Sunday, June 18, 2017

ཐར་རྒྱན་ལག་ཁྱེར་དང་ཡིད་བཞིན་ནོར་བུའི་སྐུ་པར་སྐོར་གླེང་བ།

ཁ་རྩང་རེས་གཟའ་མིག་དམར་ཉིན་ཞོགས་པ་ནམ་རྒྱུན་ལྟར་སྔ་ཐུན་བཟུང་ནས་ཁ་འདོན་བྱེད་ཅིང་ནང་དུ་བསྡད། ཉིན་མོ་དེར་དབྱིན་ཡིག་ཏུ་བྲིས་པ། སྐུ་མཁྱེན་སུན་པོ་མ་བཟོ། Please do not disturb! ཞེས་པའི་སྦྱར་བྱང་དེ་སྒོ་ངོས་སུ་འགེལ་རྒྱུ་རྦད་དེ་རྗེད་འདུག། ཞོགས་པ་ཅི་ཆ་མེད་པར་མི་ཞིག་ནས་སྒོ་བརྡུང་། ནམ་རྒྱུན་ཁ་འདོན་སྐབས་སུ་སྒོ་ངོས་སུ་སྦྱར་བྱང་ཡོད་ན་གལ་ཆེན་ཡིན་ན་མ་གཏོགས་སྒོ་བརྡུང་མཁན་ཉུང་། གལ་སྲིད་བརྡུང་ཡང་སྒོ་འབྱེད་ཀྱི་མེད། དེ་རིང་ནི་ཅི་ཆ་མེད་པར་སྒོ་བརྡུང་བྱུང་། སྒོ་མི་འབྱེད་བསམ་ནས་ཨུ་ཚུགས་སུ་བསྡད་ཀྱང་ཡང་སྐྱར་དྲག་ཏུ་བརྡུང་། སྒོ་ཕྱེས་པས་སྒོ་འགྲམ་དུ་ལྟས་ཚོད་ལ་བུད་མེད་མོ་ལོ་ལྔ་བཅུ་ཙམ་ཞིག་ཤར་ཕྱོགས་དང་ནུབ་ཕྱོགས་འདྲེས་མ་ལྟ་བུ་གཟབ་འཆོར་གྱིས་རྒྱན་པ་ཞིག་ནས་འདི་ལྟར་ཟེར། ངས་འདི་བོད་པའི་ཆོས་ཚོགས་ཡིན་པ་ཤེས་སོང་། ང་ལ་ཅ་ལག་དམིགས་བསལ་ཞིག་ཡོད་ཁྱེད་རང་དགོས་སམ་ཟེར། ཅ་དངོས་གང་རེད་ཅེས་དྲིས་དུས་ཏཱ་ལའི་བླ་མའི་སྐུ་པར་རེད་ཟེར། བཀའ་དྲིན་ཆེ་ཁོང་ང་ཡི་རྩ་བའི་བླ་མ་ཡིན་ཅེས་བཤད་ནས་ལག་པ་བཟེད་དུས་མོ་རང་ནས་བཞད་མོ་དང་སྦྲག་པར་དེ་ཧ་ཅང་ཆེན་པོ་རེད་ང་ཡི་རླངས་འཁོར་ནང་དུ་ཡོད། ཁྱེད་རང་ནས་ང་ལ་རོགས་པ་བྱེད་རོགས་ཟེར། ངེད་གཉིས་པར་ཁུར་ལ་མཉམ་དུ་སོང་རླངས་འཁོར་ཆེན་པོ་ཞིག་ནང་ཤོག་སྒམ་ཆེན་པོ་ཞིག་གི་ནང་དུ་པར་དེ་བཅུག་འདུག། པར་དེ་ནི་བོད་ཀྱི་ལྷ་བཟོ་ཚད་ལྡན་ཞིག་ནས་རས་ཐང་དུ་བཟོས་ནས་ཤིང་ངོས་སུ་སྦྱར་འདུག། པར་དེ་མཐོང་བ་དང་ལྷན་ང་ནི་ཧ་ཅང་དགའ་སོང་པར་དེའི་ནང་སྟོན་པའི་མཛད་པ་བཅུ་གཉིས་ནང་བཞིན་གོང་ས་མཆོག་བོད་ནས་རྒྱ་གར་དུ་ཕེབས་ནས་བཟུང་སྟེ་མཛད་ཆེན་ཁག་སྡེ་ཚན་མི་འདྲ་བར་བྱས་ནས་བྲིས་འདུག ལྷ་བཟོའི་ཕྱག་རྩལ་དང་རི་མོའི་ཉམས་སོགས་གང་ལ་ལྟས་ཀྱང་ཧ་ཅང་ཡིད་དབང་འཕྲོག་པ་རེད། གོང་ས་མཆོག་གི་སྐུ་ཤ་དང་ཞལ་རས་ན་བཟའ་སོགས་ཚང་མ་གསེར་དང་མཚལ་བྲིས་ཁོ་ན་རེད་འདུག ཉིན་མོ་དེ་ནི་རེས་གཟའ་མིག་དམར་ང་ཡི་བླ་བཟའ་རེད། ཉིན་རྗེས་མར་འདས་པའི་ལོ་གཅིག་དང་ཟླ་བ་དགུའི་རིང་ཆོས་ཚོགས་ཀྱི་སློབ་མ་རྣམས་ལ་དྭགས་པོའི་ཐར་རྒྱན་གྱི་ཆོས་བཤད་བྱས་པའི་ཉིན་ཐ་མའི་མཛད་སྒོ་ལ་རྗེ་བཙུན་མི་ལའི་བླ་སྒྲུབ་དང་ཚོགས་མཆོད་མཇུག་ཏུ་ཐར་རྒྱན་གྱི་ལག་ཁྱེར་སྤྲད་རྒྱུའི་མཛད་སྒོ་དེ་ཡིན། དེ་ནི་རེས་གཟའ་ལྷག་པ་གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུའི་བླ་གཟའ་ཡོངས་གྲགས་སུ་བོད་རིགས་རྣམས་ཀྱིས་ལྷག་དཀར་ཉིན་མོ་ཞེས་འབོད་སྲོལ་ཡོད་པའི་བཀྲ་ཤིས་པའི་ཉིན་མོ་དེ་དང་མཉམ་དུ་ཁེལ་ཡོད།  སྤྱིར་གཏང་བྱ་བ་གང་ཡིན་ཀྱང་རྒྱུ་རྐྱེན་ལས་འབྱུང་བ་ཤ་སྟག་ཡིན་ཀྱང་ཁ་སང་གི་བླ་མའི་སྐུ་ཐང་དེ་ནི་ཉིན་གཅིག་ལས་མ་སྔ་མ་ཕྱི་བར་ཐར་རྒྱན་ལག་ཁྱེར་གྱི་མཛད་སྒོ་ལྷག་དཀར་ཉིན་མོ་འདིར་འབྱོར་སྟངས་དེར་བསམ་བློ་ཞིག་མི་གཏོང་ཁག་མེད་གྱུར། སྟབས་ཉེས་པ་ཞིག་ལ་པར་སྤྲད་མཁན་གྱི་བུད་མེད་དེའི་མིང་དང་ཁ་བྱང་སོགས་སྐད་ཆ་གང་ཡང་འདྲི་རྒྱུ་མ་བྱུང་། ལར་བུད་མེད་དེའང་བྲེལ་ཚུབ་ཚུབ་འདྲ་ཞིག་རེད་འདུག།
དེ་རིང་གི་པར་ཡོངས་སྟངས་རྒྱབ་ལྗོངས་ལ་བསམ་བློ་གཏང་ན་ལོ་གཉིས་གོངLos Angeles སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་བརྒྱད་བཅུའི་འཁྲུངས་སྐར་ལ་ཆོས་ཚོགས་ཀྱི་འགན་འཛིན་གཙོས་སློབ་མ་འགའ་དང་མཉམ་ཆེར་བཅར་ཞུ་རྒྱུའི་བསྐལ་བཟང་ཐོབ། མི་གྲངས་ཁྲི་གཉིས་ཙམ་གྱིས་འཁྲུངས་སྐར་ཟབ་རྒྱས་སུ་བསུས། དགེ་འདུན་པ་ལྔ་བཅུ་ཙམ་ཞིག་ལ་ཟུར་དུ་ཕ་ཡིས་བུ་ལ་གདམས་པ་ལྟར་དམིགས་བསལ་གྱིས་བཀའ་སློབ་གནང་། མ་ཟད་གུས་པར་སྤྱན་གྱིས་གཟིགས་ནས་མཁན་པོ་དེང་སང་གང་དུ་བསྡད་ཡོད་བདེ་མོ་ཁམས་འདྲི་སོགས་རྒྱུན་ལྡན་ལྟར་གནང་། བྱང་ཆུབ་སེམས་དཔས་དམན་ལ་ལྷག་པར་བརྩེ་བའི་སྐྱོང་བ་ལྟར་གདན་སའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་མང་པོའི་དཀྱིལ་ནས་གུས་པ་ལའང་བརྩེ་གཟིགས་ཆེ་ཙམ་གནང་། སྐབས་དེ་དུས་དགེ་འདུན་པ་རྣམས་ལ་བཀའ་སློབ་ཀྱི་སྙིང་པོ་ནི། གནས་གང་དུ་སོང་། གྲོགས་སུ་དང་འགྲོགས། ལས་ཇི་ལྟར་བྱས་ཀྱང་སྤྱིར་བོད་དང་ལྷག་པར་དགེ་འདུན་པའི་མིང་ཁུར་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ལྷག་པར་བོད་རིགས་ཀྱི་མཚན་སྨས་ཞབས་འདྲེན་ཞུ་མི་ཉན་ཚུལ་དང་། ཕྱི་རྒྱལ་བ་ལ་ཆོ་ག་ཕྱག་ལེན་འདོན་པ་གཅིག་པུ་ཙམ་མ་ཡིན་པར་ལྟ་གྲུབ་དང་སེམས་རྒྱུད་ལ་ཕན་པའི་ཆོས་འཆད་དགོས་ཚུལ་དཔེར་ན་བཀའ་བརྒྱུད་པའི་དྭགས་པོའི་ཐར་རྒྱན་ལྟ་བུ་སོགས་མང་པོའི་དཀྱིལ་ནས་སྤྱན་གྱིས་གུས་པར་ཧྲིག་ཧྲིག་གཟིགས་བཞིན་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གསུངས་སོང་། ངོས་ཀྱི་ཆོས་ཚོགས་གསར་པ་ཡིན་སྟབས་གནས་སྐབས་རིང་གཞུང་ཆེན་ལྟ་བུའི་ཆོས་ཁྲིད་བྱེད་བསམ་པའི་འཆར་གཞི་གང་ཡང་མེད་ཀྱང་ཉིན་མ་དེའི་ཕྱིར་ཉིན་མོ་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན་མགྲོན་པོ་རང་ཁྱིམ་དུ་ལོག་ཞེས་པའི་དཔེ་ལྟར་ལམ་དུ་ཞུགས། རླངས་འཁོར་ནང་ནས་ངོས་ཀྱི་ཆོས་ཚོགས་ཧར་སྒྲིའི་ལ་ཁ་སང་སྐྱབས་མགོན་རིན་པོ་ཆེའི་གང་གསུངས་པ་རྣམས་བཤད་ཅིང་ངས་གང་མགྱོགས་ཆོས་ཚོགས་སུ་དྭགས་པོའི་ཐར་རྒྱན་ཆོས་བཤད་ཀྱི་ཡིན་ཟེར་ནས་ཉིན་མོ་དེ་ནས་སེམས་ཐག་བཅད། རྒྱུ་མཚན་དེར་རྟེན་ཁ་སང་སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐང་སྐུ་ཆེན་པོ་དེ་ཐར་རྒྱན་ལག་ཁྱེར་གྱི་མཛད་སྒོ་ཉིན་མོ་ཏག་ཏག་འབྱོར་བ་དེའང་རྟེན་འབྲེལ་མ་འགྲིག་རང་འགྲིག་ཆོས་ཚོགས་སུ་སྐུ་དངོས་སུ་གདན་འདྲེན་ཞུས་ནས་ཕེབས་པ་ལྟར་སེམས་ལ་དགའ་ཚོར་ཆེན་པོ་བྱུང་། བན་རྒན་མ་ཤི་ཚེ་རིང་བྱུང་ན་མ་འོངས་པར་ཆོས་ཚོགས་འདིར་གདན་འདྲེན་ཞུ་བ་དང་མ་ཟད་གསུངས་ཆོས་ཀྱི་གོ་སྒྲིག་སོགས་བྱེད་བསམ་པ་ནི་ང་ཡི་འགྱུར་མེད་ཀྱི་སེམས་ཤུགས་དང་ལྡོག་མེད་ཀྱི་དམ་བཅའ་ངོ་མ་དེ་ཡིན།  ང་ལ་མཁན་པོའི་མིང་ཙམ་ལས་དོན་དངོས་སུ་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་སྣ་གཅིག་ཀྱང་འདི་ཡིན་ཞེས་སྟོན་རྒྱུ་མེད། ཡིན་ནའང་བཀའ་དྲིན་འཁོར་མེད་དྲིན་ཅན་རྩ་བའི་བླ་མ་རྟོགས་པས་བདག་རྒྱུད་གྲོལ་ཞིང་ཐུགས་རྗེས་གཞན་རྒྱུད་སྨིན་ནུས་པའི་ངེས་པ་དོན་གྱི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དང་། སྤྱི་དང་སྒེར་གང་ཐད་ནས་བཀའ་དྲིན་གཞལ་དུ་མེད་པ་རྩོད་དུས་ཀྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དུས་རབས་ཀྱི་སངས་རྒྱས་གཉིས་པ་ཆེན་པོ་སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་འདི་གཉིས་ལ་ཁ་ཙམ་ཚིག་ཙམ་གཡོ་ཟོལ་ངོ་ལྐོག་མེད་པར་སྙིང་ནས་བཅོས་མིན་གྱི་དད་པ་ཞིག་ཡོད་སྟབས་དེ་ནི་ནམ་རྒྱུན་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས། གསོལ་བ་ང་ཡིས་མི་འདེབས་ན་སུ་ཡིས་འདེབས། ཐུགས་རྗེ་ཁྱེད་ཀྱིས་མི་གཟིགས་ན་སུ་ཡིས་གཟིགས། གསུངས་པའི་ཚིག་དོན་འདིར་སྦར་འཇུ་བྱས་ནས་སློབ་མས་བླ་མར་གསོལ་བ་བཏབས་ཞིང་བླ་མས་བརྩེ་བས་ཐུགས་རྗེས་གཟིགས་པའི་འགྲུབ་རྟགས་ངོ་མ་ཞིག་རེད་བསམ།




No comments:

Post a Comment