Monday, December 3, 2018

ཟླ་བ་གཅིག་རིང་ཕུར་པའི་བསྙེན་མཚམས་ཞིག་ལ་བསྡད་པ།

རང་ལོ་ཉེར་གཅིག་སྐབས་སུ་གུས་པའི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་དང་དྲིན་ཅན་ཕ་འདས་པོ་གཉིས་ཀྱི་སྐུ་དྲིན་ལ་བསྟེན་ནས་རང་དགོན་མཆོག་གླིང་གཏེར་གསར་སྒྲུབ་སྡེ་ཐོག་མའི་གྲལ་དུ་ལོ་གསུམ་ཕྱོགས་གསུམ་མཚམས་ལ་འདུག་རྒྱུའི་གོ་སྐབས་བྱུང་། དེ་ནས་བཟུང་སྟེ་ཐོས་བསམ་སྒོམ་གསུམ་གང་བྱས་རྣམས་ཡན་གར་དུ་མ་སོང་བར་ཐོས་དོན་བསམ་སྒོམ་གཉིས་ཀྱི་ཡན་ལག་ཏུ་གོ་ནས་གང་བསྒྲུབ་རྒྱུའི་ཆོས་ཉིད་མདོར་ཧྲིལ་གྱིས་དྲིལ་ན་རང་རྒྱུད་ཉོན་མོངས་འདུལ་བྱེད་ཀྱི་རྒྱུ་རུ་འགྲོ་དགོས་པའི་ངེས་ཤེས་ཀྱིས་བློ་ཆོས་སུ་འགྲོ་བའི་སྒོ་འཕར་ཡངས་པོར་ཕྱེས། དེང་སང་རྟོག་གེ་བ་ཐོས་དོན་རྒྱུད་ཐོག་ཏུ་མ་སོང་བ་འགའ་ཞིག་ནས་ལོ་གསུམ་ཕྱོགས་གསུམ་མཚམས་ལ་འདུག་རྒྱུ་ནི་དུས་ཚོད་གྲོན་པའི་རྒྱུ་རེད། ་དེ་བས་ཤེས་རབ་འཕེལ་བ་ལ་ལོ་གསུམ་ཕྱོགས་གསུམ་བསྡུས་གྲྭ་སྦྱང་ན་ཡག་བླ་ཆེན་ག་གེ་མོས་གསུངས་ཞེས་སྒྲུབ་བྱེད་ལྟར་སྣང་འགའ་ལ་བསྟེན་ནས་བཤད་ཡམ་རྔམ་པོ་ཆེ་རེ་འཐེན་ཁུར་བྱེད་ཀྱང་། དེ་ནི་བླ་ཆེན་དེ་ཉིད་ཀྱི་གསུང་གི་དགོངས་པ་ངོ་མ་དེ་མ་ལོན་པར་སྣང་།
གང་ལྟར་ངོས་ལ་མཚོན་ན་ཆུང་ནས་ད་བར་ལས་སྨོན་རྟེན་འབྲེལ་བཟང་པོའི་དབང་གིས་རང་རེའི་མེ་ཏོག་ཕོག་པའི་ལྷ་བསྐལ་ཉམས་ལེན་སྒྲུབ་པའི་བཀའ་བབས་དང་།
བྱིན་རླབས་དང་མོས་གུས་ཀྱི་བཀའ་བབས་སོགས་ཁྱད་ཆོས་དུ་མ་ཡོད་པའི་བརྒྱུད་པ་གསེར་གཙོ་མ་ལྟ་བུ་ལ་དམ་སེལ་དང་ལོག་རྟོག་གི་གཡའ་ཡི་མ་གོས་པའི་སྒྲུབ་བརྒྱུད་པའི་གྲལ་མཐར་སྐྱེས། ཆུང་ནས་དགེ་བའི་བཤེས་གཉེན་ཚད་ལྡན་མང་པོས་བྱིན་རླབས་ཀྱི་དྲོད་ཀྱིས་ཉེ་བར་བསྐྱངས་བའི་སྐུ་དྲིན་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་ཕྱོགས་རེ་གཡག་ཞར་གྱི་རྩྭ་ལྟར་མ་སོང་བ་ད་ལྟར་བལྟས་ན་འདི་ནི་ཆེས་སྐལ་པ་སྦོམ་པོ་ཞིག་ཏུ་འཁུམ། འགྲོ་དགོས་ས་དང་ལས་དགོས་རྒྱུ་ནི་རྫོགས་རྒྱུ་མེད་པ་ཆུ་ནག་གི་གཉེར་མ་ལྟར་མང་དག་ཞིག་ཡོད་ཀྱང་གནས་སྐབས་ཡོད་ཚད་བློས་གཏང་ནས་གནས་འདིའི་ཐག་ཉེར་རྦིག་སུར་ཞེས་པའི་བོད་ཀྱི་ས་ཆ་འདྲ་བོ་ཞིག་ཡོད་པས་རི་མགོ་དེར་ཆོས་གྲོགས་མཁས་དབང་ཆེན་པོ་ཨ་གནམ་ཐུབ་བསྟན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་གྱིས་བསྡད་སའི་གནས་མལ་གཡར་བས་ཉིན་མོ་རས་གུར་ནང་དུ་ཐུན་བཟུང་ཞིང་མཚན་མོ་ཉལ་ས་ཤིང་གི་ཁང་པར་བྱས། ས་གནས་དེར་ང་མ་གཏོགས་མི་གཞན་དག་ནི་བཙལ་ཀྱང་མི་རྙེད། དབེན་གནས་ཀྱི་རྒྱུ་ཚོགས་ལེགས་པར་ཚང་ཞིང་ལྷག་པར་རྫོགས་ཆེན་ཐོད་རྒལ་ཉམས་ལེན་བྱེད་སའི་གནས་ཀྱི་ཁྱད་ཆོས་ནམ་མཁའི་མཐོངས་ཡངས་ཤིང་། ཤར་ནུབ་གཉིས་ཀྱི་ཉི་མའི་རྒྱུ་ཐག་ཧ་ཅང་རིང་། སླེབས་པ་ཙམ་གྱིས་དབེན་ཅིང་འཇམ་ལ་རང་བཞིན་གྱིས་སེམས་ལ་བདེ་བ་ཐོབ།


མི་མེད་དབེན་པའི་ནགས་ཁྲོད་དུ། །སྐྱོ་ཆད་དེ་བ་ལ་སང་དུས་མེད།
།བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད།
ཅེས་པའི་ཚོར་བ་འདི་རང་བཞིན་གྱིས་ཡོང་གི་གདའ།
ད་རེས་དུས་བརྒྱའི་ཟ་མ་ལན་གཅིག་གི་དཔེ་ལྟར་གོ་སྐབས་བཟང་པོ་འདི་དམ་འཛིན་བྱས་ནས་རང་ཉིད་གཅིག་པུར་ཟླ་གཅིག་རིང་ནས་བསྙེན་པའི་ལྷག་པའི་ལྷ་མཆོག་ཕུར་པ་རྡོ་རྗེ་གཞོན་ནུའི་བསྙེན་མཚམས་ཞིག་ཏུ་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་།


བསླུ་མེད་གཏན་གྱི་གྲོགས་བཟང་དམ་ཆོས་འདི། །གཉིས་མེད་ཡེ་ཤེས་མངོན་དུ་མ་གྱུར་པར།
།འབྲལ་མེད་དུས་ཀུན་ཉམས་སུ་ལེན་པ་ལ། །གེགས་མེད་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས།།