Thursday, February 8, 2018

བལ་ཡུལ་ལ་འགྲུལ་བཞུད་སྐབས་ཀྱི་ཚོར་སྣང་།




                                                མཆོད་རྟེན་བྱ་རུང་ཁ་ཤོར།


ཉེ་བའི་ཆར་བལ་ཡུལ་ལ་འབྱོར་ནས་སྔར་འདྲིས་ཀྱི་ཆོས་གྲོགས་དང་ཕ་ཡུལ་གཅིག་པ་སོགས་མང་པོ་ཞིག་ལ་ཐུག་འཕྲད་བྱུང་བས་ཧ་ཅང་དགའ་བོ་བྱུང་། དགུ་བཅུ་གོ་བརྒྱད་ལོར་རང་ཡུལ་ཕ་ས་སྤུན་མཆེད་སྡེ་དགོན་སོགས་ཚང་མ་རྒྱབ་ཏུ་སྐྱུར་ནས་རི་བོ་ཧི་མ་ལ་ཡ་བང་གིས་གཤགས་ནས་མི་འདོད་བཞིན་དུ་སྐྱབས་བཅོལ་དུ་འབྱོར་ནས་བཟུང་གཉོམ་ཆུང་བལ་ཡུལ་ལུང་པ་འདི་ནི་བོད་རིགས་སྤྱི་ལ་ཕན་ཐོག་ཆེ་ཤོས་ཡིན་པ་མ་ཟད་ངོས་ཀྱི་སྐྱབས་བཅོལ་གཡར་པོའི་ལུང་པ་ཕན་ཐོག་ཆེ་ཤོས་ཅན་ཞིག་ཏུ་གྱུར། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སུ་འཇམ་དབྱངས་ཆོས་འཁོར་གླིང་ཞེས་པའི་ཆོས་ཚོགས་ཞིག་ཀྱང་གསར་འཛུགས་བྱས་ནས་ཉིས་སྟོང་གཅིག་ནས་བཟུང་སྟེ་ལུང་པ་འདིར་མི་ལོ་དྲུག་གི་རིང་གཏན་བསྡོད་བྱས། ཆོས་ཚོགས་དེ་ཡི་བརྒྱུད་ནས་བལ་བོད་ས་མཚམས་སོགས་མི་རིགས་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། བདེ་ཆེན་ཞིང་སྒྲུབ་བཅས་གསར་འཛུགས་བྱས་ནས་རང་འཁོས་ཆོས་ཕྱོགས་ཀྱི་ལས་དོན་མི་དམན་ཙན་འགྲུབ། དེ་ནས་བཟུང་སྟེ་འཛམ་གླིང་གང་སར་ཡོད་པའི་ངོས་ཀྱི་ཆོས་ཚོགས་ཡོངས་རྫོགས་ཀྱི་མིང་གཅིག་བསྒྱུར་འཇམ་དབྱངས་ཆོས་འཁོར་གླིང་ཞེས་གཏགས། ང་ནི་བལ་ཡུལ་ལ་འབྱོར་བའི་ཕྱི་ཉིན་ནས་ཞོགས་པ་སྔ་མོར་ང་ཡི་ཆོས་ཚོགས་ཡོད་སའི་ཁང་པ་དེར་ཆེད་ལྟ་རུ་ཕྱིན། ཁང་ཞབས་སུ་མི་ཞིག་ལ་སྒང་གི་ཁང་པའི་ནང་དུ་སུ་ཡོད་རེད་ཅེས་དྲིས་དུས་མི་དེས་མགྲོན་ཁང་བྱས་ནས་མི་བསྡད་ཡོད་རེད་ཅེས་བཤད་སོང་། ནང་དུ་འཛུལ་སྙིང་འདོད་ཀྱང་དོན་མེད་དུ་གང་བྱུང་མི་ཡི་སྒོ་ཕྱེ་བའི་ནུས་པས་མ་འདངས། ང་ནི་རྗེ་བཙུན་མི་ལ་རས་པ་རང་ཁྱིམ་དུ་སླེབས་པ་ལྟར་སྔར་གྱི་ཆོས་ཚོགས་ཡག་པོ་དེ་དེང་སང་མགྲོན་ཁང་དུ་མི་ཡི་གླས་ནས་ནང་དུ་འཛུལ་ས་མ་རག་པས་སྐྱོ་ལྷང་ངེ་བ་ཞིག་བྱུང་།
                                            སྔར་གྱི་ཆོས་ཚོགས་ཆགས་ཡུལ། 


བལ་ཡུལ་ངོས་ཀྱི་ཆོས་ཚོགས་དེས་ང་ལ་ཧ་ཅང་བེད་སྤྱོད་ཆེན་པོ་བྱུང་། བོད་ཀྱི་གཏམ་དཔེར། ཐབ་ཆུང་ཆུང་མེ་ཚ་བོ་ཞེས་པ་ལྟར་རང་གཞན་གཉིས་ཀར་ཕན་ཐོག་ཧ་ཅང་ཆེན་པོ་བྱུང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ལ་འབྲེལ་འདྲིས་ཆེན་པོ་བྱུང་ཞིང་ཁོ་རང་ཚོ་ཡང་ང་ཡི་ཆོས་ཚོགས་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། དེང་སང་བོད་རིགས་མི་བུ་འགའ་ཡིས་བལ་ཡུལ་ལུང་པ་འདི་ཡག་པོ་མེད་རབས་དང་། བོད་རིགས་རྣམས་ལ་སྡང་ཟུག་ཆེ་རབས་སོགས་བཤད་ཀྱི་འདུག དེ་ནི་འདས་པའི་ཉེ་བའི་ལོ་ཤས་རིང་བལ་ཡུལ་དཔོན་ངན་འགའ་ཡིས་རྒྱ་ནག་གཞུང་གི་སྐྱག་རྐུབ་ལྡག་པའི་བྱེད་སྟངས་འདི་གཅིག་པུས་སྡོམ་ཚིག་ལ་ལྟས་ནས་བལ་ཡུལ་ལུང་པར་སྨད་བཤད་དང་སྨ་འབེབས་བྱས་ན་མིག་རྒྱངས་ཐུང་བའི་སྐད་ཆ་ཙམ་ཞིག་རེད་བསམ། རང་སར་མི་བཞག་མི་སར་རང་བཞག་ནས་བསམ་བློ་གཏང་ན་དཔེར་ན་བོད་ཀྱི་ས་ཆར་སྐད་དང་ཆས་གོས་རིགས་གཞུང་གང་ཡང་མི་གཅིག་པའི་མི་འབུམ་ཕྲག་མང་པོར་བཙན་གྱིས་འཛུལ་བྱས་ནས་ས་གནས་དེའི་འཁོར་ཡུག་དང་ལུང་པ་ས་ཆ་ཐ་ན་ཚོང་ཟོག་སོགས་ཚང་མ་བེད་སྤྱོད་བྱེད་བཞིན་མ་ཟད་བོད་ཀྱི་བུ་དང་བུ་མོ་སོགས་གཡོག་པོ་དང་གཡོག་མོར་ཉར་ནས་རྐང་སྐྱང་ལག་སྐྱང་དེའི་ཐོག་ཏུ་ད་དུང་ཁ་བདག་མེད་འགའ་ཡིས་གཏམ་དཔེར། གནས་ཚང་གཡར་བའི་ངོ་སོ་མེད་པར་ཁང་གོག་ཆེ་བའི་འཚང་འབྲུ་ཞེས་པའི་དཔེ་ལྟར་བྱས་ཡོང་ན་ང་ཚོ་བོད་པ་རྣམས་ཀྱིས་གང་འདྲ་བྱེད་ས་རེད། ལོ་རབས་བརྒྱ་ཕྲག་མང་པོའི་གོང་ནས་བལ་བོད་གཉིས་ཁྱོ་ཤུག་དང་། ཆོས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་གསེར་ཐག་འདི་ཇི་ལྟར་རྙིང་ཀྱང་ད་དུང་འཆད་མི་ཐུབ་སྙམ། ང་ནི་ལུང་པ་འདིར་མ་སླེབས་ནས་མི་ལོ་བཅུ་གཉིས་ཏག་ཏག་རེད་འདུག། མི་ལོ་བཅུ་གཉིས་གོང་གི་བལ་པོའི་ལུང་པ་འདི་དང་ད་ལྟ་གཉིས་བསྡུར་ན་འགྱུར་ལྡོག་ཆེན་པོ་ཞིག་སོང་འདུག་བསམ་པར་མི་སྣང་ཡང་། 
                                                 བལ་ཡུལ་གྱི་ཡུལ་ལྗོངས། 
དངོས་མཐོང་ལག་ཟིན་ལ་ཟས་རིན་དང་ཁང་གླ་སོགས་ནི་སྔོན་མ་དང་ལྟོས་ན་ཧ་ཅང་ཆེན་པོ་རེད་འདུག ཆེས་ཡ་མཚན་པ་ཞིག་ལ་བོད་ནས་གསར་དུ་འབྱོར་བའི་ངོས་ཀྱི་ཆོས་གྲོགས་བླ་མ་འགའ་གཟི་དང་བྱུ་རུའི་ཚོང་དཔོན་དུ་ཆགས་ནས་བལ་སྒོར་ས་ཡ་མང་པོའི་སྐད་ཆ་བཤད་མཁན་རེད་འདུག ཚོང་པ་བླ་མ་འགའ་ཤས་ལ་རྒྱ་སྒོར་ཁྲི་སྟོང་ཚོ་མང་པོའི་མ་རྩ་ལྷ་ས་རུ་མགྲོན་ཁང་དང་ཚོང་ཁང་ཡང་ཡོད་སྐད་འདུག བླ་མ་འགའ་ཤས་ནས་ང་ཡང་ཚོང་པ་ཡིན་ཤག་བྱེད་ནས་མཁན་པོ་ལགས་ཨ་རིའི་ཅ་དངོས་རྙིང་པ་འདྲ་གཙོང་རྒྱུ་མེད་དམ་ཟེར་ནས་ཟུར་ནས་སྐད་ཆ་འདྲི་མཁན་འདུག། ང་ནི་ལས་ཅི་ལ་ཐུག་ཀྱང་ཚོང་གི་ལས་ཀ་འཇོན་མཁན་ཞིག་གཏན་ནས་མིན་སྟབས་དེའི་ཕྱོགས་བསམ་བློ་འཁོར་ཤེས་ཀྱི་མི་འདུག སྤྱིར་གཏང་ནི་དཀོར་ཟས་དང་ཚོང་ཟས་གཉིས་ཀ་ལོག་འཚོའི་རྒྱུ་རུ་སོང་ན་སྡིག་ཟས་ལ་དཀར་ནག་ཆེར་མེད་ཀྱང་། ཡིན་ནའང་བན་རྒན་འཆི་ཁ་གཟའ་ཚང་དང་སྤུན་མཆེད་གསོ་བྱེད་ཚོང་དཔོན་ཞིག་ཏུ་མ་གྱུར་ནས། ཉམ་ཆུང་འདོད་ཆུང་ཆོག་ཤེས་ཅན་གྱི་ཆོས་དཔོན་ཞིག་ཏུ་འགྱུར་བར་ཤོག་ཟེར་ནས་སྨོན་ལམ་རྒྱག་རྒྱུ་ཡིན། གང་ལྟར་ད་ལྟའི་བྱེས་སྒྲོད་འདི་རྒྱ་གར། བལ་ཡུལ། བོད་སོགས་ཐག་ཉེ་རིང་རྣམས་སུ་ཡོད་པའི་མ་ཐུག་ཡུན་རིང་སོང་བའི་སྤུན་མཆེད་དང་། སློབ་མ། ཆོས་གྲོགས་སོགས་ལ་དངོས་སུ་ངོ་འཕྲད་བྱུང་བས་ཕན་ཚུན་ཧ་ཅང་དགའ་བོ་བྱུང་། ལྷག་པར་བལ་ཡུལ་དུ་བསྡད་རིང་གུས་པའི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་སློབ་མ་བན་རྒན་ཨོ་རྒྱན་ཚེ་མཆོག་ལ་ཁོ་རང་འདོད་པ་ལྟར་ཡང་ནས་ཐུག་འཕྲད་དང་དུས་ཚོད་ཕལ་མོ་ཆེ་ཁོང་དང་མཉམ་དུ་གཏང་བ་ཡིན། 
                                             བླ་རྒན་ཨོ་རྒྱན་ཚེ་མཆོག་དང་ལྷན། 
བར་སྐབས་སུ་ཆོས་གྲོགས་དང་། ཕ་ཡུལ་གཅིག་པ་མཁན་པོ་དང་དགེ་བཤེས་སོགས་ལྷན་དུ་ང་ནི་སྐུ་མགྲོན་ལ་འཚང་ཁ་ཤིག་ཤིག་རེད་འདུག། བལ་ཡུལ་མཆོད་རྟེན་རྣམ་གསུམ་དང་། ཡང་ལེ་ཤོད་སོགས་ལ་གནས་མཇལ་ལ་སོང་བས་ཧ་ཅང་སྐྱིད་པོ་བྱུང་། ཡང་ལེ་ཤོད་ནི་བལ་ཡུལ་ལུང་པར་ངོས་ཀྱི་ཆེས་དགའ་ཤོས་ཀྱི་ས་ཆ་དེ་ཡིན། གུ་རུ་རིན་པོ་ཆེས་ཡང་དག་གི་སྒྲུབ་པ་གནང་ཞིང་ལྷག་པར་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་ཡུན་རིང་གནང་མྱོང་བའི་གནས་ཆེན་ཁྱད་པར་ཅན་ཞིག་ཡིན། བྱང་གཏེར་ལེའུ་བདུན་མ་ལས། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་ཆེན་སྙིང་པོ་སྒྲུབ་པའི་ཚེ༔ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོས་དངོས་གྲུབ་གནས་དེར་ཐོབ༔། ཅེས་གསུངས། ཡང་ལེ་ཤོད་ནི་བལ་སྐད་དུ་ཕར་པཎ་ཞེས་འབོད། རྒྱལ་ས་ཀ་ཐ་མན་གྲུ་ནས་ཀི་ལོ་མི་ཊར་བཅོ་ལྔ་ཙམ་གྱི་སར་ཡོད། འགྲོ་ལམ་ཧ་ཅང་མི་ལེགས་ཅིང་ཕྱིན་ན་གནས་ཀྱིས་གང་ཟག་བྱིན་གྱིས་རློབས་ཐུབ་མཁན་ཤིག་རེད་འདུག། གུ་རུ་ཡབ་ཡུམ་གྱིས་ཡང་དག་གི་སྒྲུབ་པ་མཛད་པའི་སྐབས་སུ་ཀླུ་བདུད་ནག་པོའི་ཆོ་འཕྲུལ་བསྟན་པའི་ཅིང་གུ་རུའི་ཕུར་པ་འཕངས་ནས་བཏུལ་བས་སྦྲུལ་རྣམས་བྲག་ཏུ་ཐིམ་པའི་རྗེས་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་འདུག། ཚེས་བཟང་དང་དུས་ཆེན་གྱི་སྐབས་སུ་བྲག་ལ་སྦྲུལ་གྱི་རང་བྱུང་ཡོད་པའི་རྗེས་ཤུལ་ནས་འོ་མ་དང་ཆུ་འབབས་སྐད་འདུག། བྲག་ཕུག་གི་མདུན་དེར་ལྷ་ཆེན་གན་རྐྱལ་རྡོ་སྟེག་དེར་ཧིནྡུ་བ་རྣམས་ཀྱིས་དམར་མཆོད་བྱེད་ཅིང་ས་ཡིན་ཅིང་། དུས་ཕྱིས་སྒྲུབ་གནས་ཀྱི་བདག་པོ་ཨོ་རྒྱན་སྤྲུལ་སྐུས་དམར་མཆོད་བྱེད་སའི་རྡོ་སྟེག་གི་ཐོག་ཏུ་མཆོད་རྟེན་ཆུང་ཆུང་ཞིག་གཞེངས་ནས་ནང་ཞུགས་སུ་ཁོང་གི་ཞལ་འདོན་དཔེ་ཆ་ཉིད་བཞག་ཡོད་སྐད་འདུག། གུ་རུའི་སྒྲུབ་གནས་ཀྱི་ལྟེ་བ་ཡོངས་གྲགས་སུ་ཨ་སུ་རའི་བྲག་ཕུག་འདི་ཨོ་རྒྱན་སྤྲུལ་སྐུའི་སྲས་ཆེ་བ་ཆོས་ཀྱི་ཉི་མས་གཞེངས་པའི་སྒྲུབ་ཁང་འདུག ལོ་བཅུའི་ཡར་སྔོན་བལ་ཡུལ་ལ་བསྡད་པའི་སྐབས་སུ་དུས་ཚོད་གང་ཁོམས་ལ་བྲག་ཕུག་འདིར་ཟླ་ཁ་ཤས་མཚམས་ལ་འདུག་གི་ཡོད། ད་ཐེངས་ཡང་བླ་རྒན་ཨོ་རྒྱན་ཚེ་མཆོག་དང་། ཆོས་གྲོགས་བརྩོན་འགྲུས་ངེད་གསུམ་ནས་སྔ་ནས་གྲ་སྒྲིག་ལྟར་ཚོགས་རྫས་རྣམས་བྲག་ཕུག་སྦུགས་སུ་སྤུངས་ནས་མཆོག་གླིང་གསང་ཐིག་ཕུར་པའི་བདག་བསྐྱེད་དང་། བླ་སྒྲུབ་ཀྱི་མཇུག་ཏུ་ཚོགས་མཆོད་མདོར་བསྡུས་ཞིག་བཅས་ཕུལ། བྲག་ཕུག་ཧ་ཅང་ཆུང་བས་ངེད་གསུམ་དང་ཚོགས་རྫས་བཅས་ལས་མི་གཞན་དག་མི་ཤོང་། བྲག་ཕུག་འདི་མཇལ་མཁན་རྒྱ་རིགས་དང་བོད་རིགས་འབྲུག་པ་སོགས་མང་དག་ཞིག་མཐོང་རྒྱུ་འདུག། བྲག་ཕུག་གི་སྒོ་འགྲམ་དུ་ཕྱག་རྗེས་ཞིག་ཡོད་པ་དེ་ནི་འགའ་ཤས་ཀྱིས་བཤད་ན་གུ་རུའི་ཕྱག་རྗེས་རེད་ཅེས་དང་། 
                                          ཡང་ལེ་ཤོད་གུ་རུའི་ཕྱག་རྗེས་སུ་གྲགས་པ། 
འགའ་ཤས་ཀྱིས་བཤད་ན་བོད་ཁམས་ཕྱོགས་ནས་ཕེབས་པའི་ཁྱུང་སྤྲུལ་ཀར་རྒྱམ་ཞེས་པའི་བླ་མ་ཞིག་གི་རེད་ཅེས་བཤད་སྲོལ་མི་འདྲ་བ་མང་པོ་འདུག ཁ་འདོན་རྣམས་ཚར་བ་དང་ལྷན་བྲག་ཕུག་གི་རྒྱབ་ལོགས་སུ་སོང་ནས་ཚོགས་རྫས་རྣམས་ཉིན་གུང་ཟ་མ་རུ་ཟོས་ནས་དེ་རིང་སྐྱིད་རབ་དང་ཡག་རབ་སོགས་ང་ཚོ་གསུམ་ཕན་ཚུན་དགའ་གཏམ་གྱིས་འུར་སྒྲས་ལུང་པ་བཀང་ནས་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། སྤྱིར་གཏང་གནས་ཀྱིས་གང་ཟག་བྱིན་གྱིས་རླབས་ཅེས་པ་འདི་བལ་ཡུལ་གནས་ཆེན་ཁག་དང་། རྡོར་གདན་མཆོད་རྟེན་སོགས་རེད་འདུག ཡང་ལེ་ཤོད་ས་གནས་གང་སར་རྒྱ་ཕིག་དང་གསེར་འཕྲུ་ཐོག་རྩེག་མང་པོ་ཅན་གྱི་དགོན་པ་དང་སྒྲུབ་ཁང་སུས་སུ་རྫིག་མཐོང་རྒྱུ་འདུག ང་ནི་ཡུན་རིང་འདྲིས་པའི་ཆགས་མེད་རིན་པོ་ཆེའི་དགོན་པར་གནས་མཇལ་ལས་དགོན་པ་གཞན་ལ་འགྲོ་ཐུབ་མ་སོང་། སྟབས་ཉེས་པ་ཞིག་ལ་རིན་པོ་ཆེའི་གསང་ཡུམ་དང་སངས་རྒྱས་སྤྲུལ་སྐུ་བཅས་གྲྭ་ཚང་སྐུ་འཁོར་མང་དག་ཞིག་རྒྱ་གར་གཞིས་ཆགས་སུ་ཕེབས་པ་དང་ཁེལ་འདུག་པས་མཇལ་ཐུབ་མ་སོང་། གསང་ཡུམ་ཕན་བདེ་གཡང་མཚོ་ལགས་ནི་ང་ཡི་ཕ་ཡུལ་གཅིག་པ་ཡིན་པ་མ་ཟད་གྲོང་པ་ཡང་གཅིག་པ་ཡིན། སྔོན་མ་ང་བལ་ཡུལ་ལ་བསྡད་རིང་བླ་བྲང་ལ་ཕན་ཚུན་ཧ་ཅང་འབྲེལ་བ་ཆེན་པོ་ཡོད། རིན་པོ་ཆེའི་གསང་ཡུམ་གྱི་ཚ་བོ་ཆོས་གྲོགས་ཀརྨ་བསོད་ནམས་ལགས་ནས་མཆོད་མཇལ་སྣེ་ཤན་དང་དགོན་པ་ངོ་སྤྲོད་གནང་བ་མ་ཟད་བླ་བྲང་ནང་དུ་ཇ་དང་ཁམ་ཟས་སོགས་ཀྱིས་ང་ཚོ་ལ་མགྲོན་ཆེན་གྱི་ཚུལ་དུ་སྣེ་ལེན་ཟབ་རྒྱས་གནང་བས་བཀའ་དྲིན་ཆེ་ཞུས། ཉེ་འཁྲིས་སུ་ཡོད་པའི་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེའི་སྐུ་གདུང་མཇལ་བཅར་ཞུས། དཀོར་གཉེར་ནི་བོད་སྐད་ཆག་རོ་རྒྱག་མཁན་རྒྱ་མོ་ཞིག་ལས་བོད་རིགས་གཅིག་ཀྱང་མཐོང་རྒྱུ་མི་འདུག ཆེས་ཡ་མཚན་པ་ལ་སྐུ་གདུང་ལྷ་ཁང་གི་གྱང་ལྷ་ཡོངས་རྫོགས་ཧིནྡུའི་ལྷ་རེད་འདུག ལྷོ་ཕྱོགས་རྣམ་གྲོལ་གླིང་དགོན་པའི་ཡན་ལག་ཞིག་ནང་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་རི་བོའི་ལྟོས་དང་མཉམ་པ་ཅན་ཞིག་རྒྱང་ནས་མཇལ་བས་སྐུ་ཡི་ཟིལ་རྔམ་གྱིས་མ་བཟོད་ནས་རླངས་འཁོར་ཁ་ལོ་བ་ལ་འགྲོ་དགོས་ཞེས་བཙན་གྱིས་ཁྲིད་ནས་ཆེད་གཏད་དུ་དེར་སོང་། 
                                           གུ་རུ་སྣང་སྲིད་ཟིལ་གནོན་རི་ཚད་མ། 
ཆེས་ཐབས་སྡུག་ཞིག་ལ་དགོན་པར་མ་ཐར། དགོན་པའི་ཕྱི་སྒོ་རུ་སྒོ་ལྕགས་ལག་པས་ཁྱོག་ཙམ་གཉིས་རྒྱབ་ནས་ཟུར་དུ་ཤོག་ལིང་ཞིག་གི་ནང་དུ། “དོན་མེད་ནང་དུ་ཡོང་མི་ཆོག།” ཟེར་ནས་བྲིས་འདུག ང་ཚོ་ནི་དོན་མེད་གཏན་ནས་མིན། དོན་ཆེན་གྱི་ཆེད་དུ་གུ་རུའི་སྐུ་དང་དགོན་པར་གནས་མཇལ་ལ་ཐག་རིང་ནས་ཡོང་བ་ཡིན་ཏེ་བྱ་ཐབས་ཟད། ངས་དགོན་པར་སྒོ་ལྕགས་རྒྱག་དགོས་དོན་རླངས་འཁོར་ཁ་ལོ་བ་ལ་དྲིས་དུས། ཁོང་ནས་ཟེར་ན་དེང་སང་བལ་ཡུལ་དགོན་པ་ཕལ་ཆེར་འདི་ལྟར་རེད། དགོན་ནང་དུ་འགྲོ་དགོས་ན་ངོ་ཤེས་ཡོད་ན་མ་གཏོགས་གང་བྱུང་འགྲོ་ཆོག་གི་མ་རེད་ཟེར། རྒྱུ་མཚན་གཅིག་བལ་ཡུལ་སོགས་ལ་དགྲ་རྐུན་ཇག་གསུམ་ཧ་ཅང་མོད་པ་མ་ཟད་ཉེ་བའི་ལོ་ཤས་ནང་ཇག་པ་དགོན་ནང་དུ་ཡོང་ནས་བཙན་གྱིས་དངུལ་དང་རྒྱུ་ནོར་སོགས་འཕྲོག་བཅོམ་བྱུང་བས་ཡིན་སྐད་འདུག། ཉིན་རྒྱབ་བལ་ཡུལ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་ཡོད་པའི་གནས་ཚང་བླ་མ་ཕྲིན་ལས་ནང་དུ་བདེ་འབྱོར་བྱུང་། བླ་མ་ཕྲིན་ལས་ལགས་ཀྱི་ཕ་མ་དང་ནང་མི་སོགས་ནི་འདས་པའི་མི་ལོ་བཅུའི་གོང་ནས་བལ་ཡུལ་ནས་ངོ་ཤེས་པ་མ་ཟད་རིམ་གྱིས་གྲོགས་པོ་བློས་ཐུབ་ཞིག་ཏུ་གྱུར། མ་ལེ་ཤ་དང་སིངྒ་པོར་རྒྱ་གར་ལྷོ་ཕྱོགས་བཅས་ངོས་ཀྱི་ཆོས་ཕྱོགས་ཀྱི་ལས་འཆར་ཁག་མང་པོར་མཉམ་འགྲོ་བྱེད་མྱོང་ཞིང་བཤིབས་ན་བཟང་ཞིང་། འདྲིས་ན་འགྲོགས་བདེ་བ། བློ་བཀལ་ན་འགེལ་ཆོག་པའི་མི་བཟང་ཞིག་ཡིན། ད་རེས་ཁོང་གི་ནང་དུ་བསྡད་རིང་ཁོང་མ་བུ་གཉིས་ནས་གུས་པར་གང་དྲག་གིས་སྣེ་ལེན་ཟབ་རྒྱས་གནང་། ཁམས་པའི་མི་ཚང་གི་གཤིས་ཀའི་དྲི་མ་ཡལ་བ་ནང་དུ་འཛུལ་བ་དང་མཉམ་དུ་བོད་ཟས་གྲོ་མ་མར་ཁུ་དང་། ཤ་རྡོག་གཙོས་དུས་གསུམ་གྱི་ཟས་གང་དུ་ཡང་མ་གཏོགས་པར་མདུན་ཅོག་ཐོག་ཏུ་ཤ་དང་ཁམ་ཟས་ཀྱིས་བཀང་ནས་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་རེད་འདུག། ལྷག་པར་དུ་ཨ་མ་དེ་ཁ་ངག་གསལ་ཞིང་ཆོས་ལ་དད་སེམས་ཆེ་བ་མགྲོན་པོར་སྣེ་ལེན་བཟང་ཞིང་ཡ་རབ་སྤྱོད་བཟང་ཅན་ཞིག་འདུག། མདོར་བསྡུས་ནས་བཤད་ན་ད་རེས་ཀྱི་རྒྱ་བལ་གཉིས་ཀྱི་འགྲུལ་བཞུད་དེ་བཟང་པོའི་ཞོར་དུ་ཇ་ཆང་གི་དཔེ་ལྟར་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུངས་ཆོས་དང་། གནས་སྐོར། སྤུན་མཆེད་ཐུག་འཕྲད་སོགས་ཚང་མ་སྟབས་གཅིག་ཏུ་བྱུང་བས་ཧ་ཅང་དགའ་བོ་བྱུང་། ལྷག་པར་དུ་བལ་ཡུལ་ནས་ཆོས་གྲོགས་བླ་མ་ཕྲིན་ལས་གཙོས་སྔར་འདྲིས་ཀྱི་གྲོགས་པོ་རྙིང་པ་མང་པོ་ཞིག་ལ་སྐྱར་དུ་ཐུག་འཕྲད་བྱུང་བས་དེ་བས་ཀྱང་དགའ། བླ་མ་ཕྲིན་ལས་ལགས་ཀྱིས་གནས་ཚང་བཟང་གཡར་ཐོག་གནས་མལ་དང་བཟའ་བཏུང་སོགས་ཚང་མས་མཐུན་འགྱུར་སྣེ་ལེན་བརྗེད་པར་དཀའ་བ་གནང་བ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།། 

བླ་མ་ཕྲིན་ཚང་གི་མཆོད་ཁང་། 
སང་ཉིན་ནས་དགོང་མོ་བལ་ཡུལ་ཀ་ཐ་མཎ་གྲུའི་གནམ་ཐང་ནས་མ་ལེ་ཤའི་གནམ་ཐང་བརྒྱུད་སིངྒ་པོར་ལ་འགྲོ་ནས་འདི་ལོའི་རྒྱ་བོད་གཉིས་ཀྱི་ལོ་གསར་དེ་སྤྱི་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་གཅིག་ལ་ཁེལ་ཡོད་སྟབས་མ་འཕྲད་ཡུན་རིང་སོང་བའི་ངོས་ཀྱི་ཆོས་གྲོགས་རྣམས་དང་ལྷན་ལོ
གསར་སྲུང་གཙི་སིངྒ་པོར་ལ་བྱེད་འཆར་བྱས་ཡོད། དེ་རྗེས་སྤྱི་ཟླ་གསུམ་པའི་ནང་མ་ལེ་ཤ་རུ་ཡོད་པའི་ངོས་ཀྱི་ཆོས་ཚོགས་དང་གཞན་ཆོས་ཚོགས་འགའ་ཡི་རེ་བ་ལྟར་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། བར་དོའི་སྐོར་ཆོས་བཤད་བྱེད་ཅིང་དེ་རྗེས་བདུན་གཅིག་རིང་ཐེའུ་ཝན་ལ་འགྲུལ་ཐུང་ཞིག་ལ་འགྲོ་ནས་སྤྱི་ཟླ་གསུམ་པའི་ཟླ་སྨད་ཙམ་ལ་གནས་ཡུལ་ཨ་རིའི་ཀི་ལི་ཧྥོ་ཉ་རུ་འགྲོ་འཆར་ཡོད། 





No comments:

Post a Comment