ཆེན་པོ་འདུག

    ReplyDelete
  4. བསྟན་ནོར་ལགས། ཡིད་ཆེས་ཡོད་ད་ཡོད་གོང་གི་གནས་ཚུལ་དེ་རྣམས་དངོས་བྱུང་གནས་ཚུལ་ཞིག་ལས་ལོ་གྲངས་བརྒྱ་ཕྲག་མང་པོའི་གོང་ནས་འདས་སོང་གི་རྟོག་བཟོའི་ལྷ་སྒྲུང་འདྲ་ཞིག་མ་རེད། དེང་སང་གི་མི་ཐོག་འདིར་དངོས་སུ་བྱུང་བའི་གནས་སྟངས་ངས་ཡིག་ཐོག་ཏུ་བཀོད་པ་ཡིན། ང་རང་སྒེར་ལ་མཚོན་ན་སྤྱིར་གཏང་རྒྱལ་བ་ཡིད་བཞིན་ནོར་བུ་ལ་དད་པ་ཆེན་པོ་ཡོད། མ་ཟད་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་མ་ཡོང་གོང་༡༩༩༦ལོའི་དུས་ཚེས་སོགས་མ་ངེས་པའི་དབྱར་ཀ་ཞིག་ལ་ངས་ནམ་རྒྱུན་ང་བསྡད་སའི་གྲོང་བསེབ་ཞིག་ནང་དུ་མི་མང་ལ་ནང་ཆོས་དང་བདེ་ཆེན་ཞིང་སྒྲུབ་འཚོགས། བདེ་ཆེན་ཞིང་སྒྲུབ་ཉིན་ཐ་མའི་སྐབས་སུ་ང་རང་ཞེ་ཕུག་གི་འདོད་གསོལ་སྨོན་ལམ་འདི་འདྲ་ཞིག་བཏབས་ནས་ཉལ། སྨོན་ལམ་རུ་ཡང་ན་ང་ཁམས་གསེར་རྟ་ཆོས་སྒར་དུ་འགྲོ་ནས་མི་ཚེ་ཐོས་བསམ་སྒོམ་གསུམ་བྱེད་དམ། ཡང་ན་ང་རྒྱ་གར་ལ་འགྲོ་ནས་རྒྱལ་བ་ཡིད་བཞིན་ནོར་བུ་མཇལ་ཁ་ཞུ་བ་གཉིས་གང་བཟང་ནའང་དོ་ནུབ་རྨི་ལམ་གྱི་ནང་གསལ་བོར་བསྟེན་རོགས་ཞེས་བླ་མ་དང་ཡི་དམ་རྣམས་ལ་གསོལ་འདེབས་བྱས་ནས་ཉལ། ནམ་ཕྱེད་སྐབས་ཙམ་རྨི་ལམ་ཡ་མཚན་འདི་འདྲ་ཞིག་རྨིས། ངོས་རང་དགོན་པའི་གྲྭ་ཤག་ཏུ་ཉལ་འདུག་ནམ་མཁའ་ནས་འུར་སྒྲ་ཆེན་པོ་ཞིག་བྱུང་ཡར་གཅིག་བལྟ་དུས་ངོས་ཀྱི་གྲྭ་ཤག་གི་ནམ་མཁའི་ཐད་གང་ནས་བྱུང་ཆ་མེད་པར་གྱེན་འཕུར་གནམ་གྲུ་ཞིག་སྐོར་ལྡིང་བྱེད་ཀྱི་འདུག ཡང་བལྟ་ཞིག་བྱས་དུས་གྱེན་འཕུར་གནམ་གྲུའི་ནང་དུ་དངོས་སུ་མཇལ་མྱོང་མེད་ཀྱང་པར་ཐེངས་མང་མཇལ་མྱོང་ཡོད་པའི་རྒྱལ་བ་ཡིད་བཞིན་ནོར་བུ་རེད་འདུག དངུལ་གཟན་སྐེད་པར་དཀྲིས་པའི་སྐུ་སྟོད་ལ་སྟོད་འགག་སེར་པོ་དང་། སྤྱན་ཤེལ་ཇ་མདོག་མའི་ཞལ་འཛུམ་མདངས་ཅན་གྱིས་ངོས་ལ་གཟིགས་འདུག ངས་འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་ནམ་བསམ་པའི་ཐེ་ཚོམ་གྱི་ངང་ནས་བློ་བུར་དུ་རྒྱལ་བ་ཡིད་བཞིན་ནོར་བུས་ལྕགས་ཐག་རིང་པོའི་ཞིག་མར་འཕངས་ནས་དེར་འཇུས་ཟེར་བའི་བརྡ་བསྟེན་བྱུང་། ངས་ཀྱང་སྒེའུ་ཁུང་ནས་ཐེ་ཚོམ་མེད་པར་མཆོང་མ་ལྡིང་གིས་ལྕགས་ཐག་དེར་འཇུས་པ་ཡིན། ཡིད་བཞིན་ནོར་བུ་ཡིས་འཁོར་ལོ་འདྲ་ཞིག་བསྐོར་ནས་ཡར་འཐེན་ཞིང་ཁོ་རང་གི་སྐུ་པང་དུ་བཞག་སོང་། ང་ནི་ཧ་ཅང་དགའ་དྲག་ནས་ཡུན་རིང་ཁ་བྲལ་དུ་སོང་བའི་ཕ་བུ་འཕྲད་པ་ནང་བཞིན་ཐེ་ཚོམ་མེད་པར་ཡིད་བཞིན་ནོར་བུའི་མགུལ་ལ་འཐམ་འཁྱུད་བྱས་པ་ཡིན། དེ་ནས་གནམ་གྲུ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་གཉིད་སད་བྱུང་། གཉིད་སད་པའི་སྐབས་སུ་ང་ངུས་པའི་མཆིལ་མས་མགོ་སྔས་ཡང་རློན་པ་རེད་འདུག ཕྱི་ཉིན་ཐེ་ཚོམ་མེད་པར་ང་ཤི་གསོན་གང་རེད་ཀྱང་ཡིད་བཞིན་ནོར་བུ་མཇལ་ལ་འགྲོ་བསམ་པའི་སེམས་ཤུགས་དང་དད་པ་སྔར་ལས་ཆེ་བ་རེད་འདུག དེ་ནས་ང་རྒྱ་གར་འགྲོ་རྒྱུའི་སེམས་ཐག་བཅད་ནས་༡༩༩༧ ལོའི་ལོ་མཇུག་ཏུ་ང་རྒྱ་གར་ལ་ཡོང་བ་ཡིན། དེ་ནས་བཟུང་སྟེ་ད་བར་རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་གསུངས་ཅི་སྒྲུབས་ཀྱིས་བོད་བསྟན་སྲིད་གཉིས་ཀར་རང་འཁོས་ཞབས་ཞུས་གང་ཐུབ་ནས་ཞབས་འདྲེན་གཏན་ནས་ཞུས་མེད། ད་དུང་ཚེ་ལྷག་ཇི་ཡོད་རང་གི་སྒོ་གསུམ་པོ་འདི་ཉིད་བླ་མ་མཉེས་པའི་མཆོད་སྤྲིན་དུ་འབུལ་བསམ་པའི་དམ་བཅའ་ཧ་ཅང་བརྟན་པོ་ཡོད།

    དེ་རིང་དེ་ཙམ་ཡིན། མགྱོགས་བྲིས་ཡིན་པས་ཡིག་ནོར་ཡོད་ན་བཟོད་གསོལ་ཞུ།།

    ReplyDelete