Tuesday, September 8, 2015

བཙན་བྱོལ་བའི་སྲིད་སྤྱི་གཉིས་ཀྱི་འོས་མི་ལ་དཔྱད་པ།

དེང་སང་དྲྭ་ཚིགས་དང་ངོ་དེབ་ཆ་འཕྲིན་སོགས་ནས་འུར་བཞིན་པ་དེ་ནི་ཚང་མས་མཁྱེན་གསལ་ལྟར་༢༠༡༦་ལོའི་བཙན་བྱོལ་བོད་མིའི་སྒྲིག་འཛུག་གི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དེ་རེད། ང་ལ་མཚོན་ན་རྣམ་ཀུན་བོད་བསྟན་སྲིད་གཉིས་ཀར་སེམས་ཁུར་བྱེད་མཁན་ཞིག་ཡིན་པའི་སྟབས་ཀྱིས་ཕ་ཡུལ་གཅིག་པའི་གྲོགས་པོ་འགའ་ཡིས་ད་རེས་མདོ་སྟོད་སྤྱི་འཐུས་སམ་ཡང་ན་བྱང་ཨ་རིའི་སྤྱི་འཐུས་གང་རུང་ཞིག་ལ་ལངས་དགོས་པའི་རེ་བསྐུལ་བྱེད་མཁན་མི་ཉུང་བ་ཞིག་བྱུང་། ངས་ནི་ང་སྤྱི་འཐུས་ལ་མི་ལངས་བའི་རྒྱུ་མཚན་གསུམ་བཤད། དང་པོ་ནི་ང་འདྲ་བ་མི་འུས་ཐུག་ཞིག་གིས་གཞི་བྱེས་གཉིས་ཀྱི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་འཐུས་བྱེད་མི་ཐུབ། གཉིས་པ། གལ་སྲིད་རྡ་སའི་རི་གཤོང་དུ་ཡོད་པའི་གངས་ཅན་སྐྱིད་གཤོང་སྤྱི་འཐུས་ཀྱི་གྲོས་ཚོགས་རྭ་བའི་ནང་དུ་སོ་སོའི་ངོས་ནས་ལྷག་བསམ་དུང་བས་དཀར་ཞིང་། སེམས་ཤུགས་རི་བོ་ལས་ཆེ་བ་ཞིག་སྤྱི་འཐུས་ཀྱི་མིང་ཁུར་ནས་སོང་ཡང་མཐར་སེམས་ཤུགས་ཆག་ནས་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་ཀ་གང་ཡང་མི་འགྲུབ། གསུམ་པ། ༧གོང་ས་མཆོག་ནས་རྟག་པར་བཀའ་སློབ་ལྟར་སོ་སོ་གང་དུ་སོང་ཡང་ཆོས་སྲིད་གཉིས་ཀའི་ཐད་ནས་འཐུས་ཤོར་མ་སོང་བར་བོད་མིའི་འཐུས་ཚབ་ངོ་མ་དེ་བོད་མི་ཚང་མས་བྱེད་དགོས་གསུངས་པ་དེ་སེམས་ལ་བཞག་ནས་དེ་སྔ་ཕན་ཆོད་ལུགས་གཉིས་གང་གི་ཐད་ནས་ཡིན་ཀྱང་རང་འཁོས་ནུས་ཚོད་དང་བསྟུན་གང་དྲག་བྱེད་བཞིན་པ་ལགས་པས་དེ་བས་གལ་ཆེ་བ་ཞིག་མ་མཐོང་། 
ལར་ནི་དེང་སང་དྲྭ་ལམ་ཁག་ནས་ཉིན་ལྟར་མཐོང་བཞིན་པ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུག་ཁག་གི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སོགས་ཀྱི་སྐོར་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ལ་ཕྱི་ནས་ལྟས་ན་དམངས་གཙོའི་ཀ་བ་གསུམ་ཞེས་གྲ་འགྲིག་པོ་དང་། འདྲ་ཆགས་མདོག་ཁ་བོ་བཤད་རྒྱུ་ཡོད་ཀྱང་དོན་ངོ་མར་ཆོལ་ཁ་དང་། ཆོས་ལུགས། སྐྱིད་སྡུག ལུང་ཚན་སོགས་མི་མངོན་པའི་ས་འོག་དར་ཐག་གིས་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་འདིས། འདས་པའི་མི་ལོ་དྲུག་བཅུའི་ནས་བོད་རིགས་རྣམས་ཀྱི་ནུས་ཤུགས་ད་དུང་གཅིག་ཏུ་སྒྲིལ་མ་ཐུབ་པའི་སྟབས་ཀྱིས་གཏམ་དཔེར། ནང་བཀྲ་མ་ཤིས་ན་ཕྱི་ནས་དོན་མི་འགྲུབ་ཅེས་པ་ལྟར་དུ་གྱུར་ཡོད། ལྷག་པར་དུ་སྤྱི་འཐུས་གྲོས་ཚོགས་འདིའི་ནང་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེ་འཁོན་ཅན། སྒེར་འགྲས་སྤྱི་ཐོག་གི་དཀྲུགས་ཤིང་མཁན། ཤེས་ཡོན་དང་མཐོང་རྒྱ་ཁབ་མིག་ལྟར་དོགས་པའི་ཕུང་རྒན་མགོ་སེ་མི་ཉུང་བ་ཞིག་དུས་རབས་རྗེ་བོ་རྗེས་ཀྱང་མི་རབས་རྗེ་མ་ཐུབ་ནས་མི་ཚེ་ཕྱེད་ཀར་སྤྱི་འཐུས་ནང་དུ་གནས་ཡོད། དེ་ནི་དམངས་གཙོའི་ཐོབ་ཐང་འཕྲོག་པའི་ཇག་པ་དང་། ཡར་རྒྱས་ཀྱི་ལམ་ཁའི་བཀག་རྡོ་ཞིག་ཀྱང་ཡིན།
 དེང་སང་གོ་བཞིན་པ་ཞིག་ལ་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལའང་མངའ་རིས་ཕུད་པའི་དབུས་གཙང་ཆོལ་ཁས་དཔུང་སྒྲིག་ནས་རྒྱབ་རྩ་བྱེད་སྟངས་འདིར་དཔྱད་ན་སྐྱབས་བཅོལ་བའི་ཆོལ་ཁའི་ནང་གི་ཁ་གཏད་དུ་བླུགས་པ་ལས་ཕ་བསད་ཀྱི་ཤན་པ་ལག་དམར་རྒྱ་ནག་དམར་པོའི་གཞུང་ལ་ཁ་གཏད་དུ་ལང་མཁན་སྲིད་སྤྱི་རེ་ཨི་ཡོད་ན་བསམ་པའི་དྲི་བ་ཞིག་རང་བཞིན་གྱིས་སླེབས་སོང་། ངས་སྤྱི་འཐུས་ཚོགས་གཙོ་ཆོལ་ཁའི་འཐེན་མཁན་ཞིག་དང་མི་མ་རབས་ཞིག་རེད་གཏན་ནས་ཟེར་བ་མིན། མང་ཚོགས་ནས་རང་གི་དམངས་གཙོའི་ཐོབ་ཐང་བེད་སྤྱོད་བྱེད་མ་ཐུབ་པར་མི་ངན་རེ་ཟུང་གིས་ཟིན་པའི་ཆོལ་ཁ་དང་ལུང་ཚན་སོགས་ཀྱི་རྗེས་སུ་རི་བོང་ཅལ་འདྲོག་གིས་འོས་ཤོག་བླུགས་སྟངས་འདི་བསམ་ནས་ཡིན། ལར་ནི་ཆོལ་ཁ་ལུང་ཚན་སྐྱིད་སྡུག་སོགས་ཀྱིས་འོས་མི་བཏོན་ནས་འོས་གཞིའི་དྲིལ་སྒྲག་བྱེད་སྟངས་འདི་ལ་ངས་ནི་དམངས་གཙོའི་འགྲོ་སྟངས་ཚད་ལྡན་ཞིག་ལ་སྔ་མོ་ནས་ངོས་འཛིན་བྱེད་མྱོང་མེད། རང་རེའི་བོད་པའི་སྤྱི་ཚོགས་འདི་ནི་བཙན་རྒྱལ་རིང་ལུགས། སྤྱི་ཚོགས་རིང་ལུགས། མ་རྩ་རིང་ལུགས་སོགས་གང་ལའང་མ་ཐེ་བར་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེ་ལྟར་བཙན་བྱོལ་བོད་རིགས་འདི་རྣམས་ནི་གཞན་དབང་མགོ་འདོགས་རིང་ལུགས་སམ་ཆོལ་ཁ་དང་ལུང་ཚན་གང་རུང་ཞིག་གི་ཞབས་སུ་མནན་ཡོད། ཆོལ་ཁ་དང་ལུང་ཚན་གྱི་འཐེན་ཁྱེར་བཅོས་མེད་ཀྱི་ནད་ངན་དེ་ནི་མི་དྲག་དང་དཔོན་པོའི་མི་ཚང་འགའ་ཡིས་སྒེར་གྱི་འཁོན་འགྲས་སྤྱི་ཐོག་ཏུ་སླེབས་པའི་རྙོག་དྲ་ཞིག་ཡིན་ཀྱང་ཕལ་མོ་ཆེའི་དེའི་གནད་དོན་ཧ་མ་གོ་ནས་དེང་སང་གཞོན་སྐྱེས་སྐྱ་སེར་མང་པོ་ཞིག་གིས་མཁས་མདོག་དང་འཇོན་མདོག་གིས་རི་བོང་བཅལ་འདྲོགས་ཀྱི་དཔེ་ལྟར་ཐ་ན་སྤྱི་འཐུས་གྲོས་ཚོགས་ནང་ཚུན་ཆད་ལ་རྙོག་དྲ་དེ་སླེབས་ཡོད། ལོ་རབས་དྲུག་བཅུ་དང་བདུན་བཅུའི་བཙན་བྱོལ་བོད་མིའི་ནང་མངའ་བདག་དང་མི་ཚང་དབང་ཆེན་འགའ་ཡི་སྒེར་གྱི་འཁོན་འགྲས་དེ་ཆོལ་ཁའི་ཐོག་ཏུ་སླེབས་ནས་སྐྱབས་བཅོལ་བོད་མིའི་ཁྲོད་དུ་དཀའ་ངལ་དེ་གཏམ་དཔེར། བ་མ་ཤིའི་བར་དུ་གཉང་བའི་རྒྱུན་ད་དུང་ཡང་ཆད་ཐུབ་མེད་པ་དེ་ནི་ཉེ་བའི་ཆར་སྲིད་སྐྱོང་གི་འོས་མིར་ལང་མཁན་ལ་དྭགས་བྱང་ཐང་དུ་ལུག་རྫི་མི་ལོ་བཅུ་དྲུག་དང་དམག་མིར་ལོ་བཅུ་བཞིའི་རིང་བྱས་པའི་བཀྲ་ཤིས་སྟོབས་རྒྱལ་མིང་ཅན་གྱིས་འདི་ལྟར་ཟེར།
ང་སྲིད་སྐྱོང་ལ་ལང་དགོས་དོན་ནི་དབུས་གཙང་མི་འབོར་ཆེན་པོ་དེ་ལ་སྲིད་སྐྱོང་ལ་ལང་མཁན་མི་འདུག་ཟེར། ད་རེས་ང་རྟེན་འབྲེལ་མ་འཆུགས་ཙམ་དབུས་གཙང་ནས་མི་གཅིག་ཡོད་ཟེར་བའི་བརྡ་ལན་ཙམ་ཡིན།
སྲིད་སྐྱོང་ལ་གཞེངས་མཁན་ཁོང་གི་ཚིག་འདི་ལ་དཔྱད་ན་བཙན་བྱོལ་བོད་མིའི་སྒྲིག་འཛུག་རི་བོང་ཁ་ཤྭའི་ཆོལ་ཁའི་འཐེན་ཁྱེར་ལྟས་ངན་གྱི་རྔ་མ་ཐུང་ཐུང་དེ་ད་དུང་ཡང་བཅད་འདོད་གཏན་ནས་མེད་པ་ཞིག་ཏུ་ཟུར་ལྟས་ལེབ་མཐོང་གིས་གོ་ཐུབ། དེ་ལས་ལྡོག་སྟེ་ད་རེས་མདོ་སྟོད་དབུས་ཆུ་སྒང་ནས་གསལ་སྒྲག་ཞིག་ལ་འདི་ལྟར་མཐོང་། 
ད་ལོར་མདོ་སྟོད་དབུས་ས་གང་ནས་ཀྱང་མདོ་སྟོད་པའི་མི་སུ་གང་ལ་ཡང་སྲིད་སྤྱི་གཉིས་ཀྱི་འོས་མིར་ཁྱབ་སྒྲག་བྱེད་ཀྱི་མིན། རྒྱུ་མཚན་གང་ཡིན་ཟེར་ན་མདོ་སྟོད་མི་མང་གི་དམངས་གཙོའི་ཐོབ་ཐང་རྡོག་རོལ་གཏོང་འདོད་མེད། 
ཅེས་པའི་གསར་འགོད་གསལ་སྒྲག་དེ་མཐོང་དུས་ད་རེས་ཨ་རོགས་ཁམས་པ་པདྨ་བདེ་ལེགས་ཀྱིས་རྒྱུ་མཚན་ལྡན་པའི་ཚིག་འདིས་ང་ཡི་གདོང་ལ་སྔ་ན་མེད་པའི་འཛུམ་མདངས་དང་། སེམས་ལ་སྤྲོ་སྣང་དྲོད་མོ་ཞིག་འཁོར་བཅུག་སོང་། བོད་ཀྱི་བདེན་དོན་ལ་རྒྱར་བཟུང་ཞིང་དགྲ་བོ་རྒྱ་དམར་ལ་འཐབ་རྩོད་ཀྱི་ཆེད་དུ་རང་བཙན་དང་དབུ་མ་སོགས་ཐབས་ལམ་དམིགས་ཡུལ་མ་འདྲ་བའི་ཐོག་ནས་སྲིད་སྐྱོང་དང་སྤྱི་འཐུས་སུ་ལངས་ན་མ་འགྲིག་པ་གང་ཡང་མེད། འོན་ཀྱང་གཏམ་དཔེར། རྟེན་འབྲེལ་འཆུགས་ཁར་དྲིལ་བུའི་ཆག་སྐད་ཞེས་པའི་གནའ་དཔེ་ལྟར་མཐོ་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ནས་། དམའ་རྡ་སའི་གསང་ལམ་ཁྲོད་ཀྱི་ལ་ཕུག་གཙོང་མཁན་ཚུན་སྐྱབས་བཅོལ་བ་ཡོངས་ལ་ཁུངས་གཏུགས་ན་བོད་རིགས་གཅིག་ལའང་འདུག་སའི་ས་ཆ་ལག་མཐིལ་ཙམ་དང་། འགྲོ་སའི་ལམ་རྟ་རྔ་ཙམ་ཞིག་བདག་དབང་མེད་པ་ཆབ་སྲིད་པའི་སྐྱབས་བཅོལ་བ་ཞིག་ནས་ཆོལ་ཁའི་རྩོད་རྙོག་འདི་ནི་བུ་མ་སྐྱེས་གོང་ནས་མིང་ལ་རྩོད་པ་རྒྱབ་པ་ལྟར་དེ་ནི་བོད་རིགས་སྐྱབས་བཅོལ་བོད་མིའི་ཞབས་འདྲེན་ལ་དེ་བས་ཆེ་བ་ཞིག་མ་མཐོང་།  

ཐ་མར་ངས་རེ་ཞུས་ཞིག་ལ། ད་རེས་བོད་རིགས་སྐྱབས་བཅོལ་བ་རྣམས་ནས་ཆོལ་ཁ་དང་ལུང་ཚན་གྱི་འཐེན་ཁྱེར་གཞན་གྱི་གཡོ་འོག་ཏུ་མ་ཚུད་པར་རང་ཉིད་དམངས་གཙོའི་ཐོབ་ཐང་གི་ཁེ་དབང་ལོངས་སུ་སྤྱད་ནས་གདམས་རྒྱུ་ཡོད་ན་མ་ནོར་བ་དགོས་ཞེས་པའི་དཔེ་ལྟར་དུ་སྲིད་སྤྱི་གཉིས་ཀྱི་འོས་དེ་རིག་པ་གྲུང་པོའི་ངང་ནས་མ་བླུགས་ན་གཏམ་དཔེར། ཤིག་ལ་ཁོང་ཁྲོ་ཟ་ནས་ར་རྩག་མེ་ལ་རྒྱབ་ཞེས་པའི་དཔེ་ལྟར་ཐ་མའི་གྱོང་རག་ས་ནི་གཞི་བྱེས་གཉིས་སུ་ཡོད་པའི་བོད་ཆོལ་ཁ་གསུམ་ལ་མ་གཏོགས་འགྲོ་ས་མེད། ལར་ནི་ནམ་རྒྱུན་སྐྱབས་བཅོལ་བའི་བོད་རིགས་རྣམས་ཀྱིས་འོས་བླུགས་སྟངས་དང་། ཕྱག་ལས་གནང་སྟངས། འཚོགས་འདུ་འཚོགས་སྟངས་སོགས་ཀྱི་སྐབས་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་མེད་པར་གཟབ་གཟབ་མ་བྱས་ན། ནམ་ཞིག་གཞི་བྱེས་བོད་མི་གཉིས་ཀྱི་བར་དུ་འགྱང་ཐག་ཇེ་རིང་ལ་མི་འགྲོ་བའི་ངེས་པ་གཏན་ནས་མེད། དེང་སང་འཛམ་གླིང་ལག་ཐོག་ཏུ་བཟུང་ནས་མཛུབ་སྐོར་བྱེད་པའི་དུས་རབས་སུ་གྱུར་ནས་གླིང་ཕྲན་གཅིག་ནས་བྱས་ཉེས་དང་གནས་ཚུལ་རྣམས་དེ་མ་ཐག་གླིང་ཕྲན་གཞན་ལ་སླེབས་པ་ལ་ནི་སྐར་ཆ་ཁ་ཤས་ལས་མི་དགོས། གཞིས་ལུས་བོད་མི་རྣམས་ཀྱིས་ཀྱང་རྒྱ་ནག་གཞུང་ནས་དྲྭ་རྒྱ་དང་བརྡ་འཕྲིན་བཀག་སྡོམ་ཆེ་མིན་ལ་མ་ལྟོས་པར་ཉིན་མཚན་ཀུན་ཏུ་ང་ཚོའི་ཕྱོགས་ལ་སེམས་དུང་དུང་། རྣ་བ་དཀྲོག་དཀྲོག མིག་གྱེར་གྱེར་བྱས་ནས་ལོ་མང་རིང་རེ་བ་བཙན་བྱོལ་བོད་པ་རྣམས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅོལ་ནས་བསྡད་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུག་གཙོར་བྱས་པའི་ཆོལ་གསུམ་སྐྱབས་བཅོལ་ལ་གནས་པའི་བོད་རིགས་ཡོངས་ནས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་ལས་བསམ་གཞིག་ནན་པོ་བྱེད་དགོས། གལ་སྲིད་གཞིས་ལུས་སྤུན་ཟླ་རྣམས་ལ་ཕན་མ་ཐོག་ཀྱང་སེམས་ཕམ་དུ་འཇུག་ན་དེ་ལས་ཐབས་སྡུག་པ་ཞིག་མེད། བསམ་བློ་ཞིབ་ཏུ་མ་གཏང་ན་སྲིད་སྐྱོང་གཅིག་གི་ལོ་ཚད་མི་ལོ་ཧྲིལ་པོ་ལྔ་ཐམས་པ་ཡིན། སྲིད་སྐྱོང་རྗེས་མའི་སྐབས་སུ་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུ་གྱ་ལྔར་སླེབས་ཚར་ཡོད། ལོ་རྒན་གྱ་ལྔར་སླེབས་པའི་མི་རྒན་ཞིག་གི་ཚེ་ཚད་དང་། དབང་ཤུགས་སོགས་ཅི་ཡོད་ནི་ཚང་མས་མཐོང་གསལ་ལྟར་ལགས་པས་ད་རེས་མ་ཡོ་མ་འཆུགས་པར་གཞིས་ལུས་བོད་རིགས་སྤུན་ཟླ་ཤི་གསོན་མང་པོའི་ཁ་ཆེམས་དང་རེ་སྒུག་ལ་བསམ་ནས་གསེར་བས་ལྷག་པའི་ད་ལྟའི་དུས་ཚོད་འདི་བོད་རིགས་ཡོངས་ནས་གཅེས་སྤྲས་བྱེད་ནས་འོས་ཤོག་བླུགས་དགོས། 

ཕྱོགས་ཞེན་ཆོལ་ཁས་མྱོས་པའི་དུག་མདའ་མིན།། 
ཆོས་ལུགས་འཁོན་དུ་འཛིན་པའི་འབར་རྫས་མིན།།
བསྟན་སྲིད་དམར་པོའི་རླུང་གིས་ཁྱེར་བའི་དུས།།
མ་བཟོད་བོད་རིགས་ཡོངས་ལ་སྙིང་གཏམ་ཡིན།། 

ལས་མེད་དཀྲུགས་ཤིང་མཁན་གྱི་དྲྭ་འབུ་མིན།། 
རྒྱལ་འཚོང་དངུལ་རྗེས་འབྲངས་བའི་སོ་ཉུལ་མིན།། 
ཆོལ་ཁའི་རེག་དུག་ཕོག་པའི་ནད་པ་འགར།། 
འཆི་སོས་སྨན་མཆོག་རིན་ཆེན་རིལ་བུ་ཡིན།། 

No comments:

Post a Comment