Friday, January 29, 2016

ཉིས་སྟོང་བཅུ་དྲུག་ལོ་གསར་མཚམས་ལ་བསྡད་པ།

འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་ཀྱིས་སྔ་མོ་ནས་གྲ་སྒྲིག་བྱས་པ་ལྟར་འདི་ལོའི་ལོ་གསར་ལ་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་ནས་ཆེད་དུ་ཕེབས་པའི་ང་ཡི་གྲོགས་པོ་དགེ་བཤེས་ལྷ་རམས་པ་བློ་བཟང་དཀོན་མཆོག་དང་ལྷན་ངོས་ཀྱི་དགེ་ཕྲུག་བླ་སློབ་སྡོམ་མི་གྲངས་སུམ་བཅུ་སོ་བཞི་ཙམ་ཉིན་གསུམ་རིང་ཐག་ཉེར་ཡོད་པའི་ཡེ་ཤུའི་ཨ་ནེའི་དགོན་པ་ཞིག་ནང་དུ་མཚམས་ལ་བསྡད། འདི་ལོའི་མཚམས་ནི་ས་གནས་འདིར་སློབ་མ་རྣམས་དང་ལྷན་ལོ་གསུམ་པ་དེ་ཡིན་། 

སྔ་ལོར་ལྟོས་ན་མི་ཁ་ཤས་ཞིག་མང་འདུག འདི་ལོའི་ངས་བཤད་བྱའི་ཆོས་ཁྲིད་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་མཐར་ཐུག་དོན་གྱི་གདམས་པ་གནད་ཀྱི་མེ་ལོང་དང་མཁན་པོ་གང་ཤར་ནས་མཛད་པའི་རྫོགས་ཆེན་ལྟ་བ་འཁྲུལ་མེད་དུ་ངོ་སྤྲོད་པའི་མགུར་མ་ཉེ་བའི་ཆར་ཁོ་བོས་བྲིས་པའི་དབེན་གནས་ལ་བསྐུལ་མ་ཐར་པའི་ལམ་སྟོན་ཞེས་པ་བཅས་ཡིན། དགེ་བཤེས་བློ་བཟང་དཀོན་མཆོག་ལགས་ནས་ཀྱང་བདེན་བཞིའི་འགྲེལ་བཤད་བཅས་གནང་སོང་། ཉིན་ཐ་མར་བྱང་ཆུབ་སེམས་ཀྱི་སྡོམ་པ་མཉམ་ལེན་དང་བྱང་སེམས་ཀྱི་ཕན་ཡོན་སྐོར་འགྲེལ་བཤད་ཀྱིས་འདི་ལོའི་ལོ་གསར་ཆོས་མཚམས་དེ་ཉིད་རེ་ཞིག་གེགས་མེད་མཐར་ཕྱིན་དུ་གྱུར། ཉིན་ཐ་མར་འཇམ་དབྱངས་ཆོས་འཁོར་གླིང་གི་རྒྱུན་ལས་རྣམས་འོས་ཤོག་བླུགས་ནས་ད་ལོའི་རྒྱུན་ལས་ལ་མི་བདུན་འདེམས་ཐོན་བྱུང་། རྒྱུན་ལས་རྣམས་ཀྱི་ལོ་ཚད་ལོ་གཉིས་རེར་གཏན་འབེབས་བྱས། ནམ་རྒྱུན་ངོས་ཀྱི་དགེ་ཕྲུག་ཕལ་མོ་ཆེ་ནི་ལུང་པ་འདིའི་ནང་གི་མི་རིགས་མགོ་སེར་ལས་ཨེ་ཤ་ཡའི་མགོ་ནག་མི་རིགས་ནི་ཧ་ཅང་ཉུང་། ཆེས་ཡ་མཚན་པ་ཞིག་ལ་ལོ་གཅིག་གི་གོང་ནས་ཁ་ཆེའི་ལུང་པ་ཨེ་རང་ནས་ཡིན་པའི་བུ་མོ་ཞིག་ངོས་ཀྱི་ཆོས་ཚོགས་ལ་འཆར་ཅན་ལྟར་ཡོང་ནས་ཆོས་ཞུ་བ་དང་སྒོམ་བྱེད་པ་སོགས་ནང་ཆོས་དད་པ་བྱེད་པ་མ་ཟད་ཟླ་ཤས་གོང་ནས་སྐྱབས་སྡོམ་ཞུས་ནས་ནང་པར་ཞུགས་སོང་། མོ་རང་ངོས་ཀྱི་དགེ་ཕྲུག་རྣམས་ལས་ལོ་ན་ཆུང་ཤོས་ཡིན་ཀྱང་བླ་མ་ལ་གུས་ཞབས་དང་ཕྱག་མཆོད་བྱེད་སྟངས་སོགས་ནི་ཨ་རིའི་མི་རྣམས་ལྷག་པ་ཞིག་ཡོད། ད་རེས་ཀྱི་མཚམས་ལའང་བུ་མོ་དེ་སླེབས་འདུག་སྟབས་མཚམས་གྲོལ་ཐོག་ང་རྩར་ཡོང་ནས་མིག་ནས་མཆི་མ་གཏོང་བཞིན་ང་ཡི་ཚེ་སྟོད་ལ་དེ་རིང་ཁ་རྩང་གི་མཚམས་དེ་ལས་སྐྱིད་ས་ཞིག་བྱུང་མ་མྱོང་ཐུགས་རྗེ་ཆེ་ཞེས་ཡང་ནས་ཟེར་གྱི་འདུག