Tuesday, September 26, 2017

བསང་མཆོད་བྱས་པའི་ཉིན་མོ།



དེ་རིང་གི་ལས་ཀ་ནི་ཆོས་ཚོགས་ཀྱིས་སྔ་ནས་གྲ་སྒྲིག་བྱས་པ་ལྟར་ས་གནས་འདི་ནས་ཆུ་ཚོད་གཅིག་ཙམ་གྱི་སར་ཁར་མེལ་ཝ་ལེས་ལ་ཡོད་པའི་ངོས་ཀྱི་དགེ་ཕྲུག་འབྱོར་ལྡན་ཞིག་གི་ས་ཆ་རུ་སོང་། ས་ཆའི་དབྱིབས་དང་ཁོར་ཡུག་གནམ་གཤིས་སོགས་གུས་པའི་སྐྱེ་ཡུལ་ནང་ཆེན་མདོ་ཁམས་གཞུང་དང་ཅུང་འདྲ་བོ་འདུག ཉིན་མོ་འདིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནི་སྔ་དྲོ་རི་བོ་བསང་མཆོད་དང་། ཕྱི་དྲོའི་ཆོས་ཐུན་ལ། སེམས་དམིགས་པའི་གནད་ཐབས་དགུ་ཡི་འགྲེལ་བཤད་བྱེད་རྒྱུ་དེ་ཡིན། ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ཆོས་ཚོགས་ནས་ཤར་བསྐྱོད་ཀྱིས་ས་གནས་དེར་སོང་བས་མི་གྲངས་བཞི་བཅུ་མ་ཟིན་ཙམ་ཞིག་སླེབས་འདུག དེ་རིང་གི་ཆོས་བཤད་ས་ནི་ཟླུམ་གུར་ཆར་གདུགས་ཁ་སྦུབ་པ་ལྟར་རས་གུར་སྤུས་ལེགས་ཆེན་པོ་ཞིག་གི་ནང་དུ་རེད་འདུག། ཆོས་ཚོགས་འགན་འཛིན་རེའི་ཆོ་འམ་ཆོས་མིང་དུ་ཡེ་ཤེས་ལྷ་སྒྲོན་དང་གཞན་རྒྱུན་ལས་འགའ་ཡིས་གྲ་སྒྲིག་ལ་ཟིང་བཞིན་པའི་སྐབས་ངས་ཀྱང་མཆོད་གཤམས་དང་སླ་ལས་འགའ་ལ་རོགས་པ་བྱས། ཆུ་ཚོད་དགུ་པའི་སྐབས་སུ་མི་མང་ལ་བསང་གི་དགོས་པ་དང་རྒྱུ་མཚན་ཕན་ཡོན་སོགས་མདོར་བསྡུས་འགྲེལ་བཤད་གྲུབ་ནས་ཕྱི་ལོགས་སུ་ཚང་མས་བོད་ཀྱི་སྐད་གདངས་ཐོག་རི་བོ་བསང་མཆོད་མཉམ་དུ་བཏོན། བསང་ཐབ་ཏུ་དཀར་གསུམ་མངར་གསུམ་གྱིས་སྤུད་པའི་བསང་རྫས་དང་གསེར་སྐྱེམས་སོགས་མཆོད། གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྡེ་བརྒྱད་གསེར་སྐྱེམས་ཀྱང་བཏོན། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་མཛད་པའི་རི་བོ་བསང་མཆོད་འདི་ལ་བསང་ཆོག་གཞན་ལས་ཀྱང་ཁྱད་ཆོས་ཧ་ཅང་མང་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་ཡང་འགའ་ཤས་ཀྱིས་བཀའ་བརྒྱུད་པའི་ཕྱོགས་ལ་དམ་སེལ་ཡོད་སྐད་ཀྱིས་འདོན་མཁན་ཉུང་། ཉིན་རྒྱབ་སེམས་དམིགས་པའི་གནས་ཐབས་དགུ་ལ་ཁོ་བོས་སྔ་ལོར་བྲིས་པའི་འགྲེལ་བཤད་དེའི་ཐོག་ནས་དོན་འགྲེལ་གང་ཤེས་བྱེད་ཁུལ་བྱས་པས་མི་མང་ཧ་ཅང་དགའ་བོ་བྱས་སོང་། མཐར་དྲི་བ་དྲི་ལན་སོགས་ཀྱིས་དེ་རིང་ཉིན་གཅིག་གི་ཆོས་ཕྱོགས་བསྒྲུབ་བྱ་རྣམས་བདེ་བླག་ཏུ་གྲུབ་ནས་དགོང་མོ་རང་ཁྱིམ་དུ་བདེ་བར་འབྱོར།

Sunday, September 24, 2017

བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅུ་པའི་སྐབས་སུ།

ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པས་གོ་སྒྲིག་འོག་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་བཅུ་པ་དེ་སྤྱི་ཟླ་དགུ་པའི་སྤྱི་ཚེས་དགུ་ཉིན་ནུབ་བྱང་བོད་རིགས་ཚོགས་པའི་ཚོགས་ཁང་དུ་ནང་འཚོགས། དད་ལྡན་མ་ཉི་ཧོང་ཨ་མ་སུས་སིན་ནམ་ཆོས་མིང་དུ་ཀུན་བཟང་དབང་མོ་ངེད་གཉིས་ཀི་ལི་ཧྥོ་ཉའི་འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་ནས་ཆེད་བཅར་ཞུས། བདུན་དང་པོའི་ཉིན་གསུམ་རིང་སྤྱི་ཁང་དུ་འཚོགས་པས་ད་ལོར་ཞིང་སྒྲུབ་ལ་བཅར་མཁན་ས་གནས་འདིའི་བོད་རིགས་ལ་དཔག་ན་མང་པོ་འདུག བདུན་ཕྲག་རྗེས་མའི་ཉིན་གསུམ་རིང་སྔ་ནས་གྲ་སྒྲིག་བྱས་པ་ལྟར་ཝེར་ནམ་གཟེན་ཆོས་ཚོགས་ཞིག་ཏུ་ཁང་པ་གླས་ནས་ཉིན་གསུམ་རིང་མི་གྲངས་སུམ་བཅུ་སོ་གྲངས་དང་ལྷན་མཚམས་ལ་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། ད་ལོའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོས་ཁྲིད་ལ་རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་དང་། སི་ཏུ་ཆོས་འབྱུང་གིས་མཛད་པའི་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད། ཁོ་བོས་བྲིས་པའི་དབེན་གནས་ལ་བསྐུལ་མ་ཐར་པའི་ལམ་སྟོན་བཅས་ཆོས་ཚན་མ་འདྲ་བ་འགའ་ཤས་ཆོས་བཤད་བྱས། འདི་ལོའི་བདེ་ཆེན་ཞིང་སྒྲུབ་ནི་ས་གནས་འདིར་འཚོགས་ནས་ལོ་བཅུ་པ་དེ་རེད་འདུག ད་བར་དུ་ལོ་རེ་བཞིན་ཧ་ཅང་ཡག་པོ་བྱུང་། ལར་ནི་ས་གནས་འདིའི་བོད་རིགས་རྣམས་ནས་གུས་པར་ར་གན་གསེར་རློན་གྱི་དད་འདུན་ཧ་ཅང་ཟབ། ཉིན་ཐ་མའི་མཛད་སྒོའི་སྐབས་སུ་ཚོགས་འཁོར་དང་མར་མེ་སྨོན་ལམ་སོགས་ཀྱིས་འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཆེན་མོ་རེ་ཞིག་ལེགས་གྲུབ་བྱུང་། ཉིན་གསུམ་བར་གསེང་སྐབས་སུ་ང་ནི་མི་ཚང་རེ་རེ་བཞིན་མགྲོན་འབོད་དང་མི་ཚང་རེ་ལ་གནས་མལ་རེ་བྱེད་དགོས་པས་ཅུང་མི་བདེ་ཡང་ཁོ་རང་ཚོའི་ཐུགས་འདོད་ལྟར་དེ་ནི་ཕྱོགས་གཅིག་ནས་ལྟས་ན་བཟང་ཆ་ཞིག་ཀྱང་མཐོང་གང་ཡིན་ཟེར་ན་ནམ་རྒྱུན་བླ་མ་ཡིན་ཟེར་ནས་ཁྲི་ཐོག་ཏུ་བཞུགས་ནས་ཆོས་ཕྱོགས་ཀྱི་ལས་ཀ་རྣམས་གྲུབ་མཚམས་སོ་སོའི་གནས་སུ་གྱེས་འགྲོ་རྒྱུ་དེ་རེད། ང་ནི་ནམ་རྒྱུན་མི་དང་ལྷན་དུ་མཉམ་འདྲིས་བྱེད་བྱེད་རྒྱུ་ལ་ཧ་ཅང་དགའ་བོ་ཡོད། ཆོས་ཕྱོགས་ཀྱི་ལས་ཀའི་བར་གསེང་སྐབས་སུ་མི་ཚང་ནང་དུ་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག། ང་ཚོའི་བོད་རིགས་ཀྱི་ལུགས་སྲོལ་ལ་ཡུན་རིང་མཉམ་འདྲེས་བྱས་ཀྱང་སོ་སོའི་གྲོགས་པོའི་མིང་མ་ཤེས་པ་དེ་འདྲ་ཡོང་གི་ཡོད། ཕྱི་རྒྱལ་བས་དང་པོ་ཉིད་ནས་སོ་སོའི་མིང་ངོ་སྤྲོད་བྱེད་པའི་ལུགས་སྲོལ་ཡོད། ཁོང་ཚོའི་ངོ་ཤེས་པ་དང་ལྷན་དུ་མིང་ཤེས་ཚར་ཡོད། ང་ཚོའི་གྲོགས་པོ་ཡུན་རིང་མཉམ་འགྲོགས་བྱས་ཀྱང་མིང་ཤེས་ཀྱི་མེད། གང་ལྟར་ཕན་ཚུན་གཅིག་རྒྱུས་གཅིག་ལོན་དང་ནང་སྒེར་གྱི་འབྲེལ་བ་དམ་ཟབ་ཡོང་བ་དང་བླ་སློབ་གཉིས་ཀར་ཕན་ཚུན་འགྲོག་འདྲིས་སོགས་ཐག་ཉེར་འགྲོ་བའི་དགོས་པ་ཡང་ཆེན་པོར་མཐོང་། ཉིན་ཐ་མར་ཆོས་ཞུ་བ་རྣམས་བང་སྒྲིག་ནས་བླ་སློབ་རྣམས་འབྲལ་མི་ཕོད་པ་ལྟ་བུའི་སྐྱོ་གདུང་གིས་རྒན་གོག་ཕལ་མོ་ཆེས་མིག་ཆུ་ནར་ནར་གཏོང་བཞིན་ལག་ཐལ་མོ་དང་ཁ་གཏག། སེམས་དད་པ། ངག་སྨོན་ཚིག་གྲེ་བའི་ཕུག་ནས་ཁྱེད་སྐུ་ཚེ་ཡུན་རིང་བརྟན་པར་ཤོག་ཞེས་མདུན་དུ་བཅར་སྐབས་ང་ཡང་དབང་མེད་ཀྱིས་སེམས་སྐྱོ་ལྷང་ལྷང་འདྲ་བྱུང་། པོར་ལེན་ཌི་བོད་རིགས་འདི་རྣམས་ནི་མི་དགོས་པའི་ཆོལ་ཁ་དང་ཆོས་ལུགས་འཐེན་ཁྱེར་མེད་ཅིང་། དགོས་པའི་༧གོང་སྐྱབས་མགོན་ཡིད་བཞིན་ནོར་བུ་ལ་དད་འདུན་ཧ་ཅང་ཟབ་པ་མ་ཟད་ཆོས་དང་རིག་གཞུང་ལ་དོན་གཉེར་ཧ་ཅང་ཆེ། ས་གནས་འདིའི་བོད་རིགས་རྣམས་ནི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་ནང་ནས་ཆོས་སྲིད་ལས་ཀ་དང་། ཕན་ཚུན་གྱི་མཐུན་ལམ། སྤྱི་ཁང་དང་འཚོ་བའི་གནས་བབས་སོགས་གང་ཐད་ནས་ཀྱང་ཀུན་གྱིས་མིག་དཔེར་ལྟ་འོས་པ་ཞིག་ཏུ་གྱུར་ཡོད་པ་ནི་ཚང་མས་མཐོང་ཆོས་སུ་གྱུར། 
གནས་སྐབས་དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།