Sunday, April 2, 2017

རྩ་བའི་བླ་མའི་སྐོར།

དེ་རིང་ངས་རྩ་བའི་བླ་མའི་འདས་མཆོད་ཀྱི་ཉིན་མོའི་གོ་སྐབས་འདི་བཟུང་ནས་བླ་མའི་སྐོར་འགའ་ཤས་ཞིག་བཤད་འདོད་བྱུང་། 
ན་མོ་གུ་རུ་བུདྡྷ་ཡ། བོད་ཀྱི་གསང་སྔགས་ཀྱི་ཆོས་འདིའི་ནང་ནས་བླ་མ་ཧ་ཅང་གལ་ཆེན་དུ་འཛིན་གྱི་ཡོད། ཡིན་ནའང་མདོ་སྔགས་གཉིས་ཀའི་སྐབས་སུ་བླ་མ་མ་བསྟེན་པའི་གོང་དུ་དང་པོ་བླ་མའི་མཚན་ཉིད་ཚང་མིན་བརྟག་དཔྱད་དགོས་ཞེས་ཡང་ནས་གསུངས་ཡོད། སྤྱིར་བཏང་བླ་མ་ཞེས་པ་འདི་བོད་སྐད་ཡིན། རྒྱ་གར་སྐད་དུ་གུ་རུ་ཞེས་འབོད། བླ་མ་ཞེས་པ་ནི་རང་ལས་ཡོན་ཏན་མཐོ་བ་ཞིག་དང་ངོ་བོ་ལྕི་བ་ལ་གོ་དགོས། གང་གིས་མཐོ་བ་དང་གང་གིས་ལྕི་ཞེ་ན། མཁས་པའི་ཡོན་ཏན་གྱིས་མཐོ་བ་དང་། གྲུབ་པའི་ཉམས་ལེན་གྱིས་ལྕི་བར་གོ་དགོས། མདོར་ན་བླ་མ་ཞེས་པ་དེ་ལ་མཁས་གྲུབ་གཉིས་ལྡན་ཞིག་དགོས། དེ་འདྲའི་མཁས་གྲུབ་གཉིས་ལྡན་ཡིན་མིན་དང་པོ་ནས་བརྟག་དཔྱད་བྱེད་དགོས། དང་པོ་བླ་མ་བརྟག་ལ་མཁས་པ། བར་དུ་བླ་བསྟེན་ལ་མཁས་པ། ཐ་མ་དགོངས་སྤྱོད་བསླབ་ལ་མཁས་པ་ཞེས་གསུངས་ཡོད། བསྟེན་འོས་བླ་མ་ཉིད་དབང་ཆོས་གང་རུང་གིས་འབྲེལ་བས་བསྡུས་ཚར་ནས་བཟུང་སྟེ། སློབ་མས་བླ་མ་ཉིད་སངས་རྒྱས་སྐུ་དངོས་སུ་བསམ་ནས་སྒྲུབ་པ་ཡིན་ན་སློབ་མའི་ཐུགས་རྒྱུད་ལ་རྟོགས་པ་མྱུར་དུ་སྐྱེ་བའི་རྟེན་འབྲེལ་ཡོད། བླ་མ་བསྟེན་བཞིན་པའི་སྐབས་སུ་བླ་མ་བཟང་ངན་ལ་མ་ལྟོས་པར་སློབ་མའི་ངོས་ནས་མོས་གུས་བཟང་ངན་གྱིས་སློབ་མའི་རྒྱུད་ལ་བྱིན་རླབས་འཇུག་མིན་ཡོང་གི་ཡོད། བླ་མ་ཉིད་སངས་རྒྱས་དངོས་སུ་ཡིན་ཀྱང་སློབ་མའི་རྒྱུད་ལ་དད་པ་དང་མོས་གུས་མེད་ན་སློབ་མར་ཕན་ཐོག་དཀའ། ལྷག་པར་དུ་རང་རེ་བཀའ་བརྒྱུད་པའི་རིང་ལུགས་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ནི་སློབ་མས་བླ་མར་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་ནས་ལམ་ཟབ་མོ་བླ་སྒྲུབ་ཉམས་ལེན་ཁོ་ན་ལ་བསྟེན་ནས་རང་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་སྐྱེ། 
མཉམ་མེད་དྭགས་པོའི་ཞལ་ནས། 
བླ་མའི་བྱིན་རླབས་ཞིག་མ་ཞུགས་ན། སེམས་ཉིད་འདི་ལ་ལྟས་པས་མི་མཐོང་། བཟུང་བས་མི་ཟིན། བཀག་པས་མི་ཁེགས། རང་གི་སྣང་བ་འདི་སྤངས་བས་མི་སྤོང་། བཤིག་པས་མི་ཤིགས། དེ་བས་ན། ཚོགས་གསོག་པར་འདོད་པ་དང་། སྒྲིབ་པ་སྦྱང་བར་འདོད་པ། བར་ཆད་ཞི་བར་འདོད་པ་དང་། རྟོགས་པ་རྒྱུད་ལ་སྐྱེ་བར་འདོད་པ། སྣང་བ་ཟིལ་གྱིས་གནོན་པར་འདོད་པ་དང་། མདོར་ན་རང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འདོད་པ་རྣམས་ཀྱིས། བླ་མ་ཁོ་ན་བསྟེན་པ་དང་སྒྲུབ་པ་ལས་ལམ་གཞན་མེད། ཅེས་གསུངས་སོ། 
གུས་པའི་རང་རྒྱུད་ལའང་མཁས་པ་དང་གྲུབ་པའི་ཡོན་ཏན་འདི་ཡོད་ཅེས་པ་ཞིག་མེད། གཅིག་ཡོད་པ་དེ་ནི་དྲིན་ཅན་རྩ་བའི་བླ་མ་འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཐོག་ནས་བླ་སྒྲུབ་ཉམས་ལེན་གྱི་རྩ་བར་བཟུང་ནས་ཉམས་ལེན་བྱེད་ཀྱི་ཡོད། དུས་ནམ་ཡང་ང་ཡི་རྩ་བའི་བླ་མ་འདི་ང་འདྲའི་ཐ་མལ་བ་སོ་སྐྱེ་ཞིག་ཏུ་ངོས་འཛིན་བྱེད་མ་མྱོང་། དེ་ནི་བླུན་དད་ཙམ་མ་ཡིན་པར་བླ་མར་ལོ་མང་རིང་མཉམ་འགྲོགས་བྱས་ནས་བརྟག་ཞིང་དཔྱད་པའི་གྲུབ་འབྲས་ཞིག་ཡིན། བླ་མ་བཟང་པོ་ནི་ག་ཚད་མཉམ་འདྲིས་དང་གསུང་ཆོས་ཞུས་རིམ་བཞིན་དུ་དད་པ་ཇེ་ཆེ་ལ་འགྲོ་བ་ནི་བླ་མ་བཟང་པོ་ཡིན་པའི་རྟགས་ཡིན། དེ་ནི་ང་ཡི་བླ་མ་ལ་ཡོད། ཁོང་ལ་ག་ཚད་མཉམ་འགྲོག་བྱས་ཀྱང་དད་པ་ཇེ་ཆེ་རེད། ལར་ནི་སྟོང་ཉིད་ཀྱི་ལྟ་བ་འདི་ཉིད་མ་སྐྱེས་པ་སྐྱེས་པ། སྐྱེས་པ་མི་ཉམས་པ་དེ་ཉིད་གོང་འཕེལ་དུ་འགྲོ་བ་ནི་བླ་མའི་ཐུགས་རྗེ་དང་བྱིན་རླབས་གཅིག་པུ་ལས་མ་གཏོགས་གཞན་པའི་ཐབས་ལམ་གང་ཡང་མེད། ལྷག་པར་དུ་རང་རེ་མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་འདི་ནི་བྱིན་རླབས་དང་མོས་གུས་ཀྱི་བཀའ་བབས་གཅིག་པུ་ཡིན། དེ་ནི་བླ་མ་སྒྲུབ་པའི་ལམ་ལ་གཅིག་པུར་བསྟེན་དགོས། མོས་གུས་རབ་ན་སྟོང་ཉིད་ཀྱི་སྒོམ་རབ་དང་། མོས་གུས་འབྲིང་ན་སྟོང་ཉིད་ཀྱི་སྒོམ་འབྲིང་། མོས་གུས་ཐ་ན་སྟོང་ཉིད་ཀྱི་སྒོམ་ཐ་མ། མོས་གུས་ཡེ་ནས་མེད་ན་སྟོང་ཉིད་ཀྱི་སྒོམ་ཡེ་ནས་མི་འབྱུང་ཅེས་བཀའ་བརྒྱུད་བླ་མ་རྣམས་ཀྱི་གསུངས་སྲོལ་ལྟར་ཡིན། 
ད་ལྟའི་ཚུལ་མཐོང་གི་ངོར་སོ་སྐྱེ་བླ་མ་འདི་ནི་ཡོན་ཏན་སངས་རྒྱས་དང་མཉམ་ཡང་བཀའ་དྲིན་ནི་སངས་རྒྱས་བས་ཀྱང་ལྷག་ཡོད། སངས་རྒྱས་ལོ་ཉིས་སྟོང་ལྔ་བརྒྱའི་རྣ་ཐོས་ཙམ་དང་གསུངས་རྣམས་མཇལ་རྒྱུ་ཙམ་ལས་ཞལ་མཇལ་ནས་ཆོས་ཤོ་ལོ་ཀ་གཅིག་ཀྱང་ཐོབ་མྱོང་མེད། དེ་ཡང་མདོ་ལས། 
བླ་མ་ཞེས་བྱའི་གོང་རོལ་ནས།། 
སངས་རྒྱས་བྱ་བ་མིང་ཡང་མེད།། 
བསྐལ་པ་སྟོང་གི་སངས་རྒྱས་རྣམས།། 
བླ་མ་དག་ལ་བསྟེན་ལས་བྱུང་།། 
ཞེས་གསུངས་སོ། ཡི་དམ་གྱི་ལྷ་སྒྲུབ་བསྙེན་བཟླས་ལོ་གྲངས་མང་པོར་བྱས་པ་ལས་བླ་སྒྲུབ་ཉམས་ལེན་ཐུན་གཅིག་བྱས་ནས་སྒོམ་རྒྱབ་པ་ཕན་ཡོན་ཆེ་བ་ཡོད། 
དེ་ཡང་ཨ་ཏི་བཀོད་པའི་རྒྱུད་ལས། 
ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས།། 
བླ་མ་སྐད་གཅིག་དྲན་པ་མཆོག། 
བསྙེན་སྒྲུབ་བཟླས་པ་ས་ཡ་ལས།། 
བླ་མའི་གསོལ་འདེབས་ལན་གཅིག་མཆོག། 
ཅེས་གསུངས་སོ། ད་ལྟའི་བླ་མ་འདིས་ནི་བླང་དོར་གྱི་གནས་མ་ཡིས་བུ་ལ་གདམས་པ་ནང་བཞིན་ཡང་དག་སྟོན་ཅིང་དམ་པའི་ཆོས་ཀྱི་གདམས་ངག་ལ་བསྟེན་ནས་ད་ལྟ་རང་འཁོར་བའི་གྲོང་ནས་ཅུང་ཐག་རིང་དུ་ཕྱིན་པ་འདི་ནི་ཁོང་གི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཡིན། ད་དུང་བླ་མས་གང་གསུང་གི་མན་ངག་རྣམས་མ་བརྗེད་པར་ཉམས་ལེན་བྱས་ན་ནམ་ཞིག་གཏན་གྱི་བདེ་བ་ཐར་པའི་སྐམ་སར་བླ་མ་འདིས་འཇོག་ངེས་ཅན་ཡིན། རང་ལ་མོས་གུས་དང་དད་པ་མེད་ན་བླ་མ་དང་མ་ཟད་མི་ཚེ་དེར་སངས་རྒྱས་དངོས་སུ་མཉམ་དུ་བསྡད་ཀྱང་རང་སེམས་ལ་མི་ཕན་པ་མ་ཟད་ད་དུང་སྐྱོན་ཅན་དུ་མཐོང་སྲིད། དཔེར་ན། ཆུ་ནང་དུ་ཡོད་པའི་རྡོ་ཆུ་དང་སྐད་ཅིག་འབྲལ་བ་མེད་ཀྱང་རྡོ་རང་གི་གཤིས་ལ་རྡོ་ཕལ་པ་ལས་འཁྲེག་ས་ཡོད། དེ་ནི་བླ་མའི་མདུན་ནས་གསུང་ཆོས་ཇི་ཙམ་ཞུས་བཞིན་རང་རྒྱུད་ཇེ་འཁྲེག་ཏུ་སོང་ན་སྨན་དུག་ཏུ་སོང་བའི་དཔེ་ལྟར་རེད། ཆོས་ཞུས་བླ་མ་བསྟེན་པའི་ལག་རྗེས་སུ་རང་རྒྱུད་སྔར་དང་མ་འདྲ་བ་ཡོང་ཐུབ་དགོས། དེ་འདྲ་བྱུང་བ་ཡིན་ན་ཆོས་ཞུས་བླ་མ་བསྟེན་པའི་གོ་ཆོད་པ་ཡིན། རང་ཉིད་ལ་དད་པ་དང་མོས་གུས་ཡོད་ན་བླ་མའི་ཐུགས་རྗེ་ལ་ཉེ་རིང་མེད། བྱིན་རླབས་ངེས་པར་འཇུག་ངེས་ཡིན། སྤྱིར་གཏང་བླ་མའི་སྐོར་སྐད་ཆ་བྱེད་དུས་ང་རང་ལ་བདེ་བོ་མི་འདུག རང་བསྟོད་བྱས་པ་འདྲ་བོ་འདུག དེ་རིང་ངས་ང་བླ་མ་ཡག་པོ་ཞིག་ཡིན་ང་ལ་དད་པ་དང་མོས་གུས་གྱིས་ཟེར་ནས་བཤད་ཀྱི་མེད། ང་ཡི་རྩ་བའི་བླ་མ་འདས་ནས་མི་ལོ་བཅོ་ལྔའི་དུས་དྲན་ཁྱད་པར་ཅན་གྱི་གོ་སྐབས་བཟང་པོ་འདི་དང་བསྟུན། རང་ལོ་བཅུ་གཉིས་ནས་བཟུང་རང་ཉིད་སློབ་མ་བྱས་པའི་ཉམས་མྱོང་དང་། བླ་སྒྲུབ་ཉམས་ལེན་བྱས་ནས་རང་སེམས་ལ་ཕན་ཐོག་ཇི་ལྟར་བྱུང་མིན་སྐོར་ཁྱེད་རང་ཚོར་བཤད་པ་ཡིན། ཁ་སང་ང་ཚོའི་འདས་མཆོད་ཉིན་མོ་ཧ་ཅང་བཀྲ་ཤིས་པའི་རྟགས་མཚན་བྱུང་། གང་ཡིན་ཞེ་ན། མི་མང་ཆོས་ཚོགས་སུ་འཛོམས་ཚར་དུས་ང་ཡར་ལངས་ནས་ང་ཡི་རྩ་བའི་བླ་མ་ངོ་སྤྲོད་བྱེད་དགོས་བསམ་བྱུང་། སྐར་ཆ་གཅིག་ལ་མ་སྔ་མ་ཕྱི་བར་ངས་བླ་མའི་མཚན་བོས་པ་དང་མཉམ་དུ་ཏག་ཏག་མཆོད་གཤམས་སྒང་གི་སྐུ་པར་དེ་མར་ཟག་ནས་ང་ཡི་མདུན་དུ་རིལ་སོང་། དེ་ནི་ཧ་ཅང་རྟེན་འབྲེལ་ཡག་པོ་ཞིག་བྱུང་། བླ་སྒྲུབ་མ་བཏོན་པའི་གོང་ནས་བླ་མའི་ཡེ་ཤེས་སེམས་དཔའ་བྱིན་རླབས་རྟེན་གྱི་སྐུ་པར་ལ་ཞུགས་ནས་བླ་མ་དངོས་སུ་ཆོས་ཚོགས་སུ་ཕེབས་པ་ལྟ་བུ་བྱུང་བ་རེད། བླ་སྒྲུབ་དེ་ཚར་ནས་བདུན་ཕྲག་གཅིག་རིང་མཚན་མོར་བར་མ་ཆད་པར་ང་ཡི་རྩ་བའི་བླ་མ་རྨི་ལམ་གཏང་བྱུང་། ཁོང་དངོས་སུ་ཞལ་མ་བཞུགས་ཀྱང་བྱིན་རླབས་དང་ཐུགས་རྗེའི་ནུས་པ་ད་དུང་ཡང་ཡོད་ཏན་ཏན་རེད་འདུག
ལར་ནི་ཞལ་བཞུགས་པའི་སྐབས་སུ་ཁོང་ལ་ངོ་མཚར་བའི་རྣམ་ཐར་དེ་འདྲ་མང་པོ་ཡོད། དངོས་གནས་ཁོང་དམ་པའི་སྐྱེས་བུ་མཚན་ཉིད་དང་ལྡན་པ་རེད། ང་ཚོ་ཁོང་གི་རྗེས་འཇུག་ཡིན་པར་ཧ་ཅང་བསྐལ་པ་བཟང་པོ་རེད། ང་སྒྲུབ་ཁང་ནང་དུ་ལོ་གསུམ་ཟླ་གསུམ་ལ་བསྡད་པའི་རིང་ལོ་བར་པ་དང་ཐ་མ་གཉིས་ཀྱི་སྐབས་སུ་བླ་མ་ལ་བཅོས་མ་མ་ཡིན་པའི་དད་པ་ཞིག་སྐྱེ་བྱུང་། ང་ནི་ག་དུས་ཡིན་ནའང་བླ་མ་དངོས་སུ་མཇལ་ན་ལྟ་ཅི་མཚན་ཁ་ནས་བོས་པ་དང་། ཡང་ན་པར་མཇལ་བ་ཙམ་གྱིས་མིག་ནས་མཆི་མ་རང་དབང་མེད་པར་ཤོར་གྱི་ཡོད། དེ་ནི་ང་ཚོའི་སྒྲུབ་གྲོགས་གྲྭ་པ་དགུ་པོ་ཚང་མས་ཤེས་གསལ་རེད། ང་ཡི་མིང་ལ་ངུ་བའི་བླ་མ་ཞེས་མིང་འདོག་ཐོག་པ་རེད། མིང་འདོག་དེས་གོ་ཆོད་ཡོད་བསམ་གྱི་ཡོད། དེ་ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ཞལ་ནས། 
བླ་མ་སྐུ་བཞིའི་གངས་རི་ལ།། 
མོས་གུས་ཀྱི་ཉི་མ་མ་ཤར་ན།། 
བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས།། 
སེམས་མོས་གུས་འདི་ལ་ནན་ཏན་མཛོད།། 
ཅེས་གསུངས་ཡོད། སྤྱིར་གཏང་ཡིད་ཆེས་ཟེར་བའི་ཚིག་འདི་ཆོས་དང་མ་འབྲེལ་ཀྱང་མི་ཡི་སྤྱི་ཚོགས་ནང་དུ་ཡང་ཧ་ཅང་གལ་ཆེན་པོ་རེད་འདུག དཔེར་ན། སྨན་པ་ཞིག་བསྟེན་དགོས་ནའང་སྨན་དང་སྨན་པ་གཉིས་ཀར་ཡིད་ཆེས་མེད་ན་སྨན་ཡག་པོ་དང་སྨན་པ་མཁས་པ་ཡིན་ཀྱང་ནད་པར་ཕན་ཐོག་མི་འདུག་ཅེས་ཚན་རིག་པས་ཟེར་སྲོལ་ཡོད། གཟའ་ཚང་ཕན་ཚུན་བར་ཡིན་ནའང་ཡིད་ཆེས་གལ་ཆེན་རེད་འདུག བླ་མ་ལའང་དང་པོ་ཡིད་ཆེས། གཉིས་པ་དད་པ་སྐྱེ། གསུམ་པའི་དད་པའི་སྟོབས་ཀྱིས་བྱིན་རླབས་ཀྱིས་མིག་ནས་མཆི་མ་ཤོར་བ་དང་ལུས་ནས་བ་སྤུ་ཟིང་བ་བཅས་ཡོང་། མཆི་མ་དོན་པ་ནི་བྱིན་རླབས་ཞུགས་པའི་རྟགས་མཚན་ཡིན།
བླ་མ་ལ་བསྟེན་ནས་རང་རྒྱུད་ལ་སྟོང་ཉིད་རྟོགས་པ་ལས་ཐབས་གཞན་གང་ཡང་མེད། སྤྱིར་གཏང་བླ་མ་དང་རྩ་བའི་བླ་མའི་བར་ནི་ཁྱད་པར་ཧ་ཅང་ཆེ་སྟེ། བླ་མ་ནི་རང་ལས་ཡོན་ཏན་གང་རུང་ཞིག་མཐོ་བ་ཞིག་གིས་དབང་ཆོས་ལུང་ཁྲིད་གང་རུང་ཐོབ་པ་མ་ཟད་ཐ་ན་ཡི་གེའི་བརྡ་དག་སློབ་མཁན་ལའང་བླ་མ་ཞེས་འབོད་ཆོག རྩ་བའི་བླ་མ་ནི། དབང་བསྐུར། རྒྱུད་བཤད། མན་ངག་སྟོན། མན་ངག་གིས་རང་སེམས་ངོ་སྤྲད་ནས་སེམས་ལ་སྔར་མེད་ཀྱི་རྟོགས་པ་ཁྱད་པར་ཅན་ཞིག་སྐྱེས་ཞིང་བླ་མའི་གདམས་ངག་དེ་ཉིད་ཉམས་ལེན་བྱས་ནས་རང་རྒྱུད་ལ་སྤངས་རྟོགས་ཁྱད་པར་ཅན་སྐྱེས་པ་ཉིད་ལ་བཀའ་དྲིན་འཁོར་མཐའ་དང་བྲལ་བའི་དྲིན་ཅན་རྩ་བའི་བླ་མ་ཞེས་འབོད་དགོས། ཁྱེད་རང་ཚོ་ང་ཡི་སློབ་མ་རྣམས་ནས་ཀྱང་ང་ལ་དད་མོས་དགོས་ཞེས་བཤད་ཀྱི་མེད། རང་གིས་བླ་མ་ཇི་ལྟར་བསྟེན་པའི་ཉམས་མྱོང་བཤད་ཀྱི་ཡོད། ཁྱེད་རང་ཚོས་ནམ་རྒྱུན་མཆོད་གཤམས་ཐོག་ཏུ་ང་ཡི་རྩ་བའི་བླ་མའི་སྐུ་པར་རེ་འཇོག་ན་ཁྱེད་རང་ཚོའི་རྒྱུད་ལ་བྱིན་རླབས་འཇུག་ངེས། གང་ཡིན་ཞེ་ན། ཁྱེད་རང་ཚོ་ང་ཡི་སློབ་མ་ཡིན་ཙང་ང་ཚོའི་ཚང་མར་བྱིན་རླབས་ཡོང་གི་ཡོད། ཁོང་གི་མཚན་དེ་ལ་ཡང་ཧ་ཅང་ཡ་མཚན་ཅན་ཞིག་ཡོད། སངས་ཟེར་བ་ནི་ཉོན་མོངས་པ་བློ་བུར་བག་ཆག་དང་བཅས་པ་སངས་ཞིང་། རྒྱས་ཟེར་བ་ནི་སྟོང་ཉིད་སྙིང་རྗེ་དང་། ཤེས་རབ་ཡེ་ཤེས་སོགས་ཉམས་རྟོགས་ཀྱི་ཡོན་ཏན་རྒྱས་པ་ལ་གོ་དགོས། ཁོང་གི་མཚན་དང་པོ་ནི་སངས་རྒྱས་ཀྱི་མཚན་དང་གཅིག་པ་རེད། བསྟན་ཟེར་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གོ་དགོས། འཛིན་ནི་འཆང་བ་བཟུང་བ་ལ་གོ་དགོས། མདོར་ན་ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འཛིན་པ་དང་སྲུང་བ་བཅས་ལ་གོ་དགོས། ཁོང་ནི་དངོས་གནས་ཀྱི་མཚན་དོན་དང་ལྡན་པའི་བླ་མ་ཁྱད་པར་ཅན་ཞིག་རེད། ང་ཚོ་ཚང་མ་བླ་མ་ཐུགས་རྗེ་ཅན་གྱི་སློབ་མ་གཅིག་པ་རེད། ཁྱེད་རང་ཚོས་ངས་བླ་མ་དེ་མཇལ་མྱོང་མེད་དབང་ཆོས་ལུང་ཁྲིད་གང་ཡང་ཞུ་མྱོང་མེད་མ་བསམ། ཁྱེད་རང་ཚོ་ང་ཡི་སློབ་མ་རེད། ཁོང་ང་ཡི་རྩ་བའི་བླ་མ་རེད། ང་ཚོ་ནང་མི་གཅིག་པ་ནང་བཞིན་རེད། དད་པ་དང་མོས་གུས་ཡོད་ན་ངེས་པར་ཁོང་གི་ཐུགས་རྗེས་རྒྱངས་ནས་གཟིགས་བསྡད་ཡོད་པ་རེད། བླ་མ་ཁོང་གི་སློབ་མར་གྱུར་པ་ཚང་མས་དགའ་བ་བསྒོམ་དགོས་རེད། 

ཕ་རྗེ་བཙུན་བླ་མ་རིན་པོ་ཆེ།། 
ཁྱེད་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། 
ངེད་ཚུལ་མཐོང་ཚད་མའི་ངོ་སྐལ་རུ།། 
ཡོངས་དགེ་བའི་བཤེས་ཀྱི་ཚུལ་དུ་སྟོན།།

ལུས་ངག་གི་ཟག་བཅས་དགེ་བ་ཡིས། 
དོན་གཉུག་མའི་གནས་ལུགས་མི་རྟོགས་པས།། 
ཚུལ་དེས་ན་དཔལ་ལྡན་བླ་མ་ཉིད།། 
མི་ཁོ་བོས་འབྲལ་མེད་རྒྱུན་དུ་བསྙེན།། 

རང་རྒྱུད་ཀྱི་ཞིང་ས་སྐམ་པོ་ལ།།
སེམས་བསྐྱེད་ཀྱི་ཆུ་ལུད་ལྡན་པ་དང་། 
དམ་ཆོས་ཀྱི་སྟོན་ཐོག་ལེགས་པ་འདི།། 
ཁྱེད་ཁོ་ནའི་བཀའ་དྲིན་ཉག་གཅིག་ཡིན།།

རིན་བྲལ་གྱི་གསུངས་ཆོས་རེ་རེ་ཡིས།། 
འཁྲུལ་སྣང་གི་རྫུན་ཕུག་རེ་རེ་རྟོལ།། 
རྗེ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང་། 
དུས་ད་ལྟ་བཞུགས་ན་དགའ་བ་ལ།།

སེམས་མ་བཅོས་སྟོང་པའི་གནས་ལུགས་འདི།། 
གཅེར་མཐོང་དུ་རིག་པ་ངོ་སྤྲད་ནས།། 
སྟོང་ཉིད་ལ་བློ་ཁ་ཕྱོགས་པ་འདི།། 
རྗེ་བླ་མ་ཁྱེད་ཀྱི་བཀའ་དྲིན་ཡིན།། 

ཕ་བླ་མ་རེ་ཞིག་གཤེགས་ཤུལ་དུ།། 
བུ་མོས་གུས་གདུང་བས་འབོད་ལགས་ན།། 
ཁྱེད་ཐུགས་རྗེའི་སྦྲང་ཆར་ཟིལ་མ་དེས།། 
ངེད་བུ་སློབ་རྣམས་ཀྱི་གདུང་བ་སེལ།།

འབངས་རྟག་འཛིན་ཅན་གྱི་བློ་ངོ་རུ།། 
རྗེ་གཟུགས་སྐུ་རེ་ཞིག་གཤེགས་ན་ཡང་།། 
བུ་མོས་གུས་ཅན་ལ་ཡེ་ཤེས་ཀྱི།། 
ཁྱེད་འབྲལ་མེད་ལུས་དང་གྲིབ་མ་བཞིན།། 

ཕ་བླ་མའི་ཞབས་ཏོག་སྒྲུབ་པས་མཉེས།། 
བུ་ཚེ་ལྷག་སྒྲུབ་ལ་དམ་བཅའ་ཡོད།། 
ཉམས་རྟོགས་ཀྱི་དགོངས་ཀློང་བརྡོལ་བ་ལ།། 
རྗེ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། 



བླ་མའི་སྐོར་གྱི་གཏམ་འདི་ཉིད་ཀྱང་རྫོགས་པའི་སངས་རྒྱས་མི་གཟུགས་སུ་བྱོན་པའི་བཀའ་དྲིན་འཁོར་མེད་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་མཆོག་རིན་པོ་ཆེ་མཆོག་གཟུགས་སྐུའི་བཀོད་པ་རེ་ཞིག་ཞིང་དུ་ཕེབས་ནས་བགྲང་བྱ་ཧྲིལ་བོ་བཅོ་ལྔ་འཁོར་བའི་ཉིན་མོ། ཉིས་སྟོང་བཅུ་བདུན་ཕྱི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན་༢ ༢༦ ༢༠༡༧ བླ་མའི་འདས་མཆོད་སྐབས་སུ་བླ་མ་འགྲུབ་པའི་རྟགས་མཚན་ཁྱད་པར་ཅན་འགའ་ཡིས་རྐྱེན་བྱས། དབྱིན་སྐད་དུ་བསྒྱུར་བདེ་བའི་ཆེད་ཕལ་སྐད་བྱས་ནས་ཉིན་ཐོའི་ཚུལ་དུ་གང་གི་ཐུགས་རྗེས་གྲིབ་བསིལ་ལ་འཚོ་བའི་སློབ་བུ་ཐ་ཤལ་བ་འདུ་གསུམ་པ་མཁན་མིང་ཙམ་འཛིན་པ་ཀར་བསྟན་དེས་ཨ་རིའི་ཀི་ལི་ཧྥོ་ཉའི་བྱང་ཕྱོགས་མོན་ཊེའུ་རེ་ས་གནས་རང་ཤག་འཇམ་དབྱངས་ཆོས་གླིང་དུ་སྦྱར་བའོ།།

No comments:

Post a Comment