Sunday, July 30, 2017

སློབ་མ་ཞིག་དང་ཆོས་གཏམ་བྱས་པ།

འདས་པའི་ལོ་གཅིག་དང་ཟླ་དགུའི་རིང་ཆོས་ཚོགས་ཀྱི་མི་རྣམས་ཀྱི་འདོད་པ་ལྟར་མཉམ་མེད་དྭགས་པོའི་ཐར་རྒྱན་ཆོས་ཁྲིད་ཞུས་ནས་ལེགས་གྲུབ་བྱུང་། ཉེ་ཆར་སློབ་མ་འགའ་ཆེར་བཅར་གྱིས་ཡང་སྐྱར་དྭགས་པོའི་ཐར་རྒྱན་ཐེངས་གཉིས་པ་དགོས་ཚུལ་བཤད་བྱུང་། དེ་ནི་ནང་པའི་ཆོས་གཞུང་ལས་མ་གསོལ་བར་མི་བྱའོ་གསུངས་པ་ལྟར་གདུལ་བྱའི་མོས་པ་དང་བསྟུན་ནས་ཆོས་བཤད་བྱེད་པ་ལས་དེང་དུས་ཆོས་ལུགས་འགའ་ཡིས་ལག་ཏུ་ཤོག་ཛར་རེ་བཟུང་ནས་མི་འདོད་བཞིན་དུ་མི་ཚང་སྒོ་བརྡུང་བྱེད་ཅིང་ང་ཡི་ཆོས་ལུགས་དེ་ཡག་རབས་བཟང་རབས་སོགས་བཤད་ནས་བཙན་ཤེད་ཀྱིས་བྱེད་སྟངས་འདི་དང་གཏན་ནས་མི་འདྲ། གཡག་གདང་ལ་བཏགས་ན་གོང་ཚད་མི་ཡིས་རྒྱབ་ཅེས་པའི་དཔེ་ལྟར་དེང་དུས་ཚན་རིག་པ་དང་མཁས་དབང་མང་པོ་ཞིག་ནས་ནང་ཆོས་འདིར་དོ་སྣང་གསར་པའི་སྒོ་ཆེན་འབྱེད་བཞིན་པའི་དུས་སྐབས་འདིར་བན་རྒན་ང་ཡི་ཆོས་ཚོགས་ཆུང་ཆུང་འདི་ཡང་ཉིན་རེ་བཞིན་འཚང་ཁ་ཇེ་ཆེ་རེད་འདུག


གང་ལྟར་མི་རྣམས་ཉིན་རེ་བཞིན་དུ་ཆོས་ལ་མོས་པ་ཇེ་ཆེར་འགྲོ་བ་དེས་ང་ལ་སེམས་འགུལ་ཚད་མེད་ཅིག་ཐེབས་བྱུང་། སངས་རྒྱས་ཀྱིས་ཀྱང་། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི།། རྩ་བ་མོས་པ་ཐུབ་པས་གསུངས།། ཞེས་གསུངས་པ་ལྟར་དང་པོ་ལས་གང་ཞིག་སྒྲུབ་དགོས་ཀྱང་བསྒྲུབ་བྱའི་ལས་དེ་ཉིད་ལ་འཇུག་འདོད་ཀྱི་མོས་པ་དང་སྤྲོ་བ་ཡོད་པ་དེ་ནི་ཧ་ཅང་གལ་ཆེན་པོ་ཡིན། ངས་ཀྱང་གང་མགྱོགས་དྭགས་པོའི་ཐར་རྒྱན་ཆོས་ཁྲིད་ཐེངས་མ་གཉིས་པ་བྱེད་རྒྱུ་དམ་བཅའ་བྱས་པ་ཡིན།

No comments:

Post a Comment