Sunday, November 15, 2015

མ་ལེ་ཤཱ་རུ་སོང་བའི་ཉིན་མོ།

གནམ་ཐང་ནས་བླངས་པའི་པར། 
ད་ནངས་ཞོགས་པ་སྔ་བོར་ལངས་ནས་ཆོས་ཚོགས་འགན་འཛིན་ཧ་སྒྲེའུ་དང་ལྷན་གནམ་ཐང་ལ་སོང་། རླང་འཁོར་ནང་ནས་དེ་རིང་ཁ་འདོན་ཕལ་ཆེར་གྲུབ་པར་བྱས། དེ་རིང་ནི་གནས་སྐབས་བདུན་གསུམ་རིང་ཡུན་རིང་མ་འཕྲད་པའི་མ་ལེ་ཤཱ་དང་སེངྒ་པུར་སོགས་ལ་ཡོད་པའི་ཆོས་གྲོགས་ཕོ་མོ་རྣམས་ལ་ཐུག་འཕྲད་ལ་འགྲོ་རྒྱུ་དེ་ཡིན། སྤྱིར་གཏང་ནི་གཞན་དབང་སྟབས་སྟུན་གཡར་པོའི་རྒྱལ་ཁབ་གང་དུ་བསྡད་ཀྱང་ཕྱི་སྐྱོད་ལག་ཁྱེར་དང་། རྒྱལ་ཁབ་རྩ་ཁྲིམས་སོགས་ཀྱིས་རང་གང་འདོད་དུ་འགྲོ་མི་ཆོག་པ་ནི་ཆོས་ཉིད་ཞིག་རེད། ལྷག་པར་ཨ་རིའི་རྒྱལ་ཁབ་འདི་ནི་ཁྲིམས་ཀྱི་དབང་བསྒྱུར་གྱི་རྒྱལ་ཁབ་ཞིག་ཡིན་སྟབས་སྐབས་རེེར་ང་ལྟ་བུ་རང་སྣང་གང་དྲན་ངན་པ་ལངས་ཤོར་དུ་སོང་བའི་འཁྱར་བོ་རྣམས་ལ་མི་རྒོད་འདུལ་སའི་ཁྲིམས་རའི་དཔེ་ལྟར་མི་ཚེའི་འཚོ་བ་གསར་པ་ཞིག་ཀྱང་སྣང་གི་འདུག
ང་ནི་གང་དུ་སོང་གང་དུ་བསྡད་ཀྱང་བརྗེད་ངས་ཆེ་བའི་མི་ཞིག་ཡིན་སྟབས་ཆེ་ས་ནས་སྒོར་ཁུག་དང་འཛོ་ལ། ཆུང་ས་ནས་མགོ་ཞྭ་རྐང་ལྷམ་ཚུན་ཆད་བོར་རླག་ཤོར་བ་ནི་ཉུང་ཉུང་ཞིག་གཏན་ནས་མིན། ལོ་གཉིས་ཡར་སྔོན་ད་ལྟའི་ནང་བཞིན་མ་ལེ་ཤཱ་རུ་འགྲུལ་བཞུད་སྐབས་སུ་ཉི་ཧོང་གནམ་ཐང་ནས་ཨ་སྒོར་སུམ་བརྒྱ་ལྷག་ཡོད་པའི་སྒོར་ཁུག་ཞིག་དང་། མཉམ་དུ་དངུལ་ཁང་འཛིན་བྱང་། ཨ་རིའི་མི་མང་ཐོབ་ཐང་དཔང་ཡིག་དང་མ་ཟད་ལག་འཛིན་ཁ་པར་བཅས་ཡོད་ཚད་བོར་རླག་བྱུང་། 

ད་རེས་དེ་འདྲ་མི་འབྱུང་བའི་སྨོན་ལམ་དང་བན་རྒན་ངས་ཀྱང་རིག་པ་གྲུང་ཙམ་བྱེད་ནས་འགྲོ་རྒྱུ་ཡིན། 

Sunday, November 1, 2015

བླ་མ་དབང་འདུས་ཆོས་ཚོགས་སུ་ཕེབས་པའི་ཉིན་མོ།

Add caption
ཉམས་ལེན་བྱིན་རླབས་དང་ལྡན་པའི་བླ་མ་དབང་འདུས་རིན་པོ་ཆེ་སྔ་ནས་གདན་འདྲེན་ཞུས་པ་ལྟར་སྤྱི་ཟླ་བཅུ་པའི་སྤྱི་ཚེས་ཉེར་དགུ་ཉིན་དགུང་མོ་ཆུ་ཚོད་གསུམ་པའི་སྐབས་སུ་ཁོང་གི་ཚ་མོ་བདེ་ཆེན་དང་། ང་ཡི་ཆོས་གྲོགས་གཉའ་ནང་བ་ཤེས་རབ་སྐལ་ལྡན་བཅས་དཔོན་སློབ་གསུམ་ཆོས་ཚོགས་སུ་ཕེབས། བླ་མ་འདི་དང་ངོས་ཀྱི་སྐྱེ་ཡུལ་སོགས་གང་སྤྱིར་ཐ་དད་ཡིན་ཀྱང་ཨ་རིའི་པོར་ལེན་ཌི་ལ་ཡོད་པའི་ངོས་ཀྱི་ཆོས་གྲོགས་བོད་པ་འགའ་ཡི་བརྒྱུད་ནས་བླ་མ་འདི་ཡི་ལོ་རྒྱུས་གོ་རྒྱུ་མང་དྲགས་པས་མཇལ་འདོད་ཆེ་བ་དང་མ་ཟད་ཉམས་ལེན་གྱི་ཐོག་ནས་ཆོས་གཏམ་འགའ་བྱེད་བསམ་ནས་སྐོམ་པ་ཆུ་འདོད་ལྟར་དུ་གྱུར་ཀྱང་། ཕྱི་ནང་གི་ཆ་རྐྱེན་སོགས་མ་འགྲིག་པའི་དབང་གིས་ད་བར་རིམ་ལུས་སུ་གྱུར་ནས་དེ་རིང་གཞི་ནས་གདན་འདྲེན་ཐུབ་ཙམ་བྱུང་། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཆོས་ཀྱི་དྲི་བ་དྲིས་ལན་དེ་ཕར་ཞོག་ཕལ་སྐད་ལའང་བླ་མ་འདིའི་སྟོད་སྐད་གྱོང་པོ་དེ་གོ་བ་ལ་ཧ་ཅང་དཀའ་ལས་ཁག་པོ་འདུག 
གང་ལྟར་ཉིན་དང་པོར་གཏོར་མ་བཅས་ཤིང་ཉིན་གཉིས་པར་ཛམ་དཀར་ཡིད་བཞིན་ནོར་བུའི་སྒོ་ནས་གཡང་སྒྲུབ་གནང་། ཉིན་གསུམ་པར་བཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་སྒོ་ནས་ས་འདུལ་དང་བྱིན་འབེབས་སོགས་གནང་། ཉིན་གསུམ་པར་ཡང་སྐྱར་ནད་པ་འགའ་ཡི་ཆེད་དུ་བཅོད་དང་མི་མང་ལ་བཀའ་བསྒོ་དང་བྱིན་རླབས་སོགས་བྱས། དེ་རིང་ཉིན་རྒྱབ་བླ་མ་རིན་པོ་ཆེ་ཆུ་ཚོད་གསུམ་ཙམ་གྱི་སར་ཡོད་པའི་བལ་ཡུལ་ཤར་པ་མི་ཚང་ཞིག་ནང་དུ་ཕེབས་སོང་། 
སྤྱིར་རྟེན་འབྲེལ་མ་འགྲིག་རང་འགྲིག་ཞེས་པའི་དཔེ་ལྟར་ཁ་སང་བཅོད་གཏང་བའི་ཉིན་མོ་ཨ་རིའི་འདྲེ་ཡི་དུས་ཆེན་ལ་ཁེལ་འདུག་སྟབས་སེམས་ལ་སྤྲོ་སྣང་གསར་པ་ཞིག་སྤྲད་བྱུང་། ང་ནི་ནམ་རྒྱུན་བོད་ཀྱི་བླ་རྒན་མིང་དང་སྐད་གྲགས་མེད་པར་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བློ་ཕུག་ཆོས་ལ་གཏད་ནས་རྟོགས་པའི་བསྟན་པའི་བདག་པོ་འདི་རྣམས་ལ་ཧ་ཅང་ནས་དགའ་དད་ཆེ། དེ་རིང་གི་བླ་རྒན་འདི་ལ་ལྟོས་ན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་གསེས་ཞི་བྱེད་ཀྱི་བསྟན་པའི་བདག་པོ་ངོ་མ་ཞིག་རེད་འདུག རྡ་ས་གཙོར་བྱས་པའི་ཐ་ན་གཞིས་གྲོང་རྒན་མོའི་ངག་རྒྱུན་ཚུན་ཆད་ལ་བོད་ཀྱི་སྤྱི་ཚོགས་ནང་དུ་རིག་གཞུང་སྲུང་སྐྱོབ་ཞེས་མཐོ་དམན་ཀུན་གྱི་ཁ་ནང་དུ་འཇག་བསྡད་ཡོད། སྲུང་སྐྱོབ་བྱེད་ཟེར་དུས་མང་པོ་ཞིག་ནས་ལུང་པ་སོ་སོའི་ཕོ་ཆས་མོ་ཆས་གྱོན་ནས་གཞས་དང་ཞབས་བྲོ་འཁྲབ་ཤེས་པ་ཙམ་དང་། ཐ་ན་ཕྱི་སྡོད་ལུང་པར་གནས་མཁན་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱིས་བོད་པའི་ཕྲུ་གུ་རྣམས་ལ་གཟའ་ཉི་མར་བོད་སྐད་བོད་ཡིག་ཐར་ཐོར་བསླབ་པ་ཙམ་ལ་དོན་ངོ་མའི་རིག་གཞུང་སྲུང་སྐྱོབ་ཡིད་སྙམ་བྱེད་ཀྱང་། དོན་ངོ་མའི་རིག་གཞུང་སྲུང་སྐྱོབ་ཞིག་དགོས་ན་དེ་རིང་འདིར་དགུང་གྲངས་བརྒྱད་བཅུར་ཕེབས་པའི་བླ་རྒན་འདི་ལྟ་བུའི་རྒྱུད་ལ་ཡོད་པའི་ཞི་བྱེད་བཅོད་ཀྱི་བསྟན་པ་འདི་དང་འདྲ་བ་བོད་ཀྱི་ཕ་ཆོས་ཐུན་མོང་མ་ཡིན་པ་བཤད་རྒྱུན་འདེགས་པའི་བཀའ་ཆེན་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལུང་རྟོགས་ཀྱི་འཆད་ཉན་རྣམས་ལ་ཁའི་ཉི་མ་ལྟར་གྱུར་པའི་སྐབས་སུ་དོན་གཉེར་ཅན་རྣམས་ནས་དབང་ཁྲིད་ལུང་གསུམ་མ་ཉམས་པར་ཞུ་ཞིང་བདག་པོ་རྒྱབ་ནས་འཛིན་སྐྱོང་བྱེད་ཐུབ་ན་རིག་གཞུང་ངོ་མའི་སྲུང་སྐྱོབ་དེ་རེད་བསམ།