Monday, December 5, 2016

རྨི་ལམ་ནང་དུ་རྩ་བའི་བླ་མ་མཇལ་བ། I met my root guru in a dream.

༢༠༡༦-༡༢-༡ ད་ནངས་ཞོགས་པ་ཆུ་ཚོད་བཞི་ཙམ་གྱི་སྐབས་སུ་སངས་རྒྱས་མི་གཟུགས་སུ་དངོས་སུ་བྱོན་པའི་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་རྨི་ལམ་ནང་དུ་མཇལ་བ་དེ་རེད། བོད་ཀྱི་ས་ཆ་ཁམས་སྡེ་དགེ་འདྲ་བོ་ས་ཆ་ཧ་ཅང་སྐྱིད་པོ་དགོན་ཆུང་ཞིག་ནང་ང་དང་རང་ལོ་ཆུང་བའི་སྐབས་སུ་སློབ་སྦྱོང་མཉམ་དུ་བྱེད་མྱོང་བའི་རྡོ་རྗེའི་མཆེད་གྲོགས་འགའ་དང་མཉམ་དུ་ཆོས་ཕྱོགས་ཀྱི་ལས་ཀར་མཉམ་དུ་བྱེད་བཞིན་འདུག དགོན་ཆུང་དེ་སུས་དགོན་པ་ཡིན་མིན་དང་ཆོས་ལུགས་གང་ཡིན་ཧ་གོ་མ་སོང་། གློ་བུར་མི་ཚང་མས་དེ་རིང་འདིར་ཧ་ཅང་རྩ་ཆེའི་བླ་མ་ཞིག་ཕེབས་ཀྱི་རེད། གྲ་སྒྲིག་བྱེད་དགོས་ཟེར་ནས་མི་ཚང་མ་འུར་ཟིང་འདྲ་བྱེད་ཀྱི་འདུག། ང་ཡི་ཟུར་དུ་ཡོད་པའི་གྲྭ་ཆུང་དེར་བླ་མ་སུ་ཕེབས་ཀྱི་ཡོད་རེད་ཅེས་དྲིས་དུས་ཁོང་ནས་བླ་མ་སངས་རྒྱས་ཕེབས་ཀྱི་རེད་ཟེར། བླ་མ་སངས་རྒྱས་སུ་ཡིན་ན་བསམ་པ་ལས་ང་ཡི་བླ་མ་ཡིན་པ་ཡིད་ཡུལ་ལ་མེད། གང་ལྟར་ང་ཚོ་ཚང་མས་བླ་མ་ཕེབས་བསུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། ཟུར་ཞིག་ནས་འཁོར་སློབ་འགའ་ཤས་ཡོད་པའི་བླ་གྲྭ་འགའ་ཚུར་ཚུར་ཕེབས་ཡོང་གི་འདུག ང་ཚོའི་ལག་ཁ་གཏགས་ཀྱིས་ཕེབས་སྒུག་ཞུས། བླ་མ་ཐག་ཇེ་ཉེར་སོང་བའི་སྐབས་སུ་ང་ཡི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་རེད་འདུག ང་ནི་ཧ་ཅང་དགའ་དྲགས་ནས་གློ་བུར་བླ་མའི་དྲུང་དུ་བཅར་བས་དངོས་གནས་ང་ཡི་བླ་མ་རེད་འདུག སེམས་ལ་བཤད་མི་ཤེས་པའི་དགའ་སྤྲོ་ཞིག་སྐྱེས་སོང་། ངས་དེར་ཡོད་དགེ་འདུན་པ་རྣམས་ལ་འདི་ང་ཡི་རྩ་བ་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་རེད། ཁྱེད་རང་ཚོའི་དགོན་ཆུང་དེ་ཧ་ཅང་བསོད་ནམས་ཆེན་པོ་རེད། ཁོང་ནི་སངས་རྒྱས་དངོས་སུ་མི་གཟུགས་སུ་ཕེབས་མཁན་ཞིག་རེད་ཅེས་སྐད་ཤུགས་ཆེན་པོས་བཤད་པ་ཡིན། བླ་མ་ཁོང་ནི་ནམ་རྒྱུན་སྐུ་ཤ་ཧ་ཅང་སྐམ་ཅིང་། སྐུ་གཟུགས་ཆུང་བས་ནམ་རྒྱུན་ཞབས་ཕྱིའི་སྐབས་སུ་སྐས་འཛེག་དང་། འགྲུལ་བཞུད་མི་བདེ་བའི་ས་ཆའི་སྐབས་སུ་མ་ཡིས་བུ་པང་དུ་ཁུར་བ་ནང་བཞིན་མང་པོ་ཁུར་མྱོང་ཡོད། དེ་རིང་ཡང་མི་ཚོགས་མང་པོའི་དཀྱིལ་ནས་ངས་རིན་པོ་ཆེ་པང་དུ་བླངས་ནས་ཁུར་སོང་བས་མི་མང་པོ་ཞིག་ནས་ཡ་མཚན་ཆེན་པོའི་བལྟ་བཞིན་འདུག ངས་བླ་མ་འདུ་ཁང་ནང་དུ་ཁུར་སོང་བས་མི་ཚོགས་རྣམས་ངེད་དཔོན་སློབ་གཉིས་ཀྱི་རྗེས་སུ་ཡོང་གི་འདུག ཁྲི་ཆེན་པོ་ཞིག་གི་སྟེང་དུ་བཞུགས་ནས་མི་མང་ལ་གསུངས་ཆོས་གནང་སོང་། གསུངས་ཆོས་གང་ཡིན་པ་མ་གསལ། གསུངས་ཆོས་གྲུབ་མ་ཐག་འདི་ལྟར་གསུངས་སོང་། ད་རེས་ཁྱེད་རང་ནས་ང་ཐོག་ཁར་ཁུར་ཐེངས་གཅིག་གིས་ཁུར་དགོས་གསུངས། ངས་ཡང་སྐྱར་བླ་མ་པང་དུ་ཁུར་ནས་འདུ་ཁང་གི་ཐོག་ཁར་སོང་། ལྷ་ཁང་དེར་སྐད་འཛེག་ཧ་ཅང་མང་པོ་འདུག་སྟབས་ སྐས་འཛེག་རེ་རེ་བཞིན་ཁུར་ནས་ཡོང་དུས་ང་དཀའ་ལས་ཁ་ནས་ངལ་གསོ་གྲབ་བྱས་པས་བླ་མས་སྙིང་ཤུགས་བསྐྱེད་ནས་ཁུར་ངལ་མ་གསོ་གསུངས་སོང་། ངས་ཀྱང་སྙིང་ཤུགས་བསྐྱེད་ནས་ཁུར་བས་མཐའ་མར་སྐས་འཛེག་ཀྱི་ཐོག་ཁར་སླེབས་སོང་། བླ་མ་ཐང་ལ་བཞག་པ་དང་མཉམ་དུ་གཉིད་ལས་སད་སོང་། གཉིད་སད་མ་ཐག་སེམས་ལ་ཧ་ཅང་བདེ་བ་ཆེན་པོ་དང་མ་ཟད་བཀའ་དྲིན་འཁོར་མཐའ་དང་བྲལ་བའི་བླ་མ་དེ་དྲན་ནས་མིག་ནས་མཆི་མ་རང་དབང་མེད་པར་ཤོར་སོང་། ཆུ་ཚོད་ལྔ་པའི་སྐབས་སུ་འཆར་ཅན་ལྟར་བླ་སྒྲུབ་དང་ཉམས་ལེན་ལ་བརྩོན་ཁུལ་བྱས། དེ་རིང་ཉིན་ཧྲིལ་པོར་བླ་མ་དྲན་དྲགས་ནས་མིག་ནས་མཆི་མ་མང་པོ་ཤོར། ད་ནུབ་ཀྱི་རྨི་ལམ་དེར་གཞིག་ན་ཞིང་དུ་ཕེབས་ནས་ལོ་བཅོ་ལྔ་ཙམ་ཕྱིན་ཟིན་པའི་བཀའ་དྲིན་ཅན་གྱི་བླ་མ་དེས་ད་དུང་ཉམ་ཆུང་སློབ་བུ་ང་ལ་ཐུགས་རྗེས་ལྕགས་ཀྱུས་དོར་མེད་པ་འདྲ། ངས་ཀྱང་ལམ་ཟབ་མོ་བླ་སྒྲུབས་ཉམས་ལེན་ལ་བརྩོན་འགྲུས་ཡག་པོ་ཞིག་བྱས་ན། ད་གཟོད་ས་ལམ་གྱི་རྟོགས་པ་རྣམས་སྐས་ཐེམ་སྒྲོད་པ་ལྟར་རིང་པོར་མི་ཐོགས་པར་དཔལ་ལྡན་བླ་མ་གང་དུ་སངས་རྒྱས་སའི་གནས་དེར་བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བའི་རྟེན་འབྲེལ་དུ་གོ། 

བཀའ་དྲིན་འཁོར་མཐའ་དང་བྲལ་བའི། 
བསླུ་མེད་སྐྱབས་གནས་ཀྱི་མཆོག་གྱུར། 
དྲིན་ཅན་བུདྡྷ་ཡི་མཚན་ཅན། 
རྨི་ལམ་ནང་དུ་ཡང་མཇལ་བྱུང་། 

ཐར་མེད་འཁོར་བ་ཡི་བཙོན་དོང་། 
ལས་ཉོན་མི་བཟད་པའི་སྡུག་བསྔལ། 
གཏན་གྱི་ཐར་པ་ཞིག་བསམ་ན། 
བླ་མའི་གདམས་ངག་ལྷག་མི་འདུག 

ཕ་གཅིག་མི་མངོན་དུ་གཤེགས་ཤིང་། 
བུ་ཉིད་དྭ་ཕྲུག་ཏུ་གྱུར་དུས། 
རེ་ས་ཁྱེད་ལས་རང་མེད་པས། 
ཐུགས་རྗེའི་ལྕགས་ཀྱུ་ཡིས་མ་འདོར། 

འོན་ཀྱང་ཕ་གཅིག་གི་བླ་མས། 
རིག་སྟོང་ཆོས་སྐུ་ཡི་ངོ་བོར། 
རང་རིག་བླ་མ་རུ་སྤྲད་པས། 
བླ་མ་མེད་སྙམ་རུ་མི་སེམས། 

ད་ལྟའི་ཐ་མལ་གྱི་ཤེས་པ། 
མ་བཅོས་རང་བབས་སུ་བཞག་ནས། 
ཡེངས་མེད་དུས་ཀུན་ཏུ་སྒོམ་ན། 
བླ་མའི་གོ་འཕང་ཉིད་འཐོབ་ཡོང་། 

ད་ནུབ་ཀྱི་རྨི་ལམ་དེས་རྐྱེན་བྱས་ནས་དེ་རིང་ཉིན་ཧྲིལ་པོར་རྩ་བའི་བླ་མའི་སྐུ་གསུངས་ཐུགས་ཀྱི་ཡོན་ཏན་དང་། ད་ལྟའི་རང་རྒྱུད་ལ་ཆོས་ཀྱི་ཉམས་ལེན་ཕྲན་བུ་ཞིག་ཡོད་པ་འདི་ནི་ཁོང་གི་བཀའ་དྲིན་ཉག་གཅིག་ཡིན་པ་མ་ཟད་འཁོར་གྱི་ནང་ནས་ཉམ་ཆུང་ང་ལ་དམིགས་བསལ་བུ་གཅིག་པའི་མ་ལྟར་བརྩེ་བས་བསྐྱངས་ཚུལ་རྣམས་ཡིད་ལ་ལྷང་ལྷང་དྲན་བཞིན་དེ་རིང་གི་ཉིན་ཐོ་རུ་བཀོད།

Vision of My Root Guru in a Dream
December 1st, 2016. In a dream this morning around 4 AM I met my root guru, Kyabje Sangye Tenzin Rinpoche, a buddha who came into our world in the form of a human being. It was in a small monastery in a very nice place like Dege region of Kham, East Tibet, together with some of the vajra brothers with whom I studied when I was young. We were engaged in some Dharma activity. I didn’t know whose monastery it was nor of what tradition. Suddenly everyone was saying that a very holy lama was coming today, we must get ready! There was a loud din as everyone rushed about. Off to the side I asked a young monk who the lama was that was coming and he said, the guru buddha is coming! I wondered who this guru buddha was. I didn’t imagine it would be my own guru! In any case, as we were making preparations to greet the lama who was coming, some of we lamas and monks of the retinue of disciples began to line up on one side to await his arrival reverently bowing down with khatags in our hands. As the lama neared I could see it was my root guru Kyabje Sangye Tenzin Rinpoche! I was overjoyed and immediately went before him exclaiming, it’s really my guru! I felt indescribable joy. I told the monks there, this is my root guru Kyabje Sangye Tenzin Rinpoche! Your small monastery is indeed extremely meritorious! He is a buddha manifesting in human form! I proclaimed this loudly. When I used to be my guru’s attendant and we came to stairs or uneven ground, since my guru was short and very thin, I would often pick him up and carry him in my lap like a mother carrying her child. On this day as well I picked Rinpoche up into my lap and carried him in the midst of the many people. It was a wondrous spectacle as I carried Rinpoche into the temple and all the people followed us. Rinpoche sat on a high throne and gave teachings to the people. I won’t say what teaching it was. As soon as the teaching was complete Rinpoche said this time you need to carry me up to the roof! I again lifted Rinpoche into my lap to carry him up to the roof of the prayer hall. There were very many steps. With each step it became more and more difficult for me to carry Rinpoche. I was about to stop and rest when Rinpoche said, Don’t rest! Gather your strength! Heartened by this I carried Rinpoche on up to the top step. As I set Rinpoche down I awoke from the dream. As I awoke I felt ecstatic as well as grateful to the lama of un-repayable kindness. As I thought of him tears poured uncontrollably from my eyes. At 5 AM I did my daily guru yoga practice and the whole day long continued to have strong memories of my guru and to shed many tears. With last night’s dream, I see it as a good sign that my benevolent guru who passed away about fifteen years ago has still not let me, his poor disciple, out of the grip of his compassion, and that if I joyfully persist in my practice of the profound path of guru yoga I will before long ascend the step-like realizations of the paths and stages, and that I will be fortunate to be born among the first circle of disciples at that place when he manifests buddhahood. 

You whose kindness is beyond repaying,
Unfailing, supreme object of refuge,
With the name of the benevolent ‘Buddha’,
I saw you again in a dream!

For those wanting permanent Liberation
From the suffering of unbearable karma and delusions
That is experienced in this inescapable pit, this prison of samsara,
Nothing surpasses the guru’s personal instructions. 

Soul Father manifesting as a human being,
While I am your child, your son, a monk,
I place my hopes in none but you;
Never leave me out of your compassionate care!

Yet, since the soul Father Guru
Has introduced me to my own mind as the guru
In the nature of dharmakaya emptiness-awareness
I never think the guru is not here!

Leaving present ordinary consciousness
To settle naturally, uncontrived, unaltered,
Without distraction at all times,
The state of the Guru will be attained!

Because of last night’s dream, all day long today I thought of the realized qualities of my root guru’s body, speech, and mind. Any slight practice of Dharma I have in my mind is thanks solely to his kindness. Moreover, as I write this in my diary I am again and again forcefully reminded of how he especially takes care of me, this lowly child within his entourage, as lovingly as a mother cares for her only child.
English Translation by Jampa Tharchin




No comments:

Post a Comment