Wednesday, July 25, 2018

རྒྱ་གར་ལྷོ་ཕྱོགས་ལ་འགྲུལ་བཞུད་སྐོར་གླེང་བ།

རྒྱ་གར་ལྷོ་ཕྱོགས་ལ་འགྲུལ་བཞུད་སྐོར་གླེང་བ།
དང་པོ་བརྗོད་བྱ་དངོས་ལ་མ་འཇུག་པའི་གོང་དུ་རྒྱ་གར་ལྷོ་ཕྱོགས་ཀོ་ལི་སྒར་དོན་ལྡན་གླིང་གཞིས་ཆགས་སུ་ཇི་ལྟར་འབྲེལ་བ་བྱུང་མིན་སྐོར་ལོ་རྒྱུས་མདོར་བསྡུས་བཤད་ཀྱི་ཡིན།
གསར་འབྱོར་ཞེས་པའི་རྣ་བར་གཟེན་པའི་མིང་འདོགས་དེ་ཁུར་ནས་གནས་ལ་ངེས་མེད་དགོན་སྡེ་དང་གྲོང་བསེབ། གྲོགས་ལ་ངེས་མེད་ཉམ་ཆུང་རང་འདྲའི་གསར་འབྱོར་སྐྱ་སེར་འགའ་དང་ལྷན་སྐབས་རེ་རི་ཁྲོད་དུ་མཚམས་ལ་བསྡད་ཅིང་སྐབས་རེ་དགོན་ཆུང་རེར་དཔེ་ཁྲིད་འདྲ་བཤད་ཁུལ་བྱས་ནས་གང་ལྟར་འདུག་སའི་གནས་དང་རྟེན་སའི་མཁར་སོགས་གང་ཡང་མེད་པར་གང་སར་ཁྱིམ་སྡོམ་བཞིན་ཉུལ་བཞིན་པའི་སྐབས་སུ་ཐེངས་གཅིག་བཞུགས་སྒར་རྡ་རམ་ས་ནས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུངས་ཆོས་ཞིག་ལ་ཆེད་བཅར་བྱས་དེ་ནི་ཕལ་ཆེར་༢༠༠༥་ལོར་ཡིན། སྐབས་དེ་དུས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་གཟིམས་ཆུང་མཇལ་ཁ་ཞིག་ཞུས། ཁོང་ནི་དུས་རབས་འདིར་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་གཙུག་རྒྱན་དང་འཛམ་བུ་གླིང་དུ་འཚེ་མེད་ཀྱི་ཞི་བའི་ལམ་སྟོན་གནང་མཁན་དང་ཞི་བདེའི་དེད་དཔོན་ཀྱང་ཡིན། མ་ཟད་གཞིས་བྱེས་བོད་རིགས་ཤི་གསོན་ཡོངས་ཀྱིས་གསོན་པའི་སྐབས་སུ་བློ་གཏད་ཞུ་ཡུལ་དང་། ཤི་ན་རྣམ་ཤེས་བཅོལ་སའི་རེ་བའི་སྐྱབས་གནས་ཉག་གཅིག་པུ་དེའང་ཡིན། ལྷག་པར་དུ་ཉམ་ཆུང་བདག་ལྟ་བུ་སྔུན་བསུ་རྒྱབ་སྐྱོར་གང་ཡང་མེད་མཁན་བོད་རིགས་ཉམ་ཐག་རྣམས་ལ་དམན་ལ་ལྷག་པར་བརྩེ་ཞིང་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་རེ་ལྟོས་དང་སྐྱབས་གནས་ཞུ་སའི་ཕ་མ་ལྟ་བུ་ཡང་ཡིན།


དོན་རྡོག་ཏུ་དྲིལ་ནས་ཞུས་ན༏ བཀྲ་ཤིས་པའི་ཉིན་མོ་དེར་ཡིག་ཚང་ནས་མཇལ་ཁའི་བརྡ་ལན་འབྱོར་བ་ལྟར་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་གཟིམས་ཆུང་མཇལ་ཁར་སོང་བ་ཡིན། མཇལ་ན་དུག་གསུམ་གྱི་ནད་ངན་གདན་ཐོག་དེ་ཉིད་དུ་གཏན་འགགས་སུ་འགྲོ་བའི་བཅོས་མིན་ཁོང་གི་འཛུམས་མདངས་ཅན་གྱི་ཞལ་རས་དཀར་གསལ་ཟླ་བ་ཉིད་མཇལ་བ་དང་ལྷན་ཁོ་བོའི་མིག་ཆུ་ནི་རང་དབང་མེད་པར་མཁུར་ཚོས་གཡས་གཡོན་གཉིས་ནས་གཞུར་སོང་། ཁོང་ནི་ནམ་རྒྱུན་མཚར་རྩེད་ལ་ཐུགས་དགྱེས་པས་ང་ལ་འདི་ལྟར་གསུངས། “ཕ་བཀའ་བརྒྱུད་པའི་སློབ་མ་ཡིན་པའི་རྟགས་སུ་མོས་གུས་ཆེ་རབ་འདུག་ག།” གསུངས་ནས་གུས་པའི་མགོ་བོར་ཕྱག་གིས་བྱིལ་བྱིལ་གནང་བཞིན། དེ་ནི་དེ་སྔོན་མཇལ་ཁ་ཐེངས་འགའ་ཙམ་ཞུ་མྱོང་ཡོད་པས་ཁོང་ནས་ང་བཀའ་བརྒྱུད་པ་ཡིན་པ་ཤེས་ནས་གསུངས་པ་རེད།  “ཡ་ཁྱེད་རང་སྔོན་མའི་ནད་དེ་དེང་སང་གང་འདྲ་འདུག། ལར་ནི་ཁྱེད་རང་དེང་སང་མ་ལེ་ཤ་རུ་ཡོད་མ་རེད་པས།” ཅེས་གསུངས་སོང་། དེ་ནི་སྐབས་དེ་དུས་ཡར་རྩིས་པའི་མི་ལོ་དྲུག་ཏག་ཏག་སྔོན་༡༩༩༩་ལོར་གསར་འབྱོར་མཇལ་ཁ་ཐེངས་གཉིས་པའི་སྐབས་སུ་ང་ཡུན་རིང་ནད་ཀྱིས་མནར་ནས་བཤའ་བཅོས་བྱས་མ་ཐག་པ་ཡིན་སྟབས་དེ་དུས་ང་ནད་པ་ཡིན་པ་ཁོང་ནས་ཤེས་པ་རེད། མི་མང་བརྒྱ་ཕྲག་མང་པོའི་དཀྱིལ་ནས་ཧ་ཅང་བྲེལ་ཟིང་ཆེ་བའི་སྐབས་སུ་ཁྱུག་ཙམ་ཞིག་གཟིགས་པ་དེ་ལོ་མང་སོང་ཡང་ད་དུང་ཡང་མི་བརྗེད་པའི་དྲན་པ་བརྟན་པོ་དེར་ང་ནི་ཧ་ལས་སོང་། གཟིམས་ཆུང་མཇལ་ཁའི་དུས་ཚོད་ནི་སྐར་མ་སུམ་བཅུ་ལས་མེད་ཀྱང་ཡར་ཞུ་མར་གསུངས་གང་ལྟར་ཕལ་ཆེར་ཆུ་ཚོད་གཅིག་ཙམ་འགོར་སོང་། མཐར་ཁོང་ནས་འདི་ལྟར་གསུངས།
“མ་འོངས་པར་རྒྱ་བལ་སོགས་ལ་དགོན་པ་གསར་གཞེངས་བྱེད་པ་ལས་དངུལ་ཡོད་ན་གཞིས་ཆགས་ཉམ་ཐག་དེ་འདྲར་རོགས་རམ་བྱེད་ཐུབ་ན་ཡག་པོ་ཡོད་རེད་” ཅེས་པའི་བསླུ་མེད་རྡོ་རྗེའི་བཀའ་སློབ་གསེར་རི་འདྲ་བ་ཞིག་གུས་པའི་ཕྲག་ཏུ་ཐོག་ཏུ་བབས་བྱུང་བས་དེ་ནས་བཟུང་སྟེ་ཅི་གསུངས་བཀའ་སྒྲུབ་ཀྱིས་ད་བར་མི་ལོ་འགའ་ཡི་རིང་ཀོ་ལི་སྒར་དོན་ལྡན་གླིང་གཞིས་ཆགས་གྲོང་སྡེ་འགའ་ཤས་སུ་ཆུ་དོང་གཏིང་བའི་འགྲོ་སོང་དང་འགའ་ཤས་སུ་ལམ་འགག་གསར་སྐྲུན་འགྲོ་སོང་གི་རོགས་རམ་བཅས་བྱས། གྲོང་སྡེ་Bནང་དུ་མི་གྲངས་བདུན་བརྒྱ་ཤོང་ཚད་ཅན་གྱི་བདེ་ཆེན་ཞིང་སྒྲུབ་འཚོགས་ཁང་གསར་གཞེངས་སོགས་རང་ནུས་འཇོན་ཚོད་སྐྱབས་མགོན་ཡིད་བཞིན་ནོར་བུའི་ཅི་གསུངས་བཀའ་སྒྲུབ་ཕྱོགས་ཙམ་ཞིག་བྱེད་ཁུལ་བྱས་པ་ཡིན། ད་ཐེངས་སྤྱི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་སེན་ཧྥ་རན་སེའི་སེ་ཀོའི་གནམ་ཐང་ནས་སིངྒ་པོར་གནམ་ཐང་བརྒྱུད་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གནམ་ཐང་དུ་འབྱོར། བྷེང་ལོར་གནམ་ཐང་ནས་མཁན་པོ་ཨོ་རྒྱན་འོད་ཟེར་དང་།གཞིས་ཆགས་མི་རྒན་དབང་གྲགས་མགོན་པོ་བསྟན་འཛིན་རིན་ཆེན་གསུམ་ནས་ལག་ཏུ་ཁ་བཏགས་བཟུང་ནས་སྒུག་འདུག དེ་ནུབ་མགྲོན་ཁང་ཞིག་ནང་དུ་བསྡད་ནས་ཕྱི་ཉིན་ཞོགས་པ་སྔ་བོར་ཆུ་ཚོད་དྲུག་ཙམ་གྱི་སར་ཆོད་པའི་ཀོ་ལི་སྒར་དོན་ལྡན་གླིང་དུ་སོང་། གྲོང་སྡེའི་མི་མང་ནས་ལག་ཏུ་དཀར་གཙང་གི་ཁ་གཏག་དང་བདུག་སྤོས། མེ་ཏོག་སོགས་ཐོགས་ནས་བསུ་སྒུག་བྱས་འདུག ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་བདེ་འབྱོར་བྱུང་། ཉིན་གཅིག་ལ་ངལ་གསོ་བྱས་ནས་ཕྱི་ཉིན་སྟེ་སྤྱི་ཟླ་དྲུག་པའི་ཚེས་པ་༣༠་ནས་བདུན་པའི་ཚེས་གསུམ་བར་ཉིན་བཞིའི་རིང་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་མ་ལྔ་པ་དེ་སྐྱ་སེར་ཉིས་བརྒྱ་མ་ཟིན་ཙམ་གྱི་ལྷན་གེགས་མེད་ལེགས་གྲུབ་བྱུང་། ཞིང་སྒྲུབ་སྐབས་སུ་མི་མང་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་། བདེ་ཆེན་ཞིང་སྒྲུབ་ཀྱི་ཕན་ཡོན། ཞི་གནས་དང་ལྷག་མཐོང་སོགས་ནང་ཆོས་ཁམས་དང་མཐུན་པར་གང་ལྕོགས་བཤད་ཁུལ་བྱས་ནས་མི་མང་གི་རེ་འདོད་ཡོངས་སུ་བསྐང། ལོ་ལྟར་རེ་ཞིག་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་ཞལ་ལག་དང་དགེ་འདུན་པའི་སྐུ་མགྱེད་མཆོད་མེ་སོགས་འགྲོ་སོང་ཚང་མ་སིངྒ་པུར་ཡོད་པའི་འཇམ་དབྱངས་ཆོས་འཁོར་གླིང་ཐེབས་རྩ་ཚོགས་པ་ནས་གནང་གི་ཡོད། སྤྱི་ཚེས་བཞི་དང་ལྔ་གཉིས་ལ་གྲོང་སྡེ་N དང་L ནང་དུ་ཉིན་གཉིས་རིང་ནང་ཆོས་ངོ་སྤྲོད་བྱས་པས་མི་མང་ཧ་ཅང་དགའ་བོ་བྱུང་། སྤྱི་ཟླ་བདུན་པའི་ཚེས་པ་དྲུག་ཉིན་མོ་ས་གནས་གྲོང་སྡེ་ཡོངས་ཀྱིས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་དགུང་གྲངས་གྱ་གསུམ་ལ་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོར་སྐུ་མགྲོན་དུ་བོས་པ་ལྟར་ཆེད་བཅར་ཞུས་པས་མང་ཚོགས་ནས་བྲོ་གླུ་གཞས་སོགས་ཀྱིས་ཉིན་མོ་དེར་གུས་ཀྱང་གུང་སེང་གི་ཚུལ་དུ་སྐྱིད་སྡུག་དང་ལས་དབང་གཅིག་པའི་གཞིས་ཆགས་བོད་རིགས་སྤུན་ཟླ་རྣམས་དང་ལྷན་ཧ་ཅང་སྐྱིད་པོ་བྱུང་། སྤྱི་ཚེས་བདུན་ཉིན་མོ་ས་གནས་ཟློས་གར་ལྷ་མོ་ཚོགས་པ་ནས་ཀྱང་སྐུ་མགྲོན་དུ་བོས་པ་ལྟར་ཆེད་བཅར་ཞུས།  
ཕ་ཡུལ་བོད་ལ་མ་སླེབས་གནས་སྐབས་སུ་རྒྱ་གར་སྐྱབས་བཅོལ་གཞིས་ཆགས་འདི་རྣམས་ལ་ཐེངས་རེ་འཕྲད་པའི་སྐབས་སུ་ཕ་ཚབས་སུ་ཨ་ཁུའི་དཔེ་ལྟར་རེ་ཞིག་བློ་བདེ་སེམས་སྐྱིད་ཡོང་གི་འདུག ལར་ནི་དེང་སང་གཞིས་ཆགས་ཁག་ཏུ་དཀའ་ངལ་གཅིག་ཡོད་པ་དེ་ནི་གར་འགྲོ་མེད་པའི་རྒན་གོག་ལས་མེད་འགའ་ཁྱིམ་སྲུང་གི་ཚུལ་དུ་གནས་པ་ལས་གཞོན་སྐྱེས་རྣམས་ཕྱི་རྒྱལ་དང་གྲོང་ཁྱེར་ཆེ་ཁག་ས་གནས་གཞན་དུ་གནས་སྤོ་བྱེད་ནས་ནམ་ཞིག་གཞིས་ཆགས་རྣམས་སྟོང་པར་ལུས་པའི་ཉེན་ཁ་ཆེན་པོ་ཞིག་ཡོད་པ་དེ་རེད།

ངན་ཕྱོགས་ནས་བཤད་ན། དེང་སང་བོད་ཀྱི་ཆོས་དང་རིག་གཞུང་འདི་བསམ་བཞིན་དུ་རྒྱ་ནག་དམར་པོའི་གཞུང་ནས་རྩ་མེད་དུ་གཏོང་ཞིང་དེ་ལས་སེམས་ཧ་ཅང་ཕམ་དགོས་པ་ཞིག་ལ་བཅོལ་ཆུང་ཀླད་སྟོང་བོད་རིགས་གཞོན་སྐྱེས་འགའ་ཞིག་ནས་རང་ཉིད་དཀྲུས་ན་མ་དག་པའི་ཤ་ཁྲག་རུས་གསུམ་བོད་རིགས་དག་མ་ཡིན་བཞིན་དུ་བོད་པའི་ཆོས་དང་རིགས་གཞུང་འདི་རྗེས་ལུས་དང་ལྟས་ངན་དུ་གཙི་བའི་ལུགས་སྲོལ་ངན་པ་ཉིན་རེ་བཞིན་བོད་ཕྱི་ནང་གཉིས་སུ་དབྱར་ཁའི་སྤང་གི་ཤ་མོང་བཞིན་ཇེ་མང་དུ་རྡོལ་བཞིན་པའི་བསྐལ་མིན་གྱི་དུས་འདིར། ཇི་སྲིད་གཞིས་བྱེས་བོད་རིགས་མཉམ་འཛོམས་མ་བྱུང་བ་དེ་སྲིད་དུ་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་སྡོད་བོད་རིགས་རྣམས་ཀྱི་རྒྱུད་ནས་རིགས་གཞུང་འདི་མ་རླག་པར་དམ་འཛིན་བྱེད་དགོས་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག།
བཟང་ཕྱོགས་ནས་བཤད་ན། སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བསྟེན་ནས་དེང་སང་བོད་པའི་སྐྱབས་བཅོལ་བའི་གནས་ཚད་འདི་ཉིད་ཀྱང་སྔར་དང་མི་འདྲ་བར་རྒྱ་གར་གཙོས་ཕྱི་རྒྱལ་གང་སར་ཀུན་གྱིས་གདེངས་འཇོག་ཆེན་པོ་བྱེད་ནས་སྤྲིན་བར་གྱི་ཉི་གཞུར་ལྟར་བདེ་སྐྱིད་ཀྱི་འོད་སྣང་གསར་པའི་སྐབས་སུ། གང་ལ་བཀྲ་ཤིས་ཡོད་ན་དེ་ལ་སྣ་ནག་མ་ཡོད་པ་ལྟར། བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ནང་གི་མཛད་གཙོ་མི་ངན་རེ་ཟུང་ཞིག་གིས་རྩ་བ་བོར་ནས་ཡལ་ག་འཚོལ་བའི་དཔེ་ལྟར།
གནའ་སྔ་མོའི་ཆོལ་ཁའི་འཐེན་ཁྱེར་དེ་ཉིད་མི་ཆེན་དང་སྐུ་དྲག་གི་རིགས་སུ་གཏོགས་པའི་མི་སྣ་འགའ་ཡིས་འདས་པའི་མི་ལོ་བཅུ་ཕྲག་འགའ་ཡི་ནང་སྒེར་གྱི་འཁོན་འགྲས་སྤྱི་ཐོག་སྤུངས་ནས་རྙོག་དྲྭ་དེ་ཉིད་མཚམས་མ་ཆད་པར་བྱས་ཡོད། ཆོལ་ཁའི་ནད་ངན་དེ་ཉིད་ད་དུང་ཡང་མི་རབས་གསར་པའི་བསམ་མེད་གཡམ་རྒྱུག་ཅན་འགའ་ཡི་ཁོག་ཏུ་ཞུགས་ནས་བོད་སྤྱི་ཡི་རྩ་དོན་ལ་བསམ་བློ་མེད་པར་གར་སོང་ལ་བཀྲ་མ་ཤིས་པ་དང་། གར་བསྡད་ལ་དོན་མ་འགྲུབ་པར་བཟོ་མཁན་ཚོགས་པའི་དཔུང་གདངས་བསྒྲིགས་ནས་བོད་རིགས་སྐྱབས་བཅོལ་བ་རྣམས་ཞོ་བཞིན་དུ་ཆགས་པ་དེ་ཁྲག་བཞིན་དུ་དཀྲུག་མཁན་ཆོལ་ཁ་དང་ཆོས་ལུགས་ཀྱི་ནད་ངན་དེས་དེང་སང་འཛམ་གླིང་བོད་རིགས་སྤྱི་ལ་་ཁྱབ་པ་མ་ཟད་སེམས་སྐྱོ་དགོས་པ་ཞིག་ལ་ས་མཐར་ལྷགས་པའི་གཞིས་ཆགས་གཉོམ་ཆུང་འདི་རྣམས་ལའང་ཆོལ་ཁའི་ནད་ངན་དེས་ཁྱབ་ཚར་འདུག།
གནས་སྟངས་སྐྱོ་བོ་འདི་འདྲ་ཞིག་གི་ཐོག་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་གྱི་རྙོག་དྲ་འདི་ནི་༧སྐྱབས་མགོན་སྐུ་ཚེ་ཐུང་རྐྱེན་དང་། བོད་མི་ནང་ཁུལ་གཏོར་བྱེད། དགྲ་དགའ་གཉེན་སྡུག་གི་བྱེད་སྟངས་འདིར་མཚམས་མ་བཞག་ན་ནམ་ཞིག་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་ཞིང་དུ་ཕེབས་སྔའི་ཉི་མ་ནག་པོ་ཞིག་བསོད་ཟད་བོད་མི་ངེད་རྣམས་ཀྱི་མགོ་ཐོག་ཏུ་མི་འཆར་བའི་ངེས་པ་གཏན་ནས་མི་འདུག་བསམ་ནས་ང་ནི་མི་སེམས་ཆུང་ཡིན་ན་གང་ཞེ། བསམ་ཐེངས་རེ་ལ་མཚན་མོ་གཉིད་ལ་གནོད་པ་དང་། ཉིན་མོ་ཟས་ཆག་པ་སོགས་ཡོང་གི་འདུག།
ད་དེ་རིང་གི་ཉིན་ཐོ་དེ་རྩོམ་འདིས་མཇུག་བསྡུ་བ་ཡིན།

།རྒྱལ་བ་དོན་གྱི་བདག་པོས་ལོ་མང་རིང་། །དཀའ་བ་བརྒྱ་ཡིས་སྐྲུན་པའི་རང་གཞུང་འདི།
།ཁུ་ཚུར་སེན་མོས་རྒྱབ་རྟེན་མ་ཐུབ་ཀྱང་། དམའ་འབེབས་རྡོག་རྫིས་མི་བྱེད་དམ་བཅའ་ཡིན།

།ཤ་རུས་གདུང་རྒྱུད་གཅིག་ཏུ་མཆེད་པ་དང་། །ལས་ཀྱིས་བསྡུས་པའི་ཆོལ་གསུམ་བོད་རིགས་རྣམས།
།ལ་རྒྱའི་དཔུང་པ་མཉམ་གཤིབ་མ་ཐུབ་ཀྱང་། །ནང་ཁུར་འཐེན་ཁྱེར་མི་བྱེད་དམ་བཅའ་ཡིན།

།ནང་བསྟན་གཅིག་ཏུ་བརྒྱུད་པའི་བོད་ཆོས་འདི། །གཞུང་ལུགས་གདམས་ངག་འཆར་བའི་ཉམས་ལེན་གྱིས།
།རིས་མེད་བསྟན་ལ་དག་སྣང་མ་ཐུབ་ཀྱང་། །ཆོས་སྤངས་ལས་ངན་མི་གསོག་དམ་བཅའ་ཡིན།

།ཕ་ས་དགྲ་བོས་འཕྲོག་ཅིང་ཡུལ་དུ་གྱར། །རང་ས་ལག་མཐིལ་ཙམ་ཡང་བསྟེན་རྒྱུ་མེད།
།ད་དུང་ཆོལ་ཁ་ཆོས་ལུགས་འཁྲུག་རྩོད་འདི། །སྲོག་འདི་ཐེངས་དགུར་ཆད་ཀྱང་ངས་མི་བྱེད།

།མིང་གི་ཆེད་དུ་རྐུབ་སྟེགས་རྩོད་པ་དང་། །རྐུབ་སྟེགས་ཆེད་དུ་ཆོལ་ཁ་ཆོས་ལུགས་འཁྲུགས།
།ཡིད་བཞིན་ནོར་བུའི་སྐུ་ཚེ་ཐུང་རྐྱེན་འདི། །ཅི་ལ་ཐུག་ཀྱང་མི་བྱེད་དམ་བཅའ་ཡིན།

།མདོར་ན་གཡར་པོའི་སྒྱུ་ལུས་ཐོ་ཡོར་འདི། །མ་ཞིག་བར་དུ་ཆོལ་གསུམ་བོད་རིགས་ལ།
།མཚན་དམས་ཞབས་འདྲེན་ནམ་ཡང་མི་བྱེད་པར། །འགྱུར་མེད་སྙིང་ནས་ཁོ་བོས་དམ་བཅའ་ཡིན།

སྔ་ལོར་བྲིས་པའི་རྩོམ་ཉིད་འདིར་བཀོད་ནས་དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན། ཁ་དྲོ།