Tuesday, March 1, 2016

ཉིན་ཐོ་ཟླ་ཐོར་གྱུར་པའི་གཏམ།

དགེ་བཤེས་ལགས་དང་ལྷན་དུ། 
ཟླ་བ་འདིའི་རིང་ངོས་ཀྱི་ཆོས་ཚོགས་ནང་གི་ཆོས་ཀྱི་བྱེད་སྒོ་ཁག་དང་། ཕྱི་ལོགས་ཀྱི་སྐུ་མགྲོན་བཅས་ལས་འཆར་དུ་མ་སྟབས་གཅིག་ཏུ་ཁེལ་ནས་དུས་ཚོད་མ་ཁོམས་པའི་དབང་གིས་ངོས་ཀྱི་ཉིན་ཐོ་དེ་ཉིད་ཀྱང་ཕལ་ཆེར་ཟླ་ཐོར་གྱུར་སོང་།
རྒྱ་གར་དང་། ཡོ་རོབ། ཨ་རི་སོགས་ངོས་ཀྱི་དྲྭ་གྲོགས་འགའ་ཡིས་ངོ་དེབ་དང་དྲྭ་ཕྲིན་བརྒྱུད་ནས་ཉིན་ཐོ་ཆད་མི་ཉན་པའི་བསྐུལ་བརྡ་ལ་བསྟེན་ནས་དེ་རིང་བརྩེ་ལྡན་གྱི་དྲྭ་གྲོགས་རྣམ་པ་ལ་ཡུན་རིང་ངོས་ཀྱི་ཉིན་ཐོ་གཏང་ཁོམས་མ་བྱུང་བ་ལ་དགོངས་སེལ་དང་སྦྲག་ཟླ་འདིའི་རིང་གུས་པའི་ཆོས་དང་འཇིག་རྟེན་གྱི་བྱེད་སྒོ་རྣམ་བཞག་མདོར་བསྡུས་ཞིག་ཉིན་ཐོར་གཏང་གི་ཡིན། 
བླ་མ་གཅིག་གི་སློབ་མའི་དམ་ཚིག་གི་མདུད་པ་མ་ཞིག་པའི་ཉེ་བའི་ཆོས་གྲོགས་དགེ་བཤེས་ལྷ་རམས་པ་བློ་བཟང་དཀོན་མཆོག་ལགས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་མོ་བློ་གསལ་གླིང་ནས་གུས་པའི་ཆོས་ཚོགས་སུ་ཕེབས་ནས་དེ་རིང་ཟླ་བ་གཅིག་ཙམ་ཡིན། ཁོང་གི་ཕ་ཡུལ་ཁམས་སྟེང་ཆེན་ནས་ཡིན་ཅིང་། ༡༩༨༢་ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ནས་ད་བར་གཞུང་ཆེན་རབས་འབྱམས་ལ་སློབ་གཉེར་དང་གཞན་ལ་དཔེ་ཁྲིད་སོགས་གནང་ནས་གདན་སར་ཆེན་མོ་འབྲས་སྤུངས་སུ་གཏན་བཞུགས་གནང་། ཁོང་གི་མཚན་ལ་གདན་སའི་གྲྭ་རྒོད་རྣམས་ཀྱི་བཏགས་མིང་དུ་ལྷོ་བ་ནག་རིལ་དང་། ཆོས་མིང་དུ་དགེ་བཤེས་བློ་བཟང་དཀོན་མཆོག་ཞེས་འབོད། ང་ཡི་ཆོས་ཚོགས་སུ་རྟེན་འབྲེལ་བཅུ་གཉིས་དང་། བདེན་བཞི་སོགས་ཆོས་ཐེངས་འགའ་གནང་། མི་ཚེ་གཞུང་ཆེན་ལ་ཐོས་བསམ་སྒོམ་གསུམ་གྱིས་བསྐྱལ་བའི་དགེ་བཤེས་ལྷ་རམས་པ་ཞིག་གིས་ང་ཡི་ཆོས་ཚོགས་འདིར་གསུངས་ཆོས་ཐེངས་མ་དང་པོ་ཡིན་པས་ཆོས་ཚོགས་ཀྱི་བླ་སློབ་རྣམས་ཧ་ཅང་བསྐལ་པ་བཟང་པོ་བྱུང་། ང་ནི་ཁོང་གི་ཉམས་ཆུང་གི་སྤྱོད་ལམ་དང་མི་གཤིས་སོགས་ལ་གཤིབས་བསྡུར་བྱས་པས་ཧ་ཅང་དགའ། སྤྱིར་གཏང་གདན་སའི་གྲྭ་རྒོད་རྣམས་ལ་གོམས་གཤིས་ངན་པ་ཞིག་ཡོད་པ་ནི། ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་མེད་པ་ཞེས་པའི་ཚིག་སྡུམ་འདི་གཉིས་གོ་ལྡོག་ཏུ་སོང་ནས་ཤེས་རྒྱུད་རྩུབ་ཧྲག་གེ་སྐད་ཆའི་མགོ་མཇུག་རྣམས་སུ་ཇོ་བོ་རིན་པོ་ཆེ་དང་། དཀོན་མཆོག་གསུམ་སོགས་ཆགས་མེད་བདེ་སྨོན་ལས། དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས།། དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ།། ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས།། ཞེས་གསུངས་པ་ལྟར་ཁ་བརྡ་ཇ་ཚེའི་སྐབས་ཙམ་ལའང་གནའ་ཡི་ཚིག་མཁར་བརྩིགས་ཤིང་རང་ཕན་ཆད་གང་ཡང་ཁས་མི་ལེན་མཁན་རྟོག་གེ་མགོ་འཁྲེགས་རྣམས་ལ་ཇ་ཚེའི་གྲོགས་པོའི་དཔེ་ལྟར་གནས་སྐབས་ངོ་དཀར་དཀྱུས་འཛུམ་བསྟེན་སའི་གྲོགས་པོ་ཙམ་ལས་བློ་གཏད་ཡིད་ཆེས་བྱེད་ཐུབ་པ་ཧ་ཅང་དཀའ་ཡང་། དགེ་བཤེས་ཁོང་ནི་དགེ་བཤེས་གཏང་ཚར་མ་ཐག་ཉེས་ཆེན་བཙོན་ནས་ཐར་པ་བཞིན་དུ་རྩྭ་བཟང་ས་དང་ཆུ་ཞིམ་སའི་དཔེ་ལྟར་ཕྱི་རྒྱལ་ག་གེ་མོ་ཞིག་ཏུ་ང་ནང་བཞིན་ཁེར་འགྲོས་རིང་ལུགས་སུ་མ་སོང་བར་༧གོང་ས་མཆོག་གི་ཐུགས་རེ་བཞིན་ཡུན་རིང་གྲྭ་སར་བཞུགས་ནས་དཔེ་ཁྲིད་གནང་མཁན་ཡག་ཤོས་ཞིག་ཡིན་པ་དང་། ལོ་འགའ་ཡི་ཡར་སྔོན་ནས་བཞུགས་སྒར་དུ་༧གོང་ས་མཆོག་གི་ཆོས་ཁྲིད་ཀྱང་མཉམ་ཞུ་བྱས་པའི་ཉེ་བའི་རྡོ་རྗེ་མཆེད་པོ་ཞིག་ཀྱང་ཡིན་པས་རྒྱུ་མཚན་འགའ་ལ་བསྟེན་ནས་ཁོང་ནི་ངོས་ཀྱི་དགེ་ལུགས་པའི་དགེ་བཤེས་ཁྲོད་ནས་ཆོས་གྲོགས་ཐག་ཉེ་ཤོས་ཞིག་ཏུ་གྱུར། ཁོང་གུས་པའི་ཆོས་ཚོགས་ནང་དུ་ཟླ་གཅིག་ལྷག་ཙམ་བཞུགས་སོང་། 
ངེད་བླ་སློབ་རྣམས་ནས་ཀྱང་སོ་སོའི་འཇོན་ཚོད་ཞབས་ཞུ་གང་དྲགས་བྱས་པས་ཁོང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་། ངོས་ཀྱི་ཆོས་ཚོགས་ཀྱི་བྱེད་སྒོ་ཁག་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དང་། གཟའ་སྤེན་པའི་ཞི་གནས་ཀྱི་སྒོམ། གཟའ་ལྷག་པའི་དྭགས་པོའི་ཐར་རྒྱན་གྱི་ཆོས་ཁྲིད་སོགས་ལ་དགེ་བཤེས་ལགས་ནས་བསྔགས་བརྗོད་ཚད་མེད་གནང་སོང་། ད་ནུབ་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་དགེ་བཤེས་ལགས་ནས་ས་གནས་འདི་སྐྱིད་རབ་དང་། ཆོས་ཚོགས་ཀྱི་བླ་སློབ་རྣམས་བཟང་རབ། མ་འོང་འབྱུང་འགྱུར་ཡང་ཆོས་འདི་གལ་ཆེན་ཡིན་པས་ཚང་མས་ཉམས་ལེན་ཡག་པོ་དགོས་རབ་དང་མ་ཟད་ཡོང་ལ་ཉེ་བའི་སུམ་བཅུའི་དུས་དྲན་དང་འབྲེལ་བོད་ཀྱི་དཀའ་ངལ་སོགས་མང་དག་ཞིག་གསུངས་ནས་ད་རེས་བླ་མ་མེད་ས་ནས་ཕྱག་མཛོད་ཀྱིས་ཧོར་འདུག་ཞེས་པའི་དཔེ་ལྟར་དེ་རིང་སྐད་བསྒྱུར་མེད་སྟབས་ངས་མཚར་གཏམ་དང་སྦྲག་སྐད་བསྒྱུར་བྱེད་ཁུལ་བྱས་པས་མི་མང་དགའ་བོ་བྱུང་སོང་། མཐར་དགེ་བཤེས་ལགས་ལ་ཕེབས་བསྐྱེལ་གྱི་ཚུལ་དུ་ཚང་མས་ཁ་བཏགས་དང་ཞལ་འདེབས་བླ་སློབ་རྣམས་པར་མཉམ་ལེན་སོགས་བྱས་ནས་མི་མང་རྣམས་རང་གནས་སུ་དེངས། ད་ནང་ནམ་ཕྱེད་མཚན་མོ་ཆུ་ཚོད་གསུམ་པའི་སྐབས་སུ་ཚོགས་གཙོ་ཟུར་པ་ཧར་གྲེའི་ངེད་གཉིས་ནས་དགེ་བཤེས་ལགས་san jose གནམ་ཐང་དུ་ཕེབས་སྐྱེལ་ཞུས་ནས་ད་ལྟ་རང་ཆོས་ཚོགས་སུ་འབྱོར། 


No comments:

Post a Comment