Thursday, October 8, 2015

ཨ་རིའི་མངའ་སྡེ་པོར་ལེན་ཌི་ནང་དུ་བདེ་ཆེན་ཞིང་སྒྲུབ་ཆེན་མོ།།


འདི་ཟླའི་སྤྱི་ཚེས་གཉིས་ནས་ཨ་རིའི་ནུབ་བྱང་པོར་ལེན་ཌིའི་བོད་རིགས་ཚོགས་པ་རྣམས་ཀྱི་གོ་སྒྲིག་ལྟར་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་ཆེད་དུ་ཡོང་། ཞོགས་པ་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་མཉམ་དུ་ཞུ་ཞིང་དགོང་བཅད་དང་དམར་ཟས་སྤངས་བ་སོགས་ལུགས་སྲོལ་ཚུལ་མཐུན་གྱིས་སྒྲུབས་ཀྱི་ཡོད། འདི་ལོའི་ཞིང་སྒྲུབ་ཆེན་མོ་ནི་ཐེངས་མ་བརྒྱད་པ་དེ་ཡིན། ཐེངས་མ་དང་པོ་ཉིས་སྟོང་བརྒྱད་ལོར་འགོ་འཛུགས་བྱས་ཤིང་ད་བར་ལོ་སྟར་ཆག་མེད་དུ་འཚོགས། དེ་སྔ་ཕན་ཆོད་སྔ་དྲོ་ཞིང་སྒྲུབ་འཚོགས་ཤིང་སྒོམ་བྱེད་པ་དང་། ཕྱི་དྲོ་ཆོས་ཁྲིད་གང་རུང་ཞིག་གི་ཐོག་ནས་དཔེ་ཁྲིད་བྱེད་ཀྱི་ཡོད། ད་ལོའི་ཆོས་ཁྲིད་དུ་ཕ་དམ་པ་སངས་རྒྱས་ཀྱིས་མཛད་པའི་ཞལ་གདམས་དིང་རི་བརྒྱ་རྩ་མ་དང་། སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མཛད་པའི་ཕྱག་ཆེན་ལྔ་ལྡན་རྟོགས་པའི་མགུར་དང་། མཉམ་མེད་དྭགས་པོས་མཛད་པའི་ཕྱག་རྒྱ་ཆེན་པོའི་ལམ་ཆིག་ཆོད་ཀྱི་མན་ངག་བཅས་ཀྱི་དཔེ་ཁྲིད་ཞུས། པོར་ལེན་ཌི་བོད་རིགས་འདི་རྣམས་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ཉུང་ཞིང་། བོད་རིགས་ནང་ཕན་ཚུན་མཐུན་ལམ་ཟབ། ཆོས་དང་བླ་མར་གུས་བཀུར་ཆེ་བ་མ་ཟད་ང་ལའང་ར་གན་གསེར་རློན་གྱི་འདུ་ཤེས་ཟབ། ངས་ཀྱང་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་སྐབས་སུ་འཚོགས་པའི་དབུ་མཛད་དང་ཆོས་བཤད་ཀྱི་བླ་མ་སོགས་ཚང་མ་རང་ནས་བྱེད་དགོས་ཐུག་ནས་དཀའ་ངལ་ཆེ་ཡང་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པར་བསམ་ནས་སྡུག་རུས་ཆེ་ཙམ་བྱས། ལར་ནི་ཆོས་བཤད་དང་འཚོགས་པའི་སྐབས་སུ་ཡུལ་ལ་ཕན་ཐོག་ཡོད་མེད་ལ་མ་ལྟོས་པར་སྤྱོད་འཇུག་ལས། རང་གི་ཡིད་ལ་སྒོམ་ཕྱིར་ངས་འདི་བརྩམས།། གསུངས་པ་ལྟར་རང་གི་ཡིད་ལ་སྒོམ་པའམ་ཐོག་མར་རང་རྒྱུད་ལ་བརྟག་དཔྱད་བྱེད་ནས་ཡོང་དུས་མི་སྒོ་ནས་རང་སངས་རྒྱས་ཞེས་པའི་དཔེ་ལྟར་གཏན་གཏན་རང་ལ་ཕན་ཐོག་ཧ་ཅང་ཆེན་པོ་འདུག། སྤྱིར་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ཁ་ཕྱིར་ལྟས་སུ་མ་སོང་བར་རང་སེམས་འདུལ་བའི་གཉེན་པོ་བླ་ན་མེད་པར་ངོ་འཕྲོད་པ་འདི་ཉིད་ཀྱང་ཐུད་སྣུམ་པ་མར་གྱི་སྐུ་དྲིན་གྱི་དཔེ་ལྟར་དྲིན་ཅན་རྩ་བའི་བླ་མ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་ཁོ་ན་ཡིན། 


No comments:

Post a Comment