Wednesday, October 10, 2018

བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅུ་གཅིག་ལེགས་གྲུབ་བྱུང་བའི་སྐོར།

ས་གནས་འདིར་འབྱོར་བའི་ལོ་ནས་བཟུང་ད་བར་པོར་ལེན་ནུབ་བྱང་བོད་རོགས་ཚོགས་པའི་རྒྱུན་ལས་འགའ་ཡི་རྒྱུད་ནས་ས་གནས་དེར་ཟབ་ཆོས་རྨད་དུ་བྱུང་བ་བདེ་ཆེན་ཞིང་སྒྲུབ་པདྨ་དྲྭ་བ་འཚོགས། བདེ་ཆེན་ཞིང་སྒྲུབ་པདྨ་དྲྭ་བའི་ཆོ་ག་འདི་ནི་རྩ་བའི་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་བདེ་ཆེན་སྨོན་ལམ་ལ་མཉམ་མེད་དྭགས་པོས་ཡེ་ཤེས་པས་རྗེས་སུ་བཟུང་བའི་ནང་ཆེན་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་ནས་ཆོག་སྒྲིག་གནང་། ཆོ་ག་འདི་ཉིད་ཀྱི་སྒོ་ནས་བདེ་ཆེན་ཞིང་སྒྲུབ་ཉམས་ལེན་གནང་མཁན་བོད་ཁམས་ཀུན་ཏུ་ཁྱབ་བརྡལ་ཧ་ཅང་ཆེ་ཡང་རྒྱ་བལ་སོགས་ཕྱི་སྡོད་བོད་རིགས་ཁྲོད་དེ་ཙམ་མི་སྣང་། གུས་པས་འདས་ལོ་བཅུ་ཕྲག་ལྷག་ཙམ་རིང་རྒྱ་གར་ལྷོ་ཕྱོགས་དང་། བལ་ཡུལ། མ་ལེ་ཤཱ། ཨ་རི་སོགས་ས་གནས་མ་འདྲ་བ་མང་པོར་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་ས་གནས་མང་པོར་བདེ་ཆེན་ཞིང་སྒྲུབ་འདི་རྒྱུན་འཛུགས་ཐུབ་པས་བན་རྒན་བློ་བ་དགའ་ནས་བསྡད་ཡོད། ལྷག་པར་དུ་ཨ་རིའི་པོར་ལེན་བོད་རིགས་རྣམས་ལ་བདེ་ཆེན་ཞིང་སྒྲུབ་གསར་འཛུགས་བྱས་ནས་མི་ལོ་ཧྲིལ་པོ་བཅུ་གཅིག་ཏག་ཏག་འཁོར་སོང་། སྤྱིར་གཏང་ང་ཚོའི་བོད་རིགས་འདི་རྣམས་ལ་གོམ་གཤིས་ངན་པ་ཞིག་ཡོད་པ་དེ་ནི་མཐོན་པོའི་བླ་ཆེན་རྣམས་ཀྱི་མིང་ལ་ཧབ་ཐོབ་བྱེད་ནས་འགྲོ་བ་ལས་རང་ཐད་ཀྱི་བླ་མ་རྣམས་ལ་དབང་ཞུ་སྐྱབས་གནས་བྱེད་སྲོལ་གཏན་ནས་མེད། ད་དུང་དྲིས་ན་དགོས་པའི་སྐྱབས་གསུམ་གྱི་དབྱེ་བ་དང་། མཚན་ཉིད། ཐ་ན་གྲངས་ཀ་སོགས་བགྲང་ཤེས་མཁན་ཧ་ཅང་དཀོན། མི་དགོས་པའི་ཆོས་ལུགས་ཀྱི་དབྱེ་བ་དང་ཆོལ་ཁའི་འཐེན་ཁྱེར་སོགས་ནི་བསམ་ན་ཡི་མུག་པ་དང་། བཤད་ན་སེམས་སྐྱོ་དགོས་པ་བཅོས་མེདཀྱི་ནད་ངན་དེས་ཕྱིར་བསྡོད་ཀྱི་བོད་རིགས་མང་པོར་ཁྱབ་ཡོད། གང་ལྟར་པོར་ལེན་བོད་རིགས་འདི་རྣམས་ནི་ཕྱི་སྡོད་བོད་རིགས་བྱིང་ལས་ནད་དེ་ཅུང་དྲག་ག་འདུག། ལྷག་པར་དུ་གུས་པས་གསར་འཛུགས་བྱས་པའི་བདེ་ཆེན་ཞིང་སྒྲུབ་འདི་ནི་ལོ་རེ་བཞིན་ཇེ་ཡག་དང་། མི་མང་ནས་ཀྱང་ཟབ་ཆོས་འདིའི་བསྟན་པ་དང་སྟོན་པ་གཉིས་ཀར་དད་མོས་ལོ་རེ་བཞིན་ཇེ་ཆེ་རེད། ངས་ཀྱང་རྒྱུད་གཞུང་དང་མ་འགལ་བར་ཞོགས་པ་སྔ་བོ་ཆུ་ཚོད་བདུན་པའི་སྐབས་སུ་བསྙེན་གནས་ཡན་ལག་བརྒྱད་པའི་གསོ་སྦྱོང་གི་སྡོམ་པ་མཉམ་ལེན་བྱེད་ཅིང་། དེ་ནས་བདེ་ཆེན་ཞིང་སྒྲུབ་པདྨ་དྲྭ་བར་མཉམ་ཞུགས་བྱེད། བར་མཚམས་སུ་བདེ་བ་ཅན་ལ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་སོགས་གང་དྲག་བྱེད་ཀྱི་ཡོད། བོད་རིགས་འདི་རྣམས་ལ་བཟང་པོའི་ཆ་གཅིག་ཡོད་པ་དེ་ནི་སྒོར་ཁུག་སྲབ་འཐུག་ལ་མ་ལྟོས་པར་ཡར་མཆོད་མར་སྦྱིན་གྱི་གཏོང་ཕོད་དེ་རེད།  ད་རེས་ཀྱང་ཉིན་རེའི་ཞོགས་ཟས་དང་ཉིན་གུང་གསོལ་ཚིག་སོགས་སྦྱིན་བདག་ནི་འཚང་ཁ་ཤིག་ཤིག་རེད། ཞིང་སྒྲུབ་སྐབས་སུ་དམར་ཟས་སྤང་བ་མ་ཟད་ཉིན་རྒྱབ་ནས་བཟུང་སྟེ་དུས་མ་ཡིན་པའི་ཟས་དགོང་ཟས་བཟའ་སྲོལ་མེད། ཉིན་རྒྱབ་ལོ་ལྟར་དམིགས་བསལ་གྱི་དཔེ་ཆ་རྣམས་རེས་མོས་སུ་བཤད། དཔེར་ན་འདས་པའི་མི་ལོ་བཅུ་གཅིག་རིང་སྤྱོད་འཇུག་རྩ་བ་དང་། ཐར་རྒྱན། རྒྱལ་སྲས་ལག་ལེན་སོ་བདུན་མ། བར་དོ་དྲུག་ཁྲིད། ཕྱག་རྫོགས་ཀྱི་ཁྲིད་ཀ་སོགས་བཤད་པ་ཡིན། ལར་ནི་འཁྱག་པས་འཁྱག་པ་མི་དྲོས་ཞེས་པའི་དཔེ་ལྟར་རང་ཉིད་ལ་གཞན་སྨིན་བྱེད་ཀྱི་དམ་པའི་ཡོན་ཏན་མགོ་མཇུག་ཕྱི་ནང་གང་ལ་ལྟས་ཀྱང་སྣ་གཅིག་ཀྱང་སྟོན་རྒྱུ་མི་འདུག། ཡིན་ནའང་ཀུན་སློང་བསམ་པ་བཟང་པོའི་ངང་ནས་ལུས་ངག་གི་ཀུན་སྤྱོད་སོགས་མཉམ་དུ་བསྒྲིལ་ནས་གཟབ་ནན་བྱེད་ཡོང་དུས་གནས་སྐབས་ཆོས་ཀྱི་མུག་གེས་མནར་བའི་མཐའ་འཁོབ་འདིར་ལྟོས་ས་ལྟོས་འཇོག་སྐབས་རེ་ར་གན་གསེར་རློན་ཅན་རེ་ཟུང་ལ་ཕན་ཐོག་ཀྱང་མི་དམན་ཙམ་འདུག། ལར་ནི་པོར་ལེན་བོད་རིགས་རྒན་གོག་འདི་རྣམས་ཀྱིས་གུས་པར་རྩི་འཇོག་ཧ་ཅང་ཆེ། བོད་ཆོས་འདི་ནི་བན་སེར་མོ་བ་རེ་ཟུང་ཞིག་གི་འཚོ་ཐབས་ཙམ་མ་ཡིན་པར་བོད་ཀྱི་རིག་གཞུང་གི་སྲོག་རྩ་ངོ་མ་དེ་ཡིན་སྟབས་ངས་ཀྱང་རིག་གཞུང་འདི་མི་ཉམས་གོང་འཕེལ་ཆེད་དུ་བན་རྒན་མ་ཤིའི་བར་རྣོན་པོའི་སོ་ཡིས་མ་ཆོད་ཀྱང་འཇམ་པོའི་རྐན་གྱིས་མི་གཏང་ཞེས་པའི་དཔེ་ལྟར་ལས་འགུལ་འདི་མཚམས་མི་འཇོག་པའི་དམ་བཅའ་ཡོད།
ལར་ནི་འདས་པའི་མི་ལོ་བཅུ་ཕྲག་གཉིས་རིང་གནས་ལ་ངེས་མེད་ལུང་པ་འདྲ་མིན། གྲོགས་ལ་ངེས་མེད་མགོ་སེར་ནག་སོགས་མི་འདོད་ཁྱི་སྡོམ་བཞིམ་དུ་ས་མཐར་འཁྱར་བའི་སྔུན་ནས་བསུ་མ་དང་རྒྱབ་ནས་སྐྱེལ་མ་སོགས་གང་ཡང་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་གི་བཤུལ་ལམ་ལ་ཕྱི་མིག་ཞིག་བལྟས་དུས་རང་ཉིད་ངར་མ་ཞིག་ཡིན་པ་གཞི་ནས་ཤེས་ཀྱི་འདུག། ཧ་ཧ་ཧ།
ད་མང་པོ་མི་བཤད་མུག་ཁ་དེར་བདག་པོ་རྒྱབ་ན་ཡག
དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན་ཁ་དྲོ།

No comments:

Post a Comment