Saturday, December 31, 2011

ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ལུགས་ཀྱི་ལོ་གསར་ཉིན་མོ།

ཉིས་སྟོང་བཅུ་གཉིས་ཀྱི་ལོ་གསར་ཤིས་ཤོག
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་སོ་གདོང་སོགས་གཙང་མ་བྱས་ཤིང་། ཁ་འདོན་ལ་བྲེལ་ནས་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ལ་རོལ། ཉིན་མོ་འདི་ནི་ཕྱི་ལུགས་ཀྱི་ཉིས་སྟོང་བཅུ་གཉིས་ཀྱི་གནམ་ལོ་གསར་དུ་བཞད་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་སྟབས་ངོས་ཀྱང་དེ་རིང་མགྲོན་པོར་འགྲོ་དགོས་ས་ཧ་ཅང་མང་པོ་ཡོད་སྟབས་ཁར་སྔོན་ཉིན་གཉིས་ནང་ཚུད་ཀྱི་ཆམ་རིམས་དེ་ལ་ཁ་འཕངས་ནས་ཚང་མ་ལ་གནས་སྐབས་དགོངས་ཞུ་བྱས་པ་ཡིན་ཀྱང་། ངོས་ཀྱི་ཐག་ཉེར་ཡོད་པའི་སློབ་མ་ཨེ་ཧྥེའུ་དང་ཌོག་གེའི་གཟའ་ཟླ་གཉིས་ནས་ཡིན་གཅིག་མིན་གཅིག་དགོང་མོ་ཆུ་ཚོད་དྲུག་པའི་སྐབས་དགོང་ཟས་ལ་ཡོང་དགོས་ཞེས་ཨུ་ཚུགས་བྱས་སྟབས་དེ་ལ་ཁས་ལེན་མ་བྱས་ཀ་མེད་བྱུང་སོང་། happy new year ཞེས་པའི་ཚིག་འདི་ནི་སྐྱིད་པའི་ལོ་གསར་ཟེར་བ་རེད། སྐྱིད་པའི་ལོ་གསར་ཞེས་འཛམ་བུ་གླིང་པའི་མི་རྣམས་ཀྱིས་ཉིན་མོ་འདི་ལ་དགའ་སྤྲོའི་རྣམ་པ་ཤུགས་ཆེན་པོའི་ངང་ནས་དུས་ཆེན་འདི་སྲུང་རྩི་བྱེད་ཀྱི་ཡོད། དེ་ནི་ཞིབ་ཏུ་འདིང་ཞིག་རྒྱབ་ན་ཆོས་པ་ཞིག་གི་ངོས་ནས་ཡིན་ན་རགས་པའི་མི་རྟགས་པའི་སྐོར་ལ་བསམ་བློ་མ་གཏང་བའི་སྐྱོན་ཆ་ཆེན་པོ་ཞིག་དང་། འཇིག་རྟེན་པའི་ངོས་ནས་ཀྱང་གསེར་ལས་དཀོན་པའི་དུས་ཚོད་ལ་རིན་ཐང་དང་ཆེ་མཐོང་མ་སྤྲད་པའི་སྐྱོན་ཆ་ཞིག་ཏུ་མཐོང་གི་འདུག དཔེར་ན་མི་ཞིག་གིས་འཇིག་རྟེན་འདིར་རྩ་ཆེ་ཤོས་དེ་ག་རེད་ཅེས་དྲིས་ན ངོས་ནས་ཞིབ་ཏུ་བསམ་བློ་གཏང་ན་དེ་ནི་དུས་ཚོད་རེད་ཅེས་ཐེ་ཚོམ་མེད་པར་ཟེར། རྒྱུ་མཚན་གང་ཡིན་ཟེར་ན་དུས་ཚོད་མེད་ན་ཆོས་དང་འཇིག་རྟེན། ནོར་དང་ལོངས་སྤྱོད་གང་ཡང་སྒྲུབ་མི་ཐུབ་པ་མ་ཟད། ཁྱོད་རང་ལ་སྐད་ཅིག་ཙམ་ལའང་འབྲལ་དུ་མེད་པའི་ཆེས་སྙིང་དུ་སྡུག་པའི་གྲོགས་པོ་གྲོགས་མོ་ཉིད་ཀྱང་དུས་ཚོད་ལ་བསྟེན་དགོས། དུས་ཚོད་མི་ཡི་ཚེ་སྲོག་ཡིན་པས་ཚེ་སྲོག་ཐུང་བ་ལ་དགའ་སྤྲོ་བྱེད་པ་འདི་ནི་ཆེས་བླུན་པོའི་ལས་ཀ་ཞིག་ཡིན་ནོ། 
གང་ལྟར་ཀྱང་དེ་རིང་རྒྱ་བོད་གཉིས་ཀྱི་རྩིས་ཀྱི་ལུགས་སྲོལ་ལྟར་དུ་བྱས་ན་ཆུ་འབྲུག་ལོའི་གནམ་ལོ་གསར་བཞད་སྐབས་སུ་ངོས་ནས་སྨོན་འདོད་པ་ཞིག་ལ། 
༡ སྐྱིད་པའི་རྫོགས་ལྡན་གནམ་ལོ་གསར་བཞད་འདིར། 
 སྐྱིད་མིན་སྡིག་པའི་ལས་ཀྱིས་མ་གོས་པར།
 སྐྱིད་ཀྱི་མཐར་ཐུག་དམ་ཆོས་ཉི་མ་འདིར།
 སྐྱིད་པའི་དགའ་སྟོན་ལོངས་སུ་སྤྱོད་གྱུར་ཅིག


༢ གནས་སྐབས་སུ་ཡང་འགལ་རྐྱེན་མཐའ་དག་ཞི།
 མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། 
 ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ།
 བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག


༣ ལྷ་རྣམས་མཁའ་ལས་མེ་ཏོག་ཆར་ཆེན་འབེབས། 
 ཀླུ་རྣམས་ཀུན་གྱིས་ས་གཞི་འབྱོར་པས་བཀང་།
 བར་དུ་སྐྱེ་དགུ་ཐམས་ཅད་བདེ་དང་ལྡན།
 མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག
ཞེས་ཡིད་གཉིས་ཐེ་ཚོམ་གྱི་དཔྱངས་ཐག་རེ་ཞིག་བཅད་ནས་སྨོན་པའོ། 
ཉིན་གུང་ཟ་མ་རུ་མོག་མོག་ཞིག་ཟོས་ནས་འཕྲོད་བསྟེན་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་མོ་རིའི་ཎའི་རྒྱ་མཚོའི་འགྲམ་དུ་སོང་། དགོང་མོ་ཆུ་ཚོད་དྲུག་པའི་སྐབས་སུ་ཌོག་གེའི་སླེབས་བྱུང་བས་ཁོ་རང་ཚོའི་ནང་དགོང་ཟས་ཟ་རུ་སོང་བས་དེར་ཁོ་རང་ཚོའི་སྤུན་མཆེད་དང་ནང་མི་སོགས་སྡོམ་པས་མི་གྲངས་དྲུག་ཙམ་ཞིག་འདུག ཟས་རིགས་ཀྱི་ཁ་དོག་ལ་དཀར་སེར་དམར་ལྗངས་རིགས་མི་འདྲ་བ་མང་པོ་ཞིག་དང་། མངར་སྐྱུར་ཁ་ཚ་སོགས་བྲོ་བ་མི་འདྲ་བའི་དགོང་ཟས་ཕུན་སུམ་ཚོས་པ་དེར་གང་དགར་ཟོས་ཚར་ནས་ཌོག་གེའི་འམ་ཀརྨ་བློ་་བཟང་གི་འདོད་པ་ལྟར་ཡང་སྐྱར་ངོས་ཀྱི་རྣ་བའི་བུ་ག་གཙང་མ་བྱེད་པའི་འགོ་བཙུགས། དེ་ནི་ཤོག་སྒྲིལ་སྦུགས་སྟོང་བྱེད་ནས་རྩ་བ་རྣ་བའི་བུ་གར་གཟེད་ཅིང་རྩེ་མོར་མེ་སྦར་བ་དེ་རེད། དེ་ནས་ཕན་ཚུན་གྱེས་བྲལ་གྱི་འཐམ་འཁྱུད་དང་། ལག་འཇུ་སོགས་ཅི་རིགས་བྱས་ནས་ངོས་ཀྱང་ཌོག་གེའི་ནས་མ་རིའི་ཎའི་ཕྱོགས་སུ་བདེ་བར་བསྐྱལ་བྱུང་བས་ཐོག་ཁར་སོང་ནས་དེ་རིང་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Friday, December 30, 2011

རྨི་ལམ་གཏང་བའི་ཉིན་མོ།

རྨི་ལམ་ནང་གི་སྐུ་མགྲོན།
ཉིན་མོ་འདི་ཡི་སྔར་ནུབ་ང་ལ་ཆམ་རིམས་དེས་རྐྱེན་ནས་ཞོགས་པ་ཆུ་ཚོད་བརྒྱད་པའི་སྐབས་སུ་གཞི་ནས་མར་སར་ལངས་ནས་ཁྲུས་ཁང་ནང་དུ་སོང་ནས་ངོ་གདོང་སོགས་གཙང་མ་བྱས། ཐབ་ཚང་ནང་དུ་སོང་ཀྱང་ཞོགས་ཟས་ཟ་སྙིང་མི་འདོད་པ་ཞེ་ཁ་འདྲ་ལོག་འདུག་སྟབས། ཐོག་ཁར་ཡོང་ནས་མདང་དགོངས་ཀྱི་རྨི་ལམ་དེ་དྲན་པའི་མགོ་བཙུགས་སོང་། 
ད་དགོང་ངོས་ཀྱི་རྨི་ལམ་རུ་ཕ་ཡུལ་ནང་ཆེན་ངོས་ཀྱི་དགོན་པ་རུ་མི་འདུ་རྟ་ཚོགས་ཧ་ཅང་བྲེལ་ཟིང་ཆེན་པོ་འདྲ་ཞིག་བྱེད་ནས་དགོན་ནང་གི་སྐྱ་སེར་རྣམས་ཀྱི་བྲེལ་ཟིང་ནི་གྲོག་ཚང་ཁ་རྡོལ་བ་ནང་བཞིན་མི་རྣམས་ཀྱི་བྲེལ་ཟིང་ལ་བལྟས་ན་བླ་ཆེན་འདྲ་ཞིག་ཕེབས་ཀྱི་མིན་ནམ་བསམ་པ་འདྲ་ཞིག་བྱེད་ཀྱི་འདུག ངོས་ཀྱི་ཟུར་ལ་ཡོད་པའི་གྲྭ་ཆུང་དེ་ལ། བཙུན་ཆུང་དེ་རིང་འདིར་བླ་ཆེན་འདྲ་ཞིག་ཕེབས་ཀྱི་ཡོད་རེད་དམ། མཛད་སྒོ་དམིགས་བསལ་ཞིག་ཡོད་རེད། ཁོང་ཚོའི་ཅི་ཞིག་གི་ཆེད་དུ་བྲེལ་ཟིང་ལང་གི་ཡོད་རེད་ཅེས་དྲིས་དུས། བཙུན་ཆུང་དེས་ཁྱོད་རང་ཧ་གོ་མ་སོང་བས། སང་ཉིན་གནམ་ལོ་གསར་འཆར་འདི་ཡི་ཉིན་མོ་རྒྱལ་བ་ཡིད་བཞིན་ནོར་བུ་དང་། རྒྱལ་དབང་ཀརྨ་པ་གཉིས་ང་ཚོའི་དགོན་པར་ཕེབས་ཀྱི་ཡོད་རེད་ཟེར། དེ་ཡི་ཆེད་དུ་མི་རྣམས་ཀྱིས་ཕེབས་བསུའི་གྲ་བསྒྲིགས་བྱེད་ཀྱི་ཡོད་རེད་ཟེར་བས། ང་ནི་འཇིག་རྟེན་འདི་ཡི་སྒང་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འདྲ་ཞིག་ཐོབ་ན་མ་གཏོགས་དེ་ལས་རེ་བ་ཆེ་ས་ཞིག་མེད་པས། གཏམ་དཔེ་རུ་དགའ་དྲགས་ན་ངུ། སྐྱོ་དྲགས་ན་བགད། ཞེས་པ་ལྟར་རྨི་ལམ་ནང་དུ་དགའ་དྲགས་ནས་ངུས་པའི་མཆི་མས་སྔས་མགོ་ཡང་རློན་པ་ཆགས་འདུག དེ་འདྲའི་དགའ་སྐྱོའི་རྐྱེན་བྱས་ནས་གཉིད་སད་པར་གྱུར། དེ་ལ་ཞིབ་ཏུ་བསམ་བློ་ཞིག་གཏང་ན་རྟེན་འབྲེལ་བཟང་པོ་ཞིག་ཀྱང་རེད་འདུག་བསམ་བྱུང་། གང་ཡིན་ཟེར་ན་ཉིས་སྟོང་གསུམ་ལོར་ངོས་ཀྱི་དགོན་པའི་མཁན་པོ་ཀར་ཚེ་ལགས་ནས་གཞས་ཚིག་བརྩམ་པའི་འོད་སྡེར་འཁོར་ཐག་ཞིག་བཟོ་སྐྲུན་གནང་བ་དེར་ནང་ཆེན་སོགས་ལ་ཧ་ཅང་སྐད་གྲགས་ཆེན་པོ་བྱུང་ནས་སྐབས་དེ་དུས་དགོན་པའི་མཁན་པོ་དང་གྲྭ་ཚང་སོགས་ལའང་རྒྱ་ནག་གཞུང་གིས་དོགས་གཞི་ཅན་དུ་གྱུར་ཡོད། འོད་སྡེར་འཁོར་ཐག་དེ་ཡི་མིང་ལ་༼སྐུ་མགྲོན་བསུ་བའི་ཕོ་ཉ་༽ ཟེར། དེ་རིང་གི་རྨི་ལམ་དེར་བལྟས་ན་སྐུ་མགྲོན་བསུ་བའི་གྲ་བསྒྲིགས་ཡིན་པ་འདྲ། གང་ལྟར་ཀྱང་དེ་རིང་ཉིན་གང་པོར་སེམས་ལ་སྔ་ན་མེད་པའི་དགའ་བ་འདྲ་ཞིག་འདུག དེ་ནི་ཉིན་གུང་ཟ་མ་རུ་ཀིམ་ནས་ཐུག་པ་ཞིམ་པོ་ཞིག་བཟོས་བྱུང་བས་དེ་འཐུང་ནས་སུ་སིན་མཉམ་དུ་གཟུགས་པོ་སྦྱོང་བརྡར་གྱི་རྐང་འགྲོས་ཀྱིས་ཆུ་ཚོད་ཕྱེད་ཀར་སོང་ནས་ནང་དུ་འབྱོར་བ་དང་མཉམ་དུ་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་ནི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌིའི་རེད་འདུག མོ་རང་ནས་གསུངས་ན་དེ་རིང་གཏམ་བཟང་ཡོད་གསུངས་སོང་། ངས་གཏམ་བཟང་གང་ཡོད་མགྱོགས་པོ་གསུངས་དང་ཟེར་བས། ངོས་ཀྱི་ཨ་རིའི་སྐྱབས་བཅོལ་ཡིག་ཆ་དེ་རྣམས་ཕལ་ཆེར་འགྲིག་ཚར་ནས་ཤོག་གུ་བདུན་ཕྲག་རྗེས་མར་གཏང་གི་རེད་ཟེར་བས། ངོས་ཀྱང་ཧ་ཅང་དགའ་བོ་བྱུང་། དེ་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཐེངས་གཅིག་བྱས་པས་དེ་ནི་ནང་ཆེན་དང་ཆབ་མདོའི་ས་མཚམས་སུ་ཡོད་པའི་ཀརྨ་དགོན་གྲྭ་ཟུར་བསྟན་འཛིན་ཕུན་ཚོགས་ནས་ཕྱི་ཟླ་༡༢་པའི་ཚེས་པ་༡་ཉིན་རང་ལུས་མེར་བསྲེགས་གཏང་བའི་གནས་ཚུལ་དེ་རེད། དེང་སང་གི་གནས་ཚུལ་ལྟར་ན་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ནང་མི་དང་སྤུན་མཆེད་རྣམས་ཀྱང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་འདུག དེ་ནི་ཉེ་སྔོན་ཀརྨ་གཤང་ལ་འབར་རྫས་གཡུགས་པའི་མ་ཉེས་ཁ་ཡོག་ཟུར་ལ་ཡོད་པའི་ཀརྨ་དགོན་པའི་གྲྭ་རྣམས་ལ་དོགས་གཞི་བྱས་ནས་སྐབས་དེ་དུས་རྒྱ་གཞུང་གིས་ཀརྨ་དགོན་པའི་མཁན་པོ་བློ་གྲོས་རབ་གསལ་གཙོས་གྲྭ་བདུན་ཅུ་ཙམ་འཛིན་བཟུང་བྱས་པ་མ་ཟད་རིམ་པ་བཞིན་དུ་གྲྭ་རྣམས་བྲོས་བྱོལ་དུ་སོང་ནས་དེང་སང་དགོན་པ་སྟོང་པར་གྱུར་ཡོད། ཀརྨ་དགོན་ནི་ཀརྨ་པ་སྐུ་ཐོག་དང་པོ་དུས་མཁྱེན་པའི་གདན་ས་ཡིན་ཅིང་ད་བར་ལོ་དགུ་བརྒྱ་ཙམ་འགྲོ་གི་ཡོད། ངོས་རང་སྐྱེ་ས་མདོ་ཁམས་གཞུང་ནས་ཧ་ཅང་ཐག་ཉེ་བོ་ཡིན་པ་མ་ཟད་ཐེངས་མང་པོར་དགོན་པར་འགྲོ་མྱོང་ཡོད། ཀརྨ་དགོན་པའི་མཁན་པོ་བློ་གྲོས་རབ་གསལ་ལགས་ནི་ཕལ་ཆེར་༡༩༩༢ ལོ་ཙམ་སྐབས་སུ་ངོས་སྡེ་དགེ་དཔལ་སྤུངས་དགོན་པར་སློབ་སྦྱོང་བྱས་ནས་ཟླ་བདུན་ཙམ་ཞིག་བསྡད་པའི་སྐབས་ངོ་ཤེས་པའི་ཆོས་གྲོགས་རྙིང་པ་ཞིག་ཡིན་པ་མ་ཟད། ཕ་ཡུལ་གཅིག་པའི་ལ་ཞེན་གྱིས་ང་གཉིས་སྒེར་མཐུན་ཞིག་ཀྱང་ཡིན། ངས་དེ་སྔོན་ཐབས་ལམ་མང་པོའི་བརྒྱུད་ནས་ཀརྨ་དགོན་པའི་གྲྭ་བཙུན་རྣམས་ས་གནས་གང་དུ་ཡོད་མེད་བརྩད་གཅོད་བྱས་ཀྱང་མི་གཅིག་གིས་ཀྱང་གསལ་པོར་ཤེས་ཀྱི་མི་འདུག དེ་ནས་དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་དེ་རིང་གི་ཟིན་བྲིས་དེ་དྲ་ཚིགས་སུ་གཏང་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར། 

Thursday, December 29, 2011

ཆམ་པ་རྒྱབ་པའི་ཉིན་མོ།

སྐད་གྲགས་ཅན་གྱི་རི་མགོ་ཞིག་ཏུ་གུང་སང་སྐབས་སུ།
ཉིན་གཉིས་གསུམ་སྔོན་ནས་ལུང་པར་འདིར་མི་རྣམས་ལ་ཚ་ཆམ་འདྲ་ཞིག་གིས་རྐྱེན་ནས་མི་མང་པོ་ནད་པ་ཆག་འདུག ངོས་ནི་ནམ་རྒྱུན་ལུང་པ་དེར་ཆམ་པ་ཞིག་མེད་ན་མ་གཏོགས་ཡོད་ན་དང་པོ་ཉིད་ནས་ཚེར་མའི་མགོ་ལ་བལ་འབྱར་བ་ནང་བཞིན་འགོས་ལས་སླ་བོ་ཞིག་ཡིན་སྟབས། ད་ནུབ་གཟུགས་པོ་ཚང་མ་ཚ་བ་འབར་ཞིང་རྔུལ་ནག་ཐོན་ནས་གཉིད་ཁུག་མ་སོང་བས་ད་ནང་ཞོག་པ་ཆུ་ཚོད་བརྒྱད་བར་དུ་ཉལ་སར་འབུ་རོ་ནང་བཞིན་བྱས་ནས་ལྷག དེ་ནས་སོ་གདོང་སོགས་གང་ཡང་བཀྲུ་མ་ནུས་ནས་ཉལ་སར་འགྲེ་ལོགས་བསྒྱུར་བཞིན་ཆུ་ཚོད་ལ་ལྟ་ཙམ་བྱས་ནས་ཆུ་ཚོད་བཅུ་གཅིག་བར་དུ་ལངས་མ་ནུས། དེ་ནས་ཆལ་མ་ཆོར་ངང་ཐབ་ཚང་དུ་སོང་ནས་ཞོག་ཟས་སམ་ཉིན་གུང་ཟ་མ་གཉིས་གོ་ཆོད་པ་ཞིག་ཟོས་ནས་ཡར་ཡོང་ཞིང་ཁ་འདོན་དེ་ཁྲལ་སོད་ཙམ་བྱས་པའི་སྐབས་སུ། གློ་རྒྱབ་པ་དང་ཁ་ཆུ་སྣ་ཆུ་དོན་པ་སོགས་མི་ན་མི་ཚ་སོགས་གང་ཡང་མེད་པ་རོ་ཕུང་དེ་ལ་ནད་རིགས་བཞི་བརྒྱ་རྩ་བཞི་འདྲ་ཞིག་ཞུགས་འདུག་སྟབས་ཡང་སྐྱར་ཉལ་སར་སོང་ནས་གཉིད་ཁུག་པའི་ཐབས་ཤེས་བྱས་ཀྱང་གཉིད་ཀྱང་ཁུག་ཐུབ་ཀྱི་མི་འདུག དེ་ནས་ཀིམ་དང་སུ་སིན་སོགས་ངོས་ཀྱི་དགེ་ཕྲུག་ཁ་ཤས་སླེབས་བྱུང་ནས་ཚང་མ་འུར་ཟིང་གིས་ཁ་ཤས་ཀྱིས་ཐུག་པ་ཚ་བོ་དང་། ཁ་ཤས་ཀྱིས་ལེའུ་མོན་ཁུ་བ་ཉིད་ཆུ་ཚ་བོ་དང་སྦྲག་གཡས་གཡོན་ནས་འདི་འཐུང་དང་ཡག་རབ་དང་། འདི་ཟོ་དང་བཟང་རབ་སོགས་ཟེར་ནས་སྤྲད་བྱུང་བས་གང་སྤྲད་བྱུང་བ་རྣམས་ར་མ་ཚྭ་ཆུ་དང་འཕྲད་པ་ནང་བཞིན་མིག་བཙུམ་ནས་འཐུང་རྐྱང་དང་ཟ་རྐྱང་བྱས་པས་རྗེས་ནས་ཅུང་ཟད་ཕན་པོ་འདྲ་ཞིག་བྱུང་། དེ་ནས་ཟིན་བྲིས་མ་ཆད་ཙམ་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར་བའི་འབད་བརྩོན་བྱས།

Wednesday, December 28, 2011

གཉིད་ལོག་པའི་ཉིན་མོ།

ཚེ་བརྟན་སྒྲོལ་དཀར་ནས་གཏང་བའི་ཚ་ཕོར་དང་ཤིས་ཤོག
དེ་རིང་ཞོག་པ་ཆུ་ཚོད་བརྒྱད་པའི་བར་དུ་གཉིད་ལོགས་འདུག དེ་ནི་ཁར་ནུབ་ཟི་ལིང་ལ་ཡོད་པའི་ངོས་ཀྱི་སྲིང་མོ་དེ་དང་མཉམ་དུ་གནམ་སྐར་ནང་ནས་ཨ་རི་ཀི་ལི་ཧྥོ་ཉའི་ཆུ་ཚོད་གསུམ་པའི་བར་དུ་སྐད་ཆ་བཤད་ནས་ཉལ་སར་ཕྱི་དྲག་པ་དེ་ཡིས་རེད། དེ་ནས་ཁྲུས་ཁང་ནང་དུ་སོང་ནས་ངོ་གདོང་སོགས་གཙང་མ་བྱས་ནས་ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ལ་རོལ། ཕྱི་རོལ་ནས་སྒོ་བརྡུང་མཁན་ཞིག་འདུག་སྟབས་སྒོ་ཕྱེས་པས། སུ་སིན་ནས་ངོས་ཀྱི་ཡིག་སྣོད་ནང་ནས་ཡི་གེ་ཁ་ཤས་ཞིག་དང་། སྒམ་ཆུང་ཞིག་བཅས་ཁུར་འདུག སྒམ་ཆུང་དང་ཡི་གེ་དེ་རྣམས་པོར་ལེན་ནས་ངོས་ཀྱི་དགེ་ཕྲུག་དད་ལྡན་ཨ་ཅ་ཚེ་བརྟན་སྒྲོལ་དཀར་རེད་འདུག སྒམ་ཆུང་ནང་དུ་ཡོད་པ་དེ་ནི་དྲོད་ཁེབ་ཇ་འཐུང་སྣོད་ཚ་དམ་དམར་སྨུག་སྤུས་ལེགས་ཞིག་དང་། ཕྱི་ལུགས་ཀྱི་གནམ་ལོ་གསར་བཞད་ལ་མཚམས་འདྲིའི་ཆེད་དུ་ཤིས་ཤོག་སམ་ card ཞིག་བཅས་རེད་འདུག ཟུར་དུ་ཡིག་ཆུང་ཞིག་ཡོད་དེ་ཡི་ནང་དོན་རུ། 
སྐྱབས་གནས་མཚུངས་མེད་འཇམ་དབྱངས་ཆོས་འཁོར་གླིང་གི་འགན་འཛིན་མཁན་རིན་པོ་ཆེ་དགེ་སློབ་ཐུན་མོང་ལ། འདི་གར་ཇ་འཐུང་སྣོད་ཚ་དམ་ཆུང་ཆུང་ཞིག་དང་། གསར་ལོ་ཚུར་འཆར་སྐབས་སུ་བཀྲ་ཤིས་བདེ་ལེགས་ཀྱི་ཆེད་དུ་ཤིས་ཤོག་བཅས་པོར་ལེན་བདེ་ཆེན་ཞིང་སྒྲུབས་ཚོགས་པའི་དགེ་ཕྲུག་ཐུན་མོང་ནས་ཕུལ། 
ཞེས་བྲིས་འདུག པོར་ལེན་ཨོར་གྷིན་ Portland Oregon ཞེས་པའི་ས་ཆ་འདི་ནི་ཨ་རིའི་ནུབ་བྱང་ཕྱོགས་ལ་ཡོད་པ་ཁེ་ན་ཌ་དང་ཧ་ཅང་ཐག་ཉེ་བོའི་མངའ་སྡེ་ཞིག་ཡིན། ལུང་པ་འདི་ལོ་དྲུག་བཅུ་བདུན་ཅུའི་སྔོན་ནས་ནགས་ཚལ་དང་གཅན་གཟན་གྱིས་ཡོངས་སུ་ཁེངས་ཞིང་མི་མེད་ལུང་སྟོང་གི་གླིང་ཕྲན་ཞིག་ཡིན་སྐད་འདུག དེ་ནས་རིམ་བཞིན་ཨ་རིའི་བདག་བཟུང་བྱས་ནས་ད་ལྟ་ནགས་ཚལ་གྱི་ཐོན་ཁུངས་ཡོད་པའི་མཛེས་སྡུག་ལྡན་པའི་མངའ་སྡེ་ཞིག་ཏུ་གྱུར་འདུག མངའ་སྡེ་འདིར་བོད་རིགས་བདུན་བརྒྱ་ཙམ་ཡོད་སྐད་འདུག འདི་རྣམས་ཨ་རིའི་བོད་པ་ཐོག་མ་གྲས་རེད་འདུག ད་ལྟའི་བོད་པ་འདི་རྣམས་མང་ཤོས་ལོ་སུམ་ཅུའི་སྔོན་ནས་ཨ་རིའི་གཞུང་ནས་ཤིང་ནགས་བཅད་མཁན་བྷང་ལ་རྡེ་ཤ་དང་བོད་པ་ཁ་ཤས་སྐད་གཏང་ནས་དེ་ཡི་སྐོར་ཡིན་རབས་བཤད་ཀྱི་འདུག ཉིས་སྟོང་བརྒྱད་ལོར་ངོས་ས་གནས་འདི་ཡི་བོད་རིགས་རྣམས་ལ་འབྲེལ་བ་བྱུང་ནས་བཟུང་ད་ལྟའི་བར་དུ་ལོ་ལྟར་བདེ་ཆེན་ཞིང་སྒྲུབ་དང་། སྤྱོད་འཇུག རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཆོས་བཤད་གང་དྲག་བྱས་པས་ཁོ་རང་ཚོ་ནས་ངོས་ལ་ར་གན་གསེར་རློན་གྱིས་འདུ་ཤེས་ཞིག་ཡོད་དེའི་ནང་ཨ་ཅ་ཚེ་བརྟན་སྒྲོལ་དཀར་ཀྱང་ངོས་ཀྱི་ཆོས་ཁྲིད་ལ་ཆེད་མཐོང་བྱེད་ནས་ཆད་མེད་དུ་གཅར་མཁན་གྱི་གྲས་ཆོས་གྲོགས་སམ་ངོས་ཀྱི་སློབ་མ་ཡག་ཤོས་ཞིག་ཡིན། ངོས་ཀྱང་དེ་སྔ་ཕན་ཆོད་ཨ་རིའི་མངའ་སྡེ་གང་སར་སོང་ཡང་། པོར་ལེན་བོད་པ་འདི་རྣམས་འདྲ་བ་ཞིག་ཐུག་མ་སོང་། ཁོང་ཚོ་ཆོས་ལ་དད་པ་ཆེན་པོ་དང་། ཆོས་སྲིད་གང་གི་ཆ་ནས་ཡིན་ཀྱང་རྡོག་རྩ་གཅིག་སྒྲིལ་དང་། ཕན་ཚུན་འཆམ་མཐུན་སོགས་ཧ་ཅང་ཡག་པོ་འདུག ཉིན་གུང་ཟ་མ་རུ་ཕ་ཡུལ་གྱི་ལུགས་སྲོལ་ལྟར་དུ་སྔོ་འཇམ་གྱི་ཚོད་མ་དང་པག་དང་སྦྲག་ནས་ཟོས་པས་ཧ་ཅང་ཞིམ་པོ་འདྲ་ཞིག་བྱུང་། གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་ལ་སོང་ནས་ནང་དུ་ཡོང་བས། ཀིམ་མ་བུ་གསུམ་ཀྱང་གུང་སང་ནས་ཚུར་སླེབས་འདུག དགོང་ཟས་ལ་བྱ་ཤའི་པེ་རྫ་ཞིག་ཟོས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་དེ་ནི་བདུན་ཕྲག་རྗེས་མར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་དེ་རེད་འདུག དེ་ནི་གོང་ས་མཆོག་ནས་དུས་འཁོར་དབང་ཆེན་ཐེངས་མ་སུམ་ཅུ་སོ་གཉིས་པ་དེ་རེད། ད་རེས་ཀྱི་དུས་འཁོར་དབང་ཆེན་འདི་ཡི་སྐབས་སུ་བོད་ནས་གསར་དུ་ཕེབས་མཁན་མི་གྲངས་གཅིག་ཁྲི་ཙམ་དང་། རྒྱ་བལ་འབྲུག་གསུམ་གཙོར་བྱས་པའི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནས་ཕེབས་པ་བཅས་སྡོམ་པས་ཕལ་ཆེར་མི་མང་འབུམ་གཉིས་ཙམ་འཛོམས་པའི་ཚོད་དཔག་བྱེད་ཀྱི་འདུག ད་ལོའི་དུས་དབང་སྐབས་སུ་བོད་ནས་ཕེབས་པའི་གསར་འབྱོར་རྣམས་གཙོས་ཆོས་ཞུ་བ་རྣམས་ལ་བཙན་བྱོལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ཚོགས་པ་ཁག དགོན་སྡེ་ཁག་མང་པོ་ཞིག་ནས་ཆེད་དུ་སྐད་བསྒྱུར་དང་། ལམ་སྟོན། གནས་མལ། སྨན་སྦྱིན་སོགས་སྣེ་ལེན་ཧ་ཅང་ཡག་པོ་ཡོད་པའི་སྐད་ཆ་འདུག ད་རེས་ཀྱི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་རྣམས་ནི། ཧི་མ་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་རྡོ་རྗེ་མཁའ་འགྲོའི་ནང་མིའི་གཙོས་ཚོགས་པ་ཁག་བཅོ་ལྔ་ཙམ་ཡོད་པའི་སྐད་ཆ་འདུག དུས་འཁོར་དབང་ཆེན་འགྲོ་སོང་ཆ་ཚང་ལ་ཉུང་མཐར་ཧིན་སྒོར་འབུམ་དྲུག་བརྒྱ་ཙམ་འགྲོ་བའི་ཚོད་དཔག་བྱེད་ཀྱི་འདུག དེ་ནས་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Tuesday, December 27, 2011

བྲེལ་ཟིང་ཆེ་བའི་ཉིན་མོ།

ངོས་ཀྱི་ལྡུམ་རའི་ནང་གི་མེ་ཏོག
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ཁ་འདོན་རྣམས་འཆར་ཅན་ལྟར་དུ་ཚར་བར་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ལ་རོལ། དེ་རིང་གི་ཉིན་མོ་འདི་ནི་ངོས་ལ་ལྟོས་ན་ཧ་ཅང་བྲེལ་ཟིང་ཆེ་བའི་ཉིན་མོ་ཞིག་ཡིན། today is very busy day.ཞོགས་པ་ཆུ་ཚོད་དགུ་པའི་སྐབས་སུ་དངུལ་ཁང་ལ་སོང་ནས་རྒྱ་གར་ལ་ཡོད་པའི་ངོས་ཀྱི་ཚ་མོར་དངུལ་ཁ་ཤས་ཞིག་གཏང་། དེ་ནས་ཤར་རྒྱག་ཁར་མེལ་ལ་སོང་བས་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌེའི་འམ། ཆོས་མིང་དུ་པདྨ་ཆོས་མཚོ་ནས་སྒུག་འདུག དེ་ནི་མོ་རང་གི་རེ་བ་ལྟར་ཉིན་གུང་ཟ་མ་མཉམ་དུ་བཟའ་དགོས་པ་དེ་ཡིན་པས་ངོས་གཉིས་ཀོ་རི་ཡའི་ཟ་ཁང་ཞིག་ནང་དུ་སོང་ནས་ཟ་མ་འགྲང་ཚད་ཟོས་ནས་ནང་དུ་འབྱོར། 
གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་པོར་ལེན་ལ་ཡོད་པའི་ངོས་ཀྱི་དགེ་ཕྲུག་ཤེས་རབ་སྐལ་ལྡན་ལགས་རེད། ཁོང་ནས་གསུངས་ན་སང་ཉིན་རྒྱ་གར་ལ་དུས་འཁོར་དབང་ཆེན་ཞུ་རུ་འགྲོ་དགོས་ཡོད་པས་མ་སོང་བའི་སྔོན་ནས་སྙིང་ཐིག་སྔོན་འགྲོའི་ནང་གི་ཆོས་ཚིག་ཁ་ཤས་ཀྱི་དྲི་བ་ཡོད་པ་དེ་རེད། དེ་ནས་ངེད་གཉིས་གནམ་སྐར་རམ་སི་ཀེབ་ནང་ནས་སྐར་མ་ཉི་ཤུ་ཙམ་ལ་དྲི་བ་དང་དྲི་ལན་སོགས་ཀྱིས་ཁོ་རང་བློ་ཁ་ཚིམ་པར་བྱས། ཡང་སྐྱར་གློ་ཁུག་ནང་ནས་ཁ་པར་གྱི་སྒྲ་ཞིག་ཡོད་པ་དེ་ནི། མོན་ཏྲུ་རེ་ནས་དགེ་ཕྲུག་ཆོས་མིང་དུ་ཀརྨ་བློ་བཟང་ཡུལ་མིང་དུ་ཌོག་གེའི་རེད་འདུག ཁོང་ནས་གསུངས་ན་སང་ཉིན་དགོང་མོ་ཆུ་ཚོད་དྲུག་ནས་དགུ་ཡི་བར་དུས་ཚོད་ཨི་ཡོད། ཁོ་རང་གི་ནང་ལ་མི་བཅུ་གསུམ་ཙམ་མཉམ་དུ་དགོང་ཟས་གྲ་རྒྱས་པོ་ཞིག་གྲ་སྒྲིག་བྱས་ཡོད་གསུངས་སོང་། ངོས་ནི་སྤྱིར་གཏང་དབྱིན་ཇི་འདི་རྣམས་ཀྱི་ལུགས་སྲོལ་ལྟར་དོན་མེད་འཁྱམས་ཉུལ་དང་། ཁ་ལག་ཟ་བ་སོགས་ལ་དུས་ཚོད་གཏང་ཞིང་མི་ཚེ་རྣམ་གཡེངས་ཟང་ཟིང་ལ་ངང་ལ་བསྲེ་བ་འདིར་དེ་ཙམ་དགའ་བོ་མེད་ཀྱང་། ལུང་པར་བསྡད་ན་ཡུལ་ཁྲིམས་སྲུང་ཟེར་བ་ནང་བཞིན་མཚམས་རེར་ཁོང་ཚོ་ལ་མ་ལྟོས་རང་ལྟོས་འདྲ་ཞིག་རེད་འདུག གང་ལྟར་ངས་ཁོ་རང་ལ་སང་ཉིན་ངོས་ནས་གནམ་སྐར་ནང་ནས་དགོང་མོ་ཆུ་བདུན་པའི་སྐབས་སུ་མ་ཐུག་ནས་མི་ལོ་ཧྲིལ་པོ་བཅུ་བཞི་ཏག་ཏག་སོང་བའི་ངོས་ཀྱི་སྲིང་མོར་སྐད་ཆ་བཤད་རྒྱུ་བྱས་ཚར་བས་ཁྱེད་སར་ཡོང་ཐུབ་ས་མ་རེད། དགོངས་འགལ་མེད་པར་ཞུ་ཟེར་བས་ཁོ་རང་ནས་ཀྱང་མོས་མཐུན་བྱས་སོང་། ཆུ་ཚོད་གསུམ་པའི་སྐབས་སུ་དགེ་ཕྲུག་ཆོས་མིང་དུ་བདེ་ཆེན་དཔལ་མོ་དང་ཡུལ་མིང་དུ་ལིའུ་རྫ་འབྱོར་སོང་། དེ་ནི་མོ་རང་མི་སི་ཀོ་ལ་གུང་སང་ལ་སོང་ནས་ཚུར་སླེབས་པ་དེ་ཡིན་སྟབས་ངོས་ལ་མི་སི་ཀོའི་ཅ་ལག་འདྲ་མིན་ཁ་ཤས་རྔན་པ་ཉོས་ནས་ཁུར་འདུག ཆུ་ཚོད་བདུན་པའི་སྐབས་སུ་དགེ་ཕྲུག་ཆོས་མིང་དུ་ཀུན་བཟང་དབང་མོ་ཡུལ་མིང་དུ་སུ་སིན་ནས་མོག་མོག་བཟོས་ནས་ཁུར་སོང་བས་དགོང་ཟས་སུ་ཟོས་ནས་ཐོག་ཁར་སོང་ཞིང་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས། དྲ་རྒྱའི་རྒྱུད་ལམ་ཁག་གི་གནས་ཚུལ་གསར་པ་ཞིག་ལ། དེ་ནི་དེང་སང་དྲག་ཏུ་འཕྱུར་བཞིན་པའི་རྒྱ་ནག་ནང་དམངས་ཀྱི་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་གྱི་རྦ་རླབས་དེ་རེད། འདས་པའི་བདུན་ཕྲག་གཉིས་རིང་རྒྱ་ནག་གི་གྲོང་ཆེར་ཆེ་ཤོས་ཀང་ཀྲུའི་ནང་གི་ཝུའི་ཀང་གྲོང་བསེབ་ནང་ནས་མི་མང་སྟོང་ཚོ་མང་པོའི་རྒྱ་ནག་གཞུང་ནས་ས་ཞིང་བཙན་འཕྲོག་བྱས་པའི་འཁོན་འགྲས་དང་། རྒྱ་ནག་དཔོན་རིགས་རྣམས་ཀྱི་ལྐོག་ཟ་རུལ་སུང་གི་དྲི་ངན་འཛམ་བུ་གླིང་གང་སར་ཁྱབ་པའི་གནས་ཚུལ་སོགས་ཤེས་ནས་མི་མང་རྣམས་ཡར་ལངས་བྱས་པའི་འུར་སྒྲ་དེ་རེད། འདས་པའི་ལོ་གཅིག་ནང་ཚུད་ནས་ལིའི་བྷི་ཡ་དང་ཨ་རབ་སོགས་ཁ་ཆེའི་རྒྱལ་ཁབ་མང་པོ་ཞིག་ནང་མི་མང་ཡར་ལངས་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་དང་སྲིད་འཛིན་རྒྱལ་པོ་སོགས་མང་པོ་ཞིག་བྱེ་མའི་ཆངས་བུ་བཞིན་དུ་ནུས་མེད་དུ་གྱུར་པ་འདིས་རྒྱ་ནག་གཞུང་ལའང་བརྡ་ལན་སྤྲད་ཡོད་པ་ནི། ཁ་སང་འཚོགས་མ་ཐག་པའི་རྒྱ་ནག་གི་དམར་ཤོག་ཚོགས་པའི་དཔོན་རིགས་ཤིག་ནས་ཁ་ཤ་དར་ཐག་འཐེན་འཐེན་ངང་ནས་སྡར་སྐད་འདི་འདྲ་ཤོར་དགོས་བྱུང་ཡོད། ཁོང་ནས་གསུང་ན། ༼ད་ལྟའི་རྒྱ་ནག་གི་ཞིང་ཆེན་མང་པོའི་ནང་མི་མང་གྱེན་ལངས་བྱས་པ་འདི་ལས་སླ་བོ་བྱས་ནས་རྩ་མེད་གཏང་ཐུབ་ཀྱི་མ་རེད། ང་ཚོའི་སྲིད་གཞུང་འདི་དཔེར་ན་ཀུ་ཤུ་ཤིང་ཐོག་རུལ་བ་དང་གཅིག་པ་ཡིན། ཕྱི་ལོགས་སུ་པགས་པ་ལ་དམར་པོ་ཡོད་ཀྱང་ནང་རུལ་ཚར་ནས་ཟ་ཉན་གྱི་མ་རེད།༽
ཅེས་སྡུག་སྐད་ཤོར་འདུག་པར་བལྟས་ན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱ་རྒན་ཁ་ཤས་ཀྱིས། གྲངས་ཉུང་མི་རིགས་ཀྱི་ཚེ་དང་ཚོད་མ་སོགས་མཉམ་བསྲེ་བྱས་ནས་ཟོས་པའི་བྲོད་གོག་ཆེན་པོ་དེ། རིང་མིན་ཉི་མ་གཅིག་ལ་འགས་འཐོར་དུ་འགྲོ་རྒྱུ་ཉག་གཅིག་ཡིན་ངེས། དེ་ནས་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ཞིང་གཉིད་དུ་ཡུར།

Monday, December 26, 2011

གནམ་སྐར་སྒེའུ་ཁུང་ནང་ནས་སྲིང་མོ་དང་འཕྲད་པའི་ཉིན་མོ།


ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། ངོ་མ་བྱས་ན་དེ་རིང་གི་གཟའ་ཟླ་བའི་ཉིན་མོ་འདི་ནི་འཆར་ཅན་བདེ་ཆེན་ཞིང་སྒྲུབས་འཚོགས་པའི་བདུན་ཕྲག་གཅིག་ནང་དགེ་རྩ་བསགས་པའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ཀྱང་། དེ་རིང་ཁ་སང་བྲེལ་འཚུབས་ལང་བཞིན་པ་འདི་ནི་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྐར་དང་འཆར་ལ་ཉེ་བའི་ཕྱི་ལུགས་ཀྱི་ལོ་གསར་བཅས་ཀྱི་བྲེལ་ཟིང་གི་རྐྱེན་ནས་དེ་རིང་གི་བདེ་ཆེན་ཞིང་སྒྲུབས་ཉིད་ཀྱང་གནས་སྐབས་མཚམས་འཇོག་བྱས་པ་ཡིན། དེ་ནས་ཐོག་ཁར་ཡོང་ནས་ངོས་ཀྱི་རྩིས་འཁོར་ནང་དུ་ཡོད་པའི་རིན་ཆེན་གཏེར་མཛོད་ནང་ནས་མཆོག་གླིང་གཏེར་གསར་ཐུགས་སྒྲུབས་བར་ཆད་ལམ་སེལ་ལས། ཞལ་གདམས་སྙིང་བྱང་ལ་དཔེ་ལྟས་བྱས་པས་ཚོར་སྣང་འདི་འདྲ་ཞིག་བྱུང་སོང་། དེང་སང་བཀའ་རྙིང་གཉིས་གཙོས་པའི་བོད་ཀྱི་གྲུབ་མཐའ་ཁག་ནས་ཡོངས་གྲགས་སུ་བར་ཆད་ལམ་སེལ་དང་། བསམ་པ་ལྷུན་འགྲུབ་འདི་གཉིས་སྨོན་ལམ་དུ་སྐྱེ་བོ་རྒན་གཞོན་བར་མའི་ངག་ནས་ཐོགས་མེད་དུ་འུར་འདོན་བྱེད་པའི་ལུགས་སྲོལ་ཞིག་ཡོད་ཀྱང་། མི་མང་པོ་ཞིག་ནས་གོང་གི་སྨོན་ལམ་འདི་གཉིས་གསང་སྔགས་ཀྱི་ལྷ་བསྐྱེད་ཀྱི་མངོན་རྟོགས་ཞིག་ལ་ངོས་འཛིན་བྱེད་མཁན་ཕལ་ཆེར་མེད་པ་འདྲ། བར་ཆད་ལམ་སེལ་གྱི་སྨོན་ལམ་འདི་ལྟ་བུ་ལ་མཚོན་ན་བླ་མ་སྐུ་གསུམ་ཐུགས་སྒྲུབ་ལས། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཞེས་སྐུ་གསུམ་ལས་སྤྲུལ་སྐུ་པདྨ་འབྱུང་གནས་ལ་བསྟེན་པའི་རྣམ་འཕྲུལ་བཅུ་གཉིས་ཀྱི་ལྷ་ཡོངས་རྫོགས་ཀྱི་མངོན་རྟོགས་ཀྱི་གཞུང་རྡོ་རྗེའི་གསུང་གི་རྩ་ཚིགས་དེ་ཡིན། དཔེར་ན་བར་ཆད་ལམ་སེལ་ནང་གི་ལེའུ་ཚན་བཅུ་གཉིས་དེ་ལྷ་བཅུ་གཉིས་ཀྱི་ནང་དུ་བསྡུས་ཡོད། མདོར་བསྡུས་ཞིག་ཞུས་ན། རྒྱལ་བའི་གདུང་འཛིན། སྨྲ་བའི་སེང་གེ སྐྱེས་མཆོག་ཚུལ་བཟང་། བདུད་ཀྱི་གཤེད་ཆེན། འཛམ་གླིང་རྒྱན་མཆོག པདྨ་འབྱུང་གནས། ཁྱད་པར་འཕགས་པ། རྫུ་འཕྲུལ་མཐུ་ཆེན། རྡོ་རྗེ་དྲག་རྩལ། སྐལ་ལྡན་འདྲེན་མཛད། རཀྴ་ཐོད་ཕྲེང་། བདེ་ཆེན་རྒྱལ་པོ། སོགས་ཡི་དམ་གྱི་ལྷ་མང་པོ་འདུས་པའི་ཟབ་པ་དང་རྒྱ་ཆེ་བའི་སྨོན་ལམ་འདི་ཉིད་ཀྱང་རྨོངས་དད་ཙམ་གྱིས་འཕྲལ་སེལ་གྱི་སྨོན་ལམ་ཞིག་ཏུ་མ་གྱུར་བར། དད་ལྡན་ཁྱིམ་པ་ཕོ་མོ་འདི་རྣམས་ལ་རེ་རེ་བཞིན་གོང་གི་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་དང་རྒྱན་ཆ་ལུགས་སོགས་སྨོན་ལམ་ནང་ནས་ངོ་སྤྲོད་དམ་སྒོམ་ཁྲིད་འདྲ་བྱེད་མཁན་ཡོད་ན་ཅི་མ་རུང་སྙམ་པ་འདྲ་ཞིག་བྱུང་། དེ་ནས་ཉིན་གུང་ཟ་མ་རུ་ངོས་ཀྱི་སློབ་མ་ stephanie Koeher ཆོས་མིང་དུ་པདྨ་སྒྲོལ་མ་སླེབས་བྱུང་བས་ཐག་ཉེ་ས་ཞིག་ཏུ་ཝེར་ནམ་ཟ་ཁང་ཞིག་ཡོད་པས་དེའི་ནང་དུ་སོང་ནས་ཐུག་པ་ཕོར་རྒན་གང་འཐུང་ནས་ནང་དུ་ལོགས་ནས་ཅུང་ངལ་གསོ་བྱས། དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་ཁ་པར་ནང་ནས་སྐད་ཆ་ཙམ་ལས་མ་ཐུག་ནས་མི་ལོ་བཅུ་བཞི་ཏག་ཏག་སོང་བའི་ངོས་ཀྱི་སྲིང་མོ་ཆུང་བ་དེ་ཟི་ལིང་ལ་ཡོད་པས་ཁ་སང་དུས་ཆད་བྱས་པ་ནང་བཞིན་དེ་རིང་གནམ་སྐར་རམ་ Skype ནང་ནས་གདོང་པར་ལྟ་ནས་སྐད་ཆ་བཤད་རྒྱུ་དེ་ཡིན། དེ་ནི་ཡུལ་གྱར་ངོས་ལ་བསམ་ན་ནང་མི་སྤུན་མཆེད་རྣམས་དང་ཁ་བྲལ་ནས་ལོ་མང་སོང་བའི་རིང་དེ་རིང་གི་ཉིན་མོ་འདི་ནི་དགའ་སྐྱོ་ལྡན་པའི་ཉིན་མོ་ཞིག་ཀྱང་ཡིན། མོ་རང་ནི་ང་ལས་ལོ་བརྒྱད་ཆུང་བ་ཡོད།  མིང་ལ་ཨོ་དཔལ་ཟེར། དེ་ནས་མོ་རང་ནས་དབྱིན་ཇིའི་སྐད་དང་ཡི་གེ་གང་ཡང་མི་ཤེས་སྟབས་ངོས་ཀྱི་གྲོགས་པོ་བཀྲ་ཤིས་བསམ་འགྲུབ་ལགས་ནས་གནམ་སྐར་སྒེའུ་ཁུང་ངམ་སི་ཁེབ་ནང་དུ་འཇུག་སྟངས་སློབ་སྟོན་ལྟར་དུ་སྐད་ཆ་བཤད་པའི་མགོ་བཙུགས་པ་ཡིན། ལོ་གྲངས་བཅུ་བཞིར་མ་ཐུག་པའི་ངོས་ཀྱི་སྲིང་མོ་དེ་ནི་ཁམས་ནང་ཆེན་པའི་མོ་ཆས་དཀྱུས་མ་ཚ་རུའི་གོས་ནག་སྦག་མ་ཞིག་གྱོན་ནས་གནམ་སྐར་ནང་ནས་མཐོང་བྱུང་། མོ་རང་ནས་དང་པོ་ང་མཐོང་བའི་སྐབས་སུ་ངུ་སྐད་འདྲ་ཞིག་བྱེད་ནས་སྐད་ཆ་གཙང་མ་བཤད་ཐུབ་ཀྱི་མི་འདུག་སྟབས། ངོས་ནས་དང་པོ་ནས་མོ་རང་ངུ་ཡོང་བའི་དོགས་པས་སྐད་ཆ་ཐོགས་པ་མེད་པར་བཤད་ཅིང་དྲི་བ་ཁ་ནང་ལ་བཞག་ནས་རྩེད་མོ་འདྲ་བྱས་པས་ཅུང་དྲག་བྱུང་། ངོས་ཀྱི་སྲིང་མོ་དེ་ནི་ལོ་ཆུང་བའི་སྐབས་ང་ཚོ་བསྡད་སའི་ཤང་གཅིག་གི་ནང་ནས་སྐྱེ་གཟུགས་ཡག་སའི་ཚད་འཇོག་ས་འདྲ་རེད། སྐབས་དེ་དུས་ཡུལ་མི་རྣམས་ཀྱིས་ནང་ཆེན་རྫོང་དང་སྐྱེ་དགུ་མདོ་སོགས་ལ་བཞས་དང་ཞབས་བྲོ་འདྲ་བྱེད་དགོས་པའི་སྐབས་སུ་ངོས་ཀྱི་སྲིང་མོ་དང་པོ་ནས་འགྲོ་དགོས་པ་རེད། ངོས་ཀྱི་སྲིང་མོ་ལ་ལྟས་ཚོད་ལ་ཆེར་རྒས་མེད་པ་མ་ཟད་མཁུར་ཚོས་གཉིས་སུ་ལི་ཁྲིའི་མཛེས་མཚོན་བྱས་པ་ནང་བཞིན་དམར་ཐིག་ཀྱང་མཐོང་རྒྱུ་འདུག མོ་རང་ནས་ཨ་རྦོ་ཁྱེད་རང་གདོང་པ་རྒྱགས་པ་དང་དཀར་པོ་རེད་འདུག ན་རྒྱུ་དྲག་ཚར་ཡོད་ས་རེད་ཞེས་ལབ་སོང་། དེ་ནས་ངེད་མིང་སྲིང་གཉིས་ནས་ནང་མི་དང་ཡུལ་ལུང་གི་སྐད་ཆ་བྱས་ནས་ཆུ་ཚོད་གཉིས་ཙམ་རེད་སོང་ཀྱང་། མོ་རང་ནི་ད་དུང་དཀའ་ལས་ཁ་ཡོད་པའི་ཉམས་ཙམ་ཡང་མི་འདུག
དེ་ནས་མོ་རང་ནས་ང་ཤི་ཁ་ཨ་རྦོ་ཁྱེད་རང་དང་། རྒྱལ་བ་རིན་པོ་ཆེ། ཀརྨ་པ་གསུམ་མཇལ་ཐུབ་ན་བསམ་ནས་སྒུག་བསྡད་ཡོད་ཀྱང་ ཕལ་ཆེར་ད་ལྟའི་དུས་ཚོད་འདིར་ཧ་ཅང་དཀའ་ལས་ཁག་པོ་རེད་འདུག གང་ཡིན་ཞེ་ན། འདིར་ཕྱོགས་ནས་རྒྱ་ནག་གཞུང་གིས་ལག་ཁྱེར་ལ་ཧ་ཅང་དམ་དྲག་ཆེན་པོ་བྱེད་ཀྱི་འདུག་ཟེར། ངོས་ནས་ཀྱང་ང་ཚོ་གང་མགྱོགས་ཐུག་ངེས་རེད་སེམས་ཁྲལ་མ་བྱེད་རོགས་ཞེས་ཞུ་བསྐུལ་འདྲ་བྱས། ཨ་རིའི་ཆུ་ཚོད་དང་པོ་རེད་ཀྱང་ད་དུང་མོ་རང་སྐད་ཆ་བཤད་མཚམས་འཇོག་གི་མི་འདུག ངོས་ནས་ཀྱང་མ་ཐུག་ཡུན་རིང་སོང་བའི་སྲིང་མོ་དེ་བསམ་ནས་ཆུ་ཚོད་ལ་ལྟ་ཙམ་ལྟ་ཙམ་བྱས་ནས་སྐད་ཆ་བཤད་ནས་ཨ་རི་ཁ་ལི་ཧྥོ་ཉི་ཡ་ཆུ་ཚོད་གཉིས་པའི་སྐབས་སུ་གཞི་ནས་བཤད་མཚམས་བཞག་ནས་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Sunday, December 25, 2011

ཡེ་ཤུའི་འཁྲུངས་སྐར་ཉིན་མོའི་ཚོར་སྣང་།


ཞོགས་པ་འཆར་ཅན་ལྟར་དུ་ལངས་ནས་ངོས་ཀྱི་རྒྱུན་ཁྱེར་ཁ་འདོན་རྣམས་ཚར་བར་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ཞིག་ཟོས་ནས་གཟུགས་པོ་སྦྱོང་བརྡར་སྐར་མ་སུམ་ཅུ་ཙམ་བྱས་ཤིང་ཐོག་ཁར་སོང་། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་སློབ་མ་མེའུ་རེའི་འམ། ཆོས་མིང་དུ་བསྟན་འཛིན་སྒྲོལ་མ་རེད་འདུག མོ་རང་ནས་གསུངས་ན་དེ་རིང་མོ་རང་གི་ཉེ་འབྲེལ་དང་གྲོགས་པོ་གྲོགས་མོ་རྣམས་དང་ལྷན་དགོང་ཟས་ལ་ཡོང་དགོས་གསུངས་ཀྱང་། དེང་སང་ངོས་ལ་ཆམ་རིམས་འདྲས་རྐྱེན་བྱས་ནས་ཅུང་མ་བདེ་བ་བྱུང་བས་གནས་སྐབས་གཞན་གང་ལའང་མི་འགྲོ་རྒྱུ་བྱས་ཡོད་པས་དགོངས་འགལ་མེད་པར་ཞུ་ཞེས་ལབ་པས་མོ་རང་ནས་དེ་ལ་མོས་མཐུན་བྱས་སོང་། དེ་ནས་ངོས་ཀྱི་རྩིས་འཁོར་གོབ་ཏོ་བཀའ་དྲིན་ཅན་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་ངོ་དེབ་དང་། མྱུར་འཕྲིན་སོགས་ཚང་མའི་ནང་དེང་སང་ཡེ་ཤུའི་འཁྲུངས་སྐར་ཆེན་མོའི་དུས་ཆེན་གྱི་ཤིས་ཤོག་གཏང་བ་དེའི་བྲེལ་ཟིང་རྐྱང་རྐྱང་རེད་འདུག

འཇིག་རྟེན་ཁམས་ཀྱི་སྟོན་པ་ཆེན་པོ་ཡེ་ཤུ་ཇེའི་ཟེས་སི་ Jesus ཞེས་པ་དེ་ཡུལ་ཨེ་ཟེ་རེལ་ནང་དུ་སྐུ་འཁྲུངས་ནས་མི་ལོ་༢༠༡༡ ཏག་ཏག་འགྲོ་གི་ཡོད་པ་རེད། ལར་ནི་འཁྲུངས་སྐར་དུས་ཚིག་ལ་ངེས་པ་ཆེར་མི་འདུག་ཀྱང་ཁོ་རང་རྗེས་འཇུག་རྣམས་ཀྱིས་ཡེ་ཤུའི་འཁྲུངས་སྐར་ཆེན་མོ་འདི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་ལྔ་ལ་དུས་ཆེན་སྲུང་རྩི་བྱེད་ཀྱི་ཡོད་པ་རེད། ཡེ་ཤུའི་མ་ཤི་ཀ་ནི་ཇེའི་ཟེ་སིའི་ཆོས་ལུགས་ཀྱི་སྟོན་པ་འཇིག་རྟེན་སྣོད་བཅུད་ཚང་མ་དཀོན་མཆོག་གིས་བཟོས་པའམ་merry ཡི་སྲས་ཀྱིས་བསམ་བཞིན་དུ་སྤྲུལ་ནས་འགྲོ་བ་མི་ཡི་ཆེད་དུ་མི་ཡུལ་ལ་ཕེབས་པར་འདོད་ཀྱི་ཡོད་པ་རེད། དེང་སང་ནུབ་ཕྱོགས་སོགས་འཛམ་བུ་གླིང་ནང་ཡེ་ཤུ་ཙམ་མ་ཡིན་པར་མི་རིགས་མང་པོ་ཞིག་ནས་ཡེ་ཤུའི་འཁྲུངས་སྐར་འདི་ཆེས་དུས་ཆེན་གལ་ཆེན་ཞིག་ལ་བརྩི་ནས་སོ་སོའི་དགའ་ཉེ་སྤུན་མཆེད་ནང་མི་སོགས་ཀྱི་དོན་དུ་འགྲོ་སོང་ཡང་ཧ་ཅང་ཆེན་པོ་གཏོང་གི་ཡོད། དངོས་གཞིའི་འཁྲུངས་སྐར་ཉིན་གཉིས་གསུམ་སྔོན་ནས་ཕན་ཚུན་གཅིག་གིས་གཅིག་ལ་ཤིས་ཤོག་གམ་card གཏོང་རེས་བྱེད་པ་དང་། འཁྲུངས་སྐར་དངོས་གཞིའི་སྐབས་སུ་ཕན་ཚུན་རྔན་པ་སྤྲད་རེས་བྱེད་པ་དང་། སྤྲོ་སྐྱིད་གཏང་བ། ཡེ་ཤུའི་ལྷ་ཁང་ནང་དུ་མཆོད་མཇལ་དུ་འགྲོ་བ། དམིགས་བསལ་གྱི་དགའ་གཞས་ལེན་པར་བྱེད་པ། ཁྱིམ་ཕུག་ཏུ་ཤིང་སྡོང་བསྒྲིགས་ནས། དེ་ལ་དངོས་རྫས་ཡིད་དུ་འོང་བའི་རྒྱན་འདོགས་ཤིང་དཀར་སེར་དམར་ལྗང་གིས་གློག་སྒྲོན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ས་ཕྱོགས་ཐམས་ཅད་དུ་མཛེས་སྡུག་གིས་ཁྱབ་པའི་མཚན་མོའི་ཡུལ་ལྗོངས་སྐྲུན་ཏེ་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྐར་བསུ་གི་ཡོད། དགོང་དྲོའི་གསོལ་སྟོན་དྲ་རྒྱས་པོ་གཤམས་ཏེ་ནང་མི་དང་སྤུན་མཆེད་སོགས་ཚང་མ་མཉམ་འཛོམས་བྱེད་ནས་སྐྱིད་པའི་དགའ་སྟོན་ལ་རོལ། གཞན་ཡང་pudding ཞེས་བོད་སྐད་དུ་ལྡེའུ་གུ་ཞེས་བ་འདི་ཉིད་ཀྱང་འདི་ཉིན་མོའི་དམིགས་བསལ་གྱི་མངར་ཟས་ཞིག་ཀྱང་ཡིན། དེང་སང་ཡེ་ཤུའི་འཁྲུངས་སྐར་འདི་ཉིད་ཡེ་ཤུའི་ཆོས་པ་ཡིན་མིན་ལ་མ་ལྟོས་པར་ཆེས་དུས་ཆེན་ཞིག་ལ་ངོས་འཛིན་བྱེད་ནས་སྲུང་བརྩི་བྱེད་མཁན་ལོ་རེ་བཞིན་ཇེ་མང་ཡིན། འཛམ་གླིང་ནང་སྟོན་པ་ཚང་མའི་ནང་ནས་འཁྲུངས་སྐར་དྲ་རྒྱས་ཤོས་དེ་གཅིག་བྱས་ན་ཡེ་ཤུ་ཡིན་རྒྱུ་རེད་བསམ། རྒྱ་ནག་ལ་ཡེ་ཤུའི་ཆོས་ལུགས་འདི་ཐང་རྒྱལ་རབས་སུ་དར་ཞིང་ད་ལྟ་རྒྱ་རིགས་མང་པོ་ཞིག་ཡེ་ཤུའི་ཆོས་ལ་འཇུག་མཁན་ཡོད། བོད་ལ་རང་བྱུང་བཅུ་བདུན་པའི་ཤིང་གླང་ལོར་སྤྱི་ལོ་༡༦༢༥་ལོར་མངའ་རིས་གུ་གེའི་རྒྱལ་བརྒྱུད་ནས་ཐོག་མར་དར། གཉིས་པ་༡༧༢༦་སྐབས་སུ་ལྷ་སའི་ཕྱོགས་སུ་ཤུགས་ཆེ་ཙམ་དར་ནས་དེང་སང་གཙུག་ལག་ཁང་གི་ཟུར་དུ་དྲིལ་བུ་ཆེན་པོ་ཞིག་ཡོད་པ་དེ་ཡེ་ཤུའི་དྲན་རྟེན་ཡིན་སྐད་འདུག

ངོས་ཀྱི་བསམ་ཚུལ་ལ་ཡེ་ཤུའི་འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་དེར་དགེ་སྐྱོན་གཉིས་འདུག དགེ་བའམ་བཟང་པོའི་ཕྱོགས་ནི། འཇིག་རྟེན་གྱི་ཁམས་ན་སྟོན་པ་བླ་ན་མེད་པ་ཡེ་ཤུའི་ཆོས་ལུགས་དར་བ་ནས་བཟུང་ད་བར་དུ་གནོད་ལས་ཀྱང་ཕན་ཆེ་བ་མི་མང་ས་ཡ་མང་པོའི་བརྒྱུད་ལ་བྱམས་པ་དང་སྙིང་རྗེ་དེ་ལ་བསྟེན་ནས་མི་རྣམས་ཡ་རབས་བཟང་པོའི་ཕྱོགས་ལ་ཁ་ལོ་བསྒྱུར་ནས་མཛད་པ་རླབས་ཆེན་ཞིག་བཞག་ཡོད། སྟོན་པ་དེ་ཡི་འཁྲུངས་སྐར་ལ་ཞུགས་པའི་ཡེ་ཤུའི་ཆོས་པ་རྣམས་ཀྱིས་དེ་ནི་བསོད་ནམས་བསག་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ལ་ངོས་འཛིན་བྱེད་ནས་འཁྲུངས་སྐར་སྲུང་བརྩི་བྱེད་པ་འདི་དངོས་གནས་དོན་ཕན་དང་ལྡན་པ་ལགས།
ཞན་པའི་སྐྱོན་ཆ་ཞིག་ནི། འཛམ་བུ་གླིང་གི་སྣོད་བཅུད་ཡོངས་རྫོགས་ལ་མ་གཅིག་གིས་བུ་ལ་བརྩེ་བ་ནང་བཞིན་བྱམས་པ་དང་སྙིང་རྗེའི་འོད་ཞགས་ཀྱིས་དམ་དུ་བཅིངས་བའི་སྟོན་པ་ཡེ་ཤུའི་ཆེན་པོའི་འཁྲུངས་སྐར་འདི་ལ་ལུགས་སྲོལ་ཆེས་མི་མཛེས་པ་ཞིག་ནི། འགྲོ་བ་མི་ལ་ཚེ་སྲོག་གིས་རིན་ཐང་སྤྲད་ཅིང་། དྭངས་བསིལ་གྱི་མཁའ་དབུགས་སྦྱིན་པའི། སྔོ་ལྗངས་ཀྱིས་སྤྲད་པའི་ཤིང་སྡོང་ས་ཡ་མང་པོ་ཉིན་མ་གཅིག་ལ་སྐེ་བཅད་ནས་ཡེ་ཤུ་ལ་མཆོད་པ་འབུལ་བ་འདི་ནི་ཆོས་ལུགས་ཆེན་པོའི་བྱེད་སྒོ་ཞིག་དང་གཏན་ནས་མི་མཚུངས་པ་མ་ཟད། ཞིབ་ཏུ་བསམ་བློ་གཏང་ན་ཆེས་ཡ་ང་བའི་གནས་སྟངས་ཞིག་ཀྱང་རེད་འདུག ལྷག་པར་དུ་ལྗོན་ཤིང་སྲོག་ལྡན་དུ་སྒྲུབས་མཁན་ནུབ་ཕྱོགས་པ་དང་ཡེ་ཤུ་པའི་སློབ་མ་རྣམས་ཀྱིས་སྡིག་པའི་ལས་ཞིག་ལ་བསམ་ན་དེ་ཐུ་བ་ཞིག་མེད། གལ་སྲིད་ང་ལྟ་བུ་ལྗོན་ཤིང་སྲོག་ལྡན་དུ་མི་འདོད་མཁན་ཞིག་ཡིན་ནའང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏོར་རླག་ལ་དེ་ལས་སྡུག་པ་ཞིག་གཏན་ནས་མེད་སྙམ། གལ་སྲིད་ཁྱེད་རྣམ་པས་ཡེ་ཤུའི་སྟོན་པ་ཆེན་པོའི་ཐུགས་དགྱེས་པའི་འཁྲུངས་སྐར་ཞིག་སྲུང་བརྩི་ཡང་དག་པ་ཞིག་བྱེད་བསམ་ན། དེ་རིང་གི་བཀྲ་ཤིས་པའི་ཉིན་མོ་འདི་ལ་མི་ཚང་རེའི་ཤིང་སྡོང་རེ་བཅད་རྒྱུའི་ཚབ་ལ། མི་ཚང་རེའི་ལྗོན་ཤིང་སྡོང་གསར་པ་རེ་ཡེ་ཤུ་ལ་མཆོད་པ་ཕུལ་ནས་སོ་སོའི་བསྡད་སའི་ལུང་པར་འདེབས་འཛུག་བྱོས་དང་། ཐུན་མོང་སྤྱི་ཡི་སྤྱོད་ཡུལ་དུ་གྱུར་པའི་གོ་ལའི་ཁྱིམ་ཚང་ཆེན་པོ་འདི། ད་གཟོད་སྔོ་ལྗངས་ཀྱིས་སྤྲད་པའི་མཛེས་སྡུག་ལྡན་པའི་ཁྱིམ་ཚང་ཞིག་ཏུ་གྱུར་ན། དེ་ནས་ཁྱེད་ཀྱིས་བཀུར་བའི་སྟོན་པ་ཡེ་ཤུ་ཉིད་ཀྱང་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའོ། དེ་ནས་ཉིན་གུང་ཟ་མ་ཟོས་ནས་ཞོགས་པའི་ཁ་འདོན་གྱི་འཕྲོ་རྣམས་མཇུག་བསྐྱངས་ནས་ཅུང་ཙམ་གཉིད་དུ་ཡུར། དགོང་ཟས་སུ་ཁ་སང་བརྐོས་པའི་ཟྭ་ཚོད་དེ་དང་མཉམ་དུ་ཤ་དང་། ཐུག་པ་སོགས་བསྲེས་ནས་སུ་སིན་མཉམ་དུ་དགོང་ཟས་ལ་རོལ་པས་སུ་སིན་ཧ་ཅང་དགའ་བོ་བྱུང་། བོད་ནས་ངོས་ཀྱི་དྲིན་ཆེན་ཨ་ཕྱི་རྒན་མོ་དེ་མལ་སར་ལྷུང་ནས་ཟླ་གཅིག་ཙམ་ཡིན་སྟབས་སྲིང་མོ་ལ་ཁ་པར་གཏང་བས་སྲིང་མོ་ནས་ཟེར་ན་ཨ་མ་ཉིན་རེ་བཞིན་ཇེ་ཐུ་ལས་ཡར་དྲག་བསྐྱེད་ཕལ་ཆེར་མི་འདུག གང་ཡིན་ཟེར་ན། ཉིན་མ་རེར་ཕྱེ་ཐུག་སླ་མོ་ཕོར་པ་ཕྱེད་ལས་མ་གཏོགས་མིད་པ་ལ་འགྲོ་གི་མི་འདུག་གསུངས་ནས་ངུས་བྱུང་བས་ངས་ཀྱང་གང་དྲག་གིས་སེམས་གསོ་བྱས། དེ་ནས་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Saturday, December 24, 2011

ཟྭ་འཐུ་ལ་སོང་བའི་ཉིན་མོ།

ཉིས་སྟོང་དྲུག་ལོར་འབར་མ་ལ་བསྐྱོད་པའི་སྐབས་སུ།
འཆར་ཅན་ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་། ཐབ་ཚང་ནང་སུ་སོང་ནས་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་ད་དགོང་རྨི་ལམ་དེ་དྲན་པའི་མགོ་བཙུགས་སོང་། ད་དགོང་ངོས་ཀྱི་རྨི་ལམ་རུ་བོད་ཀྱི་ས་ཆ་འདྲ་བའི་རི་མཐོན་པོ་ཞིག་ཏུ་མི་རིགས་སྣ་ཚོགས་པའི་ཁྲོད་ནས་རྩེད་མོ་འདྲ་ཞིག་རྩེད་ཀྱི་འདུག རྩེད་གྲོགས་སུ་ནང་ཆེན་མདོ་ཁམས་གཞུང་། སྲིད་མདའ་རུ་ཁག་ནས་ཡིན་པའི་ངོས་ཀྱི་ཅུང་ཟད་སྤུན་མཆེད་ཡིན་པ་འདས་གྲོངས་སོང་ནས་ལོ་ལྔ་དྲུག་ཙམ་ཕྱིན་ཅིང་དགོན་པ་གཅིག་པའི་གྲྭ་ཀརྨ་ཡེ་ཤེས་ལགས་རེད་འདུག ཁོང་ནི་མདོག་སྐྱོ་བོ་འདྲ་རེད་འདུག ངས་རྩེ་མོ་རྩེ་བཞིན་པའི་སྐབས་སུ་ཁོ་རང་ཤི་ཚར་དུས་དེ་རིང་འདིར་ཅི་ཡིན་ནམ་བསམ་པ་ཙམ་གྱིས་ངས་རང་གིས་རྨི་ལམ་ཡིན་པ་ཧ་གོ་གི་འདུག ཁོ་རང་ནས་གསུངས་ན་ང་ཤི་ཚར་རེད་དེ། ད་དུང་འདིར་བསྡད་དགོས་རེད་ཟེར་འདྲ་ཞིག་གསུངས་ནས་མིག་ཆུ་གཏོང་གིན་འདུག་པས་སེམས་ལ་སྐྱོ་སྣང་དང་བསྔངས་སྐྲག་གིས་རྐྱེན་ནས་གཉིད་སད་འདུག གཟུགས་པོ་སྦྱོང་བརྡར་ཆུ་ཚོད་གཅིག་ཙམ་བྱས་ཤིང་ཉིན་གུང་ཁ་ཟ་མ་ཞིག་ཟོས་ནས་དེ་རིང་གི་གནམ་གཤིས་ཧ་ཅང་སྐྱིད་པོ་འདུག་པས་སྐར་མ་ཉི་ཤུ་ཙམ་གྱི་སར་ཡོད་པའི་མེ་ཏོག་ལྡུམ་ར་ཞིག་ཡོད་པ་དེའི་ཟུར་དུ་ཟྭ་སྐྱེ་ཡོད་པས་ཟྭ་འཐུ་ལ་སོང་། ཟྭ་ནི་ས་ཆ་དྲོད་འཇམ་ཉིན་ཁུག་ཏུ་སྐྱེ་བའི་སྔོ་རིགས་ལྡུམ་བུ་ཞིག་ཡིན། རྗེ་བཙུན་མི་ལ་རས་པའི་ཟ་མ་བརྒྱ་གོ་གཅིག་ཆོད་ཞིག་རེད། ངོས་ཀྱང་བོད་ལ་ཡོད་པའི་སྐབས་སུ་ང་ཚོའི་གྲོང་བསེབ་མི་རྣམས་ཟྭ་ཚོད་ཟ་བ་ལ་ཧ་ཅང་དགའ་བས་ངོས་ཀྱང་ཧ་ཅང་དགའ་བོ་ཡོད། ཟྭ་ཞེས་པའི་སྔོ་དེ་ནི་སྔོ་ཚལ་གཞན་ལས་ཀྱང་བྲོ་བ་ཆེ་བ་ཡོད། ཨ་རི་སོགས་ཕྱི་རྒྱལ་བ་འདི་རྣམས་ཀྱིས་ཟྭ་ཡིས་བཟོས་པའི་ཇ་འཐུང་བ་ལས། ཟྭ་བཟའ་ཆོག་སྣང་བྱེད་ཀྱི་མི་འདུག དེ་རིང་སུ་སིན་ངེད་གཉིས་ནས་ཟྭ་མང་པོ་ཞིག་བཀོག་རྒྱུ་རག་སོང་བས་དགའ་བཞིན་དུ་ནང་དུ་འབྱོར་ནས་སང་ཉིན་ཉིན་གུང་ཟ་མ་རུ་ཟྭ་ཐུག་བསྐོལ་རྒྱུ་མོས་མཐུན་བྱུང་། དེ་ནས་ཐོག་ཁར་སོང་ནས་ཁ་བརྡ་སོགས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་བྱས་པས། གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབར་མའི་དགེ་སློང་ཞིག་ནས་འཆར་ལ་ཉེ་བའི་གསར་ལོའི་ནང་འབར་མར་གདན་ཞུས་བྱས་འདུག དེ་ནི་ནང་པའི་ཐེག་པ་གསུམ་གྱི་ཆོས་འདི་ལ་མཐུན་ལམ་གྱི་གསེར་ཟམ་ཧ་ཅང་གལ་ཆེན་པོ་ཞིག་མཐོང་སོང་། གང་ཡིན་ཞེ་ན། ༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དེ་༡༩༥༩ ནང་རྒྱ་གར་ལ་ཕེབས་ནས་བཟུང་སྟེ་འཛམ་བུ་གླིང་གི་ཆོས་ལུགས་ཡོངས་རྫོགས་ལ་མཐུན་ལམ་གནང་རྒྱུ་བཤད་མ་དགོས་ཀྱང་། དེ་ལས་གལ་ཆེན་པོ་ཞིག་ལ་ང་ཚོ་ནང་པའི་ཆོས་འདི་འཛམ་བུ་གླིང་འདི་སྒང་ལ་སྲིན་ཕུང་དབྱུག་པས་སྟོར་བ་བཞིན་དུ་གང་སར་འཐོར་བསྡད་ཡོད་པ་འདི་ནང་ཕན་ཚུན་ཁ་ཙམ་མ་ཡིན་པར་དོན་ངོ་མའི་ཐོག་ནས་ཕ་གཅིག་གི་བུ་ནང་བཞིན་མཐུན་སྒྲིལ་དང་མ་ཟད་ཕན་ཚུན་ལྟ་གྲུབ་སྤེལ་རེས་བྱེད་རྒྱུ་འདི་ཧ་ཅང་ནས་གལ་ཆེན་པོའི་དགོངས་པ་གཞེས་གནང་འདུག ཡིན་ནའང་སྐབས་དེ་དུས་ཀྱི་རང་ལྟ་མཆོག་འཛིན་བློ་རྒྱ་ཁབ་མིག་ལས་དོགས་པའི་ཆོས་ལུགས་གཞན་པའི་འགན་འཛིན་ཁ་ཤས་ཀྱིས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ལ་བརྟེན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་དེ་ཇི་ལྟ་བ་བཞིན་དུ་འགྲུབ་ཐུབ་མེད། ཉིས་སྟོང་གསུམ་ལོར་གུས་པར་གཟིམས་ཆུང་མཇལ་ཁ་ཞིག་ལེགས་པར་ཐོབ་པའི་སྐབས་སུ་ཁྱེད་རང་ནས་མ་འོང་པར་ང་ཚོའི་བོད་ཀྱི་ཆོས་ལུགས་ཙམ་མ་ཡིན་པར་ཤྲི་ལང་ཀ་དང་། འབར་མ། ཐེའུ་ལེན་སོགས་ཀྱི་ནང་ཆོས་ལས་ང་ཚོར་དགོས་པའི་ལྟ་སྤྱོད་གཉིས་ལས། ལྟ་བ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་བྱང་ཕྱོགས་སོ་བདུན། སྤྱོད་པ་དམ་ཆོས་འདུལ་བ་གཞིར་བཞག་གིས་མཁོ་བའི་ཡོ་བྱད་བཅུ་གསུམ་སོགས་ཀྱི་དཔེའུ་རིས་ཚུན་ཆད་སློབ་སྦྱོང་བྱས་ན་ཡག་པོ་འདུག་གསུངས་པའི་ལྡོག་མེད་བཀའ་གསུངས་ཟབ་མོ་སྤྱི་བོའི་གཙུག་ཏུ་ཕེབས་བྱུང་བས། ཉིས་སྟོང་དྲུག་ལོར་གུས་པས་སྐད་མི་ཤེས་པ་དང་། ལམ་གྲོན་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱང་བཀའ་མ་བཀྱག་ཙམ་འབར་མར་སོང་ནས་ཟླ་བ་ཁ་ཤས་ལ་ས་གནས་དེར་འཚོ་གོས་སོགས་ཁོ་རང་ཚོའི་དགེ་འདུན་པ་རྣམས་ཀྱི་ལུགས་སྲོལ་ལྟར་དུ་དེར་བསྡད་པ་ཡིན། འབར་མའི་ནང་གི་དགོན་པ་དང་བོད་ཀྱི་དགོན་པ་གཉིས་ཀྱི་འཚོ་ཐབས་ལ་ཁྱད་པར་ཧ་ཅང་ཆེན་པོ་འདུག དཔེར་ན་ཡོང་གོན་ཞེས་འབར་མའི་རྒྱལ་སར་དགོན་པ་ཆེ་ཤོས་ཞིག་ཡོད་རེད། དགོན་པ་དེའི་ནང་དུ་ཕལ་ཆེར་གྲྭ་པ་ཉིས་བརྒྱ་ལྔ་བཅུ་ཙམ་ཡོད་རྒྱུ་རེད། ས་གནས་དེར་དགོན་པ་དེ་ཆེ་ཤོས་ཞིག་དང་། རྩ་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱི་འདུག དགེ་འདུན་པ་རྣམས་ཞོགས་པ་འཆར་ཅན་ཆུ་ཚོད་ལྔ་པ་ནས་ལངས་ནས་ཁ་འདོན་དང་སྒོམ་རྒྱག་དགོས་པ་རེད། ཆུ་ཚོད་བདུན་པའི་སྐབས་སུ་དགེ་སློང་ཚང་མ་ལག་ཏུ་ལྷུང་བཟེད་བསྣམས་ནས་ཞབས་རྐྱང་དུ་བསོད་སྙོམས་ལ་ཕེབས་དགོས་འདུག ཞོགས་པའི་ཁ་ལག་གི་ཟ་མ་དེའི་འཕྲོ་དེ་ཉིན་གུང་ཟ་མ་བཞག་ནས་ཉིན་གུང་ཁ་ལག་ཚར་ནས་དགོང་ཟས་ཡོད་མ་རེད། དེ་འདྲ་བྱེད་ནས་ཡོང་དུས་དགོན་པར་གྲྭ་ཚང་སྤྱི་ལ་ཐབ་ཚང་གཏན་ནས་མི་འདུག སྐབས་དེ་དུས་ངོས་ལ་ལོའི་སུ་རྒྱལ་ཁབ་ནས་ཡིན་པའི་ཨ་ནེ་བོད་སྐད་ཤེས་མཁན་ཞིག་སྐད་བསྒྱུར་ལ་གླས་ནས་དགོན་པ་ཞིག་ནང་བདེན་པ་བཞིའི་ཆོས་བཤད་བྱས་དུས་ཁོ་རང་ཚོའི་ཁྱོད་རང་ང་ཚོ་དང་གཅིག་པ་རེད་འདུག་ཞེས་ཧ་ལས་མདོག་འདྲ་བྱེད་ཀྱི་འདུག ཁོ་རང་ཚོའི་བསམ་བློ་ལ་ང་ཚོ་བོད་པའི་ཆོས་དེ་ཆོས་ཡང་དག་པ་ཞིག་མ་ཡིན་པར་བསམ་བློ་གཏོང་གི་འདུག ངས་ཀྱང་ཁོ་རང་ཚོའི་མདུན་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་གསུང་ཆོས་ཚུར་ཞུས་པ་ཡིན་པས་ཁོང་ཚོ་ཧ་ཅང་དགའ་བོ་བྱེད་ཀྱི་འདུག དེ་འདྲ་ཡིན་པར་སོང་ཙང་ད་རེས་གོང་ས་མཆོག་ཡུལ་དེའི་ནང་ལ་ཕེབས་ཐུབ་ན་ཧ་ཅང་ཡག་ཡོང་ས་རེད་བསམ་བྱུང་། དེ་ནས་དེ་རིང་གི་ཟིན་བྲིས་ཞིག་གཏང་ཞིང་དགོང་ཟས་སུ་མོག་མོག་ཞིག་ཟོས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།   

Friday, December 23, 2011

རྣ་བའི་བུ་ག་གཙང་མ་བྱས་པའི་ཉིན་མོ།།

མཛེས་སྡུག་ལྡན་པའི་ཀི་ལི་ཧྥོ་ཉའི་སྟོན་གྱི་གནམ་གཤིས།
ཞོགས་པ་འཆར་ཅན་ལྟར་ལངས་ནས་ཁ་འདོན་རྣམས་བྱས་ཤིང་ཐབ་ཚང་དུ་སོང་ནས་ཞོགས་ཟས་ལ་རོལ། ཁང་པའི་རྒྱབ་ལོགས་སུ་གོག་གོག་ཞེས་པའི་སྒྲ་རྒྱུན་མི་ཆད་པ་ཞིག་ཡོད་པ་དེ་ནི། དེ་རིང་གི་ཉིན་མོར་ཀིམ་མ་བུ་གསུམ་གུང་སང་ངམ་ holiday ལ་འགྲོ་ཆེས་བྱེད་ནས་གྲ་བསྒྲིགས་བྱེད་པ་དེ་ཡིན། ངས་ཁོང་ཚོར་འཇུ་འཐམ་
སོགས་བསྐྱེལ་མའི་ཚུལ་དུ་ཕེབས་རྫོང་བྱས། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱིངས་དབང་མོ་རེད། མོ་རང་ནས་གསུངས་ན་སང་ཉིན་
ཀོ་ལི་གྱི་སློབ་གྲྭ་ལ་འགྲོ་གི་ཡོད་པས་སློབ་ཡོན་ཧིན་སྒོར་ཁྲི་གཉིས་དགོས་འདུག་སྟབས་གང་འདྲ་བྱེད་དགོས་རེད་ཟེར། ངོས་ནས་འཁྱག་པས་འཁྱག་པ་མི་དྲོས་པའི་དཔེ་ལྟར་དུ་རོག་བྱེད་རྒྱུར་གནས་སྐབས་ཕྱི་ནང་གི་འགྲོ་སོང་མང་དྲག་པའི་རྐྱེན་གྱིས་དཀའ་ལས་ཁ་ཙམ་འདུག་ཀྱང་། ཞིབ་ཏུ་བསམ་བློ་ཞིག་གཏང་ན་ཆོས་དབྱིངས་དབང་མོ་ལ་ཡར་ལ་བལྟས་ན་ཨ་སྔོན་སྟོང་པ། མར་བལྟས་ན་དོང་མོ་སྟོང་པ། གནས་སྐབས་ང་ལས་མ་གཏོགས་རེ་ས་གང་ཡང་མེད་པ་ནི་ངས་གསལ་པོ་ཤེས་ཀྱི་ཡོད། ལར་ནི་རོག་པ་བྱས་ནས་གྲུབ་འབྲས་གང་ཡང་མེད་ན་གནས་ཚུལ་ཁ་ཁ་རེད། ངོས་ཀྱི་ཚ་མོ་འདི་ནི་ངོ་མ་ངོས་ལ་ཧ་ཅང་བརྩེ་བ་དང་རེ་ལྟོས་ཡིད་ཆེས་ཆེན་པོ་བྱེད་མཁན་ཡ་རབ་གཉོམ་ཆུང་ཞིག་ཡིན། དེ་སྔ་ཕན་ཆོད་སུ་ཇ་དམའ་རིམ་སློབ་གྲྭ་ནས་བཟུང་སྟེ་ད་ལྟ་རྡི་ལིའི་མཐོ་རིམ་སློབ་གྲྭའི་བར་འཛིན་གྲྭ་རྣམས་སྐས་ཀྱི་གདང་བུ་ལྟར་དུ་ཐོད་རྒལ་བྱས་ནས་མཐའ་བཅད་པ་ལས། ལན་གཅིག་འཛིན་གྲར་རྗེས་ལུས་ཐེབས་མྱོང་མེད། ལྷག་པར་དུ་བསམ་ཡུལ་ལས་འདས་པ་ཞིག་ལ། ངོས་ཀྱི་ཚ་མོ་ཆུང་བ་བདེ་ཆེན་དབྱངས་སྐྱིད་དེ་རྒྱ་གར་རྒྱལ་ཡོངས་བོད་ཀྱི་སློབ་གྲྭའི་རྒྱུགས་འབྲས་རྩེ་ཕུད་གྲས་སུ་སླེབས་ནས། དེའི་ནང་ནས་འདེམ་ཐོན་བྱུང་བའི་སློབ་ཕྲུག་གསུམ་དང་མཉམ་དུ་སློབ་སྦྱོང་གི་ཆེད་དུ་ད་ལོར་དབྱིན་ལན་ལ་སོང་བ་རེད། འགྲོ་སོང་དང་ལམ་གྲོན་ཡོངས་རྫོགས་རང་གཞུང་ནས་གཏང་གནང་བ་རེད། ང་ཚོ་མི་ཚང་གཉོམ་ཆུང་ཞིག་ལ་ལྟོས་ན་སྔོན་ནས་བསུ་མ་དང་། རྒྱབ་ནས་སྐྱོར་མཁན་གང་ཡང་མེད་པའི་གསར་འབྱོར་ཞེས་བོད་མིའི་མིང་གཟུགས་སུ་དོད་པའི་ཀླད་མེད་འགའ་ཡིས་སྣ་གཉེར་བྱེད་ནས་བརྙས་བཅོས་བྱེད་སའི་ཉམ་ཆུང་ཞིག་ལ་བསམ་ན། དེ་ནི་མི་རབས་བརྒྱ་ལ་ངོམ་རིན་ཆོག་པའི་བྱས་རྗེས་ཞིག་ཏུ་མངོན། ད་ནི་དེང་སང་དེ་ལས་ལྡོག་ཏེ་རྒྱ་གར་བལ་ཡུལ་བོད་རིགས་བྱིང་གི་ལུགས་སྲོལ་ལྟར་ལག་པ་སྦྱིན་བདག་ལ་གཟེད་ནས་གཞན་བསྟེན་རིང་ལུགས་ཀྱི་ལམ་ངན་འདི་ནི། གཅིག་བྱས་ན་གཉེན་ལ་དུང་བ། ཞེས་མི་ཆོས་གཙང་མ་བཅུ་དྲུག་གི་ནང་ནས་བྱེ་བྲག་ཞིག་ཡིན་ཚོད་འདུག་ཀྱང་། ཕྱོགས་གཅིག་ནས་བལྟས་ན་ནང་མི་རེ་ཟུང་ཕྱི་རྒྱལ་ལ་ཡོད་པའི་དངུལ་ནག་ཁྲག་གི་ཐིག་པས་བསགས་པ་རྣམས་ཟ་ནས། ལས་མེད་གཞོན་སྐྱེས་ཕོ་གསར་མོ་གསར་མང་པོ་ཞིག་ཉྭ་ཡུ་ཐ་ལར་གཏུགས་ནས་མི་ཚེ་གང་འཁྱོལ་བྱེད་པ་འདི་ནི་ཆེས་ཐ་ཆད་པ་ཞིག་ཏུ་མཐོང་ངོ་། དེ་ནས་ཉིན་གུང་རྒྱབ་ལོགས་ཆུ་ཚོད་གཉིས་པའི་སྐབས་སུ་ངོས་ཀྱི་དགེ་ཕྲུག་ཌོག་གེའི་འམ་ཆོས་མིང་དུ། ཀརྨ་བློ་བཟང་ཞེས་པའི་བུ་རྒྱགས་པ་དེ་སླེབས་བྱུང་བས་ངེད་གཉིས་ཁོ་རང་ཚོའི་ནང་དུ་ཟ་མ་བཟའ་རུ་སོང་། ཆུ་ཚོད་ཕྱེད་ཀ་ཙམ་གྱི་ས་རུ་ཡོད་པའི་ཁོ་རང་གི་གཟའ་ཟླ་ཨེ་ཧྥེའུ་འམ་ཆོས་མིང་དུ། ཡེ་ཤེས་ཆོས་སྒྲོན་མོ་རང་གི་ཕ་མ་བཅས་ཚང་མ་འཛོམས་འདུག་པས་ལུང་པ་འདི་ཡི་ལུགས་སྲོལ་བཞིན་ལག་འཇུ་དང་། འཐམ་འཁྱུད། སོགས་བྱས་ནས་ཕར་ལྟས་ཚོད་དུ་ཞིམ་མདོག་ཅན་གྱི་ཟས་སྣ་མང་པོ་ཞིག་ཅོག་ཙེའི་སྒང་ལ་བསྒྲིགས་འདུག་སྟབས་ཁ་བརྡ་ལ་རོལ་བཞིན་ཟ་མ་ལ་མཉམ་དུ་རོལ། ཞོགས་ཟས་ཚར་བ་དང་མཉམ་དུ་ཨེ་ཧྥེའུ་མ་རྒན་དེ་རྣ་མཆོག་གི་བུ་ག་གཙང་མ་བྱེད་པ་ལ་ཧ་ཅང་མཁས་རབ་ཞེས་བཤད་སོང་བས། ཁོ་རང་ཚོའི་འདོད་པ་ལྟར་ Ear Candles ཞེས་ཤོག་སྒྲིལ་སྦུབ་སྟོང་རིང་པོ་ཞིག་གི་རྩེ་རུ་མེ་སྦར་ཞིང་དུ་བ་རྣ་བའི་བུ་ག་རུ་འགྲོ་བཅུག་ནས། རྣ་བའི་ནང་དུ་ཡོད་པའི་དྲེགས་པ་དང་། མི་གཙང་བ་རྣམས་ཤོག་སྦུག་བརྒྱུད་ནས་ཡར་འཐེན་ནས་གཙང་མ་བྱེད་པའི་ལུགས་སྲོལ་ལྟར་དུ་རྣ་བ་གཉིས་པོ་གཙང་མ་བྱས་པས་རྣ་བ་གསང་སངས་སེ་འདྲ་གྱུར་སོང་། དེ་ནས་ཚང་མར་གྱེས་བྲལ་གྱི་ལག་གཡུགས་དང་། འཐམ་འཁྱུད་སོགས་བྱས་ཞིང་རང་ཁྱིམ་དུ་ཡོང་ནས་དགོང་ཟས་སུ་འབྲས་དང་རྡ་ལི་ཚེ་བཅས་ཟོས་ནས་དེ་རིང་གི་ཟིན་བྲིས་ཚར་བར་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Thursday, December 22, 2011

བཙོན་ཁང་ནང་དུ་ཡོད་པའི་སློབ་མ་འགའ་ཡིས་ཡི་གེ་གཏང་བའི་ཉིན་མོ།

བཙོན་ཁང་ནང་ནས་གཏང་བའི་ཡི་གེ
ཞོག་པ་འཆར་ཅན་ལྟར་དུ་ལངས་ནས་ཁ་འདོན་སོགས་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་ལ་རོལ། ཐོག་ཁར་ཡོང་ནས་སྒེའུ་ཁུང་ནང་ནས་ཕར་ཅིག་བལྟས་དུས། སྒོ་ཟུར་གྱི་ཤིང་སྡོང་རྣམས་ལྷང་ངེར་མཁའ་ལ་འགྱིངས་ཤིང་། མཐིང་མདོག་གི་ནམ་མཁས་མཛུམ་ཞལ་ངོམ་ནས། གསེར་མདོག་གི་ཉི་འོད་ས་གཞི་རུ་འཁྱིལ་ཞིང་། དྲོད་ཁོལ་སྤྲོ་སྣང་དང་ལྡན་པའི་ལྗོན་ཤིང་གི་གཡས་གཡོན་དུ་མི་རྣམས་ཁྱུ་ཁྱུ་བྱས་ནས་དབ་དིབ་ཀྱི་ལབ་གླེང་བྱེད་བཞིན་ག་ཤེད་ཅིག་ཏུ་འགྲོ་བར་མཐོང་བས་ངོས་ཀྱང་དེ་རིང་སྐད་གྲགས་ཅན་གྱི་ཁར་མེལ་རྒྱ་མཚོའི་འགྲམ་དུ་ carmel beach འགྲོ་འདོད་ཀྱིས་རྐྱེན་ནས་རྐང་མཐིལ་ནས་ཟ་ཕྲུག་འདྲ་ཞིག་ལངས་བྱུང་། དེ་ནས་ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་ལ་ཁ་པར་ཞིག་གཏང་ནས་ངོས་དེ་རིང་ཁར་མེལ་རྒྱ་མཚོའི་འགྲམ་དུ་ཁྱུག་ཙམ་ཞིག་ལ་འཆམས་འཆམས་ལ་འགྲོ་དགོས་ཟེར་བས། མོ་རང་ནས་ཀྱང་ཨོ་དེ་ཧ་ཅང་ཡག་པོ་འདུག དེ་རིང་གནམ་གཤིས་དེ་ཧ་ཅང་སྐྱིད་པོ་འདུག་ཟེར་མོ་རང་ནས་ཉིན་གུང་ཟ་མ་བཟོ་ནས་ཟ་མ་བཟའ་རྒྱུ་རྒྱ་མཚོའི་འགྲམ་དུ་ཁུར་ནས་ཡོང་གི་ཡིན་ཞེས་གསུངས་སོང་། ཉིན་གུང་རྒྱབ་ལོགས་ཆུ་ཚོད་དང་པོའི་སྐབས་སུ་སྐད་གྲགས་ཅན་གྱི་ས་ཆ་ཁར་མེལ་རྒྱ་མཚོའི་འགྲམ་དུ་སོང་བས་དེ་རིང་ནི་གཟའ་ཕུར་བུ་ཡིན་ཀྱང་མི་རྣམས་འཚངས་ཁས་ཤིག་ཤིག་བྱེད་ཀྱི་འདུག  ནམ་རྒྱུན་གཟའ་སྤེན་པ་དང་ཉི་མ་གཉིས་སུ་མི་རྣམས་གྲོག་ཚང་ཁ་བརྡོལ་བ་ནང་བཞིན་རྒྱ་མཚོའི་འགྲམ་དུ་ཉི་གདུགས་དཀར་སེར་དམར་ལྗངས་ཕུབ་ནས། མི་རྣམས་ངོ་ཚའི་གསང་ཁེབ་དང་། ནུ་ཤུབས་ཙམ་ལས་གཞན་གང་ཡང་མེད་པར། གཅེར་བུར་བྱེ་མའི་ནང་དུ་ཧྲེང་ཉལ་བྱེད་པ་དང་། ཡང་ཁ་ཤས་ནས་ཁྱི་དང་མཉམ་དུ་སྤོ་ལོར་རྩེད་མོ་རྩེ་བ་དང་། སྤུ་གུ་རྣམས་ཁྱུ་ཁྱུ་བྱས་ནས་བྱེ་མར་བཟོ་ལྟ་འདྲ་མིན་བཟོ་ནས་རྩེད་མོ་རྩེ་བ་སོགས་བྱེད་ཀྱི་འདུག ངོས་བོད་ཀྱི་འབྲོག་པའི་ཁུལ་ནས་ཡོང་མཁན་ཞིག་ལ་ལྟོས་ན་རིན་གོང་ཅན་གྱི་འཛིན་བྱང་དང་། སྐད་གྲགས་ཅན་གྱི་གློག་བརྙན་སོགས་ལ་འགྲོ་སོང་གི་དཀའ་ངལ་ལྷག་མ་གང་ཡང་མ་དགོས་པར་ལྟད་མོ་འདི་ལས་ཆེ་བ་ཞིག་མི་འདུག སུ་སིན་ངེད་གཉིས་ཀྱང་ཟུར་ཞིག་དུ་བསྡད་ནས་ཟ་མ་ཟོས་ཤིང་རྒྱ་མཚོའི་འགྲམ་ནས་ཡར་འགྲོ་མར་འགྲོ་ཅུང་ཙམ་བྱས་ནས་ནང་དུ་ལོགས། 
ནང་ནས་ངོས་ཀྱི་ཡིག་སྣོད་ནང་དུ་ཡི་གེ་ཁ་ཤས་ཞིག་འདུག་པ་ཁ་ཕྱེས་ནས་བལྟས་དུས་ལོ་གཉིས་སྔོན་ནས་བྷོ་སི་ཊོན་བཙོན་ཁང་ཞིག་ནང་དུ་ཡོད་པའི་བཙོན་པ་ཁ་ཤས་ཞིག་ལ་འབྲེལ་བ་བྱུང་བས་བདུན་ཕྲག་རེར་ཆོས་ཐེངས་རེ་བཤད་ནས་བདུན་ཕྲག་གཉིས་ལ་དེར་བསྡད་པས་ཁོ་རང་ཚོ་ཧ་ཅང་དགའ་བོ་བྱུང་སོང་། བཙོན་པ་མི་གྲངས་བཅུ་ཡོད་པ་དེ་ཚང་མས་ང་སར་སྐྱབས་འགྲོའི་སྡོམ་པ་ཞུས་ནས་བདེ་ཆེན་ཞིང་སྒྲུབས་ཀྱི་ཆོ་ག་འདི་ཡི་ལུང་ཁྲིད་སོགས་ཚང་མ་བྱས་པས་གཟའ་ཉི་མ་ཁོ་རང་ཚོའི་གུང་སང་སྐབས་སུ་འཛོམས་ནས་མ་ཆད་པར་ཉམས་ལེན་བྱེད་ཀྱི་ཡོད་རེད། སྐབས་དེ་དུས་ངས་ཀྱང་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཁོང་༡༩༥༩ ལོའི་ནང་རྒྱ་ནག་ནས་བོད་དབང་བསྒྱུར་བྱས་པའི་སྐབས་སུ་མི་ལོ་ཧྲིལ་པོ་ཉི་ཤུ་རྩ་གཉིས་སུ་བཙོན་ཁང་ལ་བཞུགས་པ་དང་། ཁོང་ནས་དེ་སྐབས་སུ་བཙོན་ཁང་དེ་ཁོ་རང་གི་སྒོམ་དང་ཉམས་ལེན་སོགས་ལ་ཧ་ཅང་དཀའ་དྲིན་ཆེན་པོ་ཡིན་ཞེས་རྗེས་ནས་བཙོན་ཁང་ནང་ནས་གློད་གྲོལ་ཐོབ་པའི་རྗེས་སུ་ང་ཚོ་ལ་ཡང་ནས་གསུངས་མྱོང་ཡོད། ཁྱེད་རང་ཚོ་ཡང་ལུས་བཙོན་ཁང་དུ་བཙུད་པ་ལས་སེམས་བཙོན་ཁང་དུ་ཚུད་ཡོད་མ་རེད། སེམས་དེ་ཁྱེད་རང་ཚོའི་དགེ་བའི་ཕྱོགས་ལ་གཏང་དགོས་པ་རེད། ཁྱེད་རང་ཚོ་བཙོན་ཁང་ནང་དུ་ཡོང་དགོས་པའི་ཉེས་པ་ཚབས་ཆེན་དང་པོ་རང་ཉིད་ནས་མ་ཤེས་པའི་དབང་གིས་བསག་པ་རེད། དཔེར་ན་ཁྱེད་རང་ཚོའི་གྱོད་ཡ་དང་རང་གི་འཁོན་འགྲས་བྱུང་སའི་ཡུལ་དེ་ལ་སྙིང་རྗེ་སྐྱེ་དགོས་རེད་ད་ལྟ་ཁྱེད་རང་ཚོ་ཚུར་གནོད་འདི་འདྲ་བ་བསྐྱལ་བ་དེས་སྐྱེབ་ཚེ་རབས་སུ་ཡོད་པའི་བུ་ལོན་ལན་ཆགས་ཚང་མ་བྱང་གི་ཡོད་པ་རེད། དེ་ལ་སྡུག་བསྔལ་མེད་པར་དགའ་བ་དང་གཏང་ལེན་སོགས་བྱས་ན་ཁྱེད་རང་གི་སེམས་ལ་ཕན་གྱི་རེད། དེ་འདྲའི་རང་ཉིད་ལ་དཀའ་ངལ་དང་ན་ཚ་ཡོང་བའི་སྐབས་སུ་གཞི་ནས་སེམས་ཀྱི་རྣམ་དཔྱོད་ལས་བྱུང་བའི་དགེ་བ་བེད་སྤྱོད་བྱས་པའམ། སེམས་ཀྱི་ངོ་བོ་ལ་བལྟས་ན་དེ་ལས་བྱུང་བའི་སེམས་ཀྱི་གནས་ལུགས་དེ་ཧ་ཅང་གྲུང་པོ་ཡོད་རེད། དེ་འདྲར་སོང་ཙང་ཀུན་མཁྱེན་འཇིག་མེད་གླིང་པའི་ཞལ་ནས། 
དགྲས་ལོགས་སྒྲུབ་བྱས་པ་ཐུགས་དམ་གྱི་བོག་འདོན། 
གཏམ་མ་ཉེས་ཁ་ཡོག་དགེ་བསྐུལ་གྱི་ལྕག་འདེབས། 
འདི་ཆགས་ཆེན་འཇིག་པའི་བླ་མ་རུ་འདུག་ན། 
ཁོའི་དྲིས་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད།
ཞེས་གསུངས་ཡོད་པ་རེད། དེ་དང་མ་ཟད་ངོས་ཀྱི་རྩ་བའི་བླ་མ་ཁོང་ནས་ཀྱང་བཙོན་ཁང་ནང་ནས་གསུངས་པའི་མགུར་ཞིག་ཏུ། 
བཙོན་ཁང་མ་རེད་ལྷ་ཁང་རེད། 
བཙོན་པ་མ་རེད་མཚམས་པ་རེད།
ཁྱེད་གུང་བྲན་ཏང་གི་བཀའ་དྲིན་གྱིས། 
ལོ་ཉེར་གཉིས་བར་དུ་མཚམས་ལ་བསྡད།
ཞེས་སོགས་གསུངས་ཡོད་ཚུལ་བཤད་དུས་ཁོང་ཚོ་ཧ་ལས་འགྲོ་གི་འདུག དེ་ཡི་ནང་ནས་མི་གསུམ་ཚེ་བཙོན་རེད་ཟེར་ང་ཡང་ཁོ་རང་ཚོའི་གནས་སྟངས་དེ་ཧ་གོ་བ་དང་མཉམ་དུ་ཚད་མེད་པའི་སྙིང་རྗེ་འདྲ་ཞིག་སྐྱེ་བྱུང་། དེ་རིང་གི་ཡི་གེ་དེ་ནི་བཙོན་པ་དེ་རྣམས་ཀྱི་ཡི་གེ་དང་མཉམ་དུ་ཤོག་ལིང་བྱང་བུ་ཞིག་ card བཅས་རེད་འདུག ཡི་གེའི་ནང་དོན་དུ། 
ང་ཚོའི་བཙོན་པ་རྣམས་ཀྱི་སྐྱབས་གནས་དམ་པ་མཁན་པོ་ལགས། ཁྱེད་ཀྱི་སྐུ་གཟུགས་བདེ་ཐང་ཡིན་པའི་རེ་བ་ཡོད། ལོ་གཉིས་གོང་ནས་ཁྱེད་རང་ང་ཚོའི་བཙོན་ཁང་ནང་དུ་ཕེབས་ནས་བྱམས་པ་དང་སྙིང་རྗེའི་ངང་ནས་ང་ཚོ་ལ་ཆོས་དང་བསླབ་བྱ་སོགས་གནང་བ་ད་ལྟ་ཡང་ང་ཚོའི་རྗེད་མེད། ཁྱེད་ནི་ང་ཚོའི་སྐྱབས་གནས་ངོ་མ་དེ་ཡིན། ང་ཚོའི་དུས་ནམ་ཡང་ཁྱེད་རང་རྗེད་ཀྱི་མེད། ཁྱེད་ཀྱི་གནས་སྟངས་དེ་སྐབས་སྐབས་སུ་Ed Hardy བརྒྱུད་ནས་ང་ཚོའི་གོ་གི་འདུག ང་ཚོ་མཉམ་དུ་ཉམས་ལེན་ལ་བརྩོན་འགྲུས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ 
ཀརྨ་མགོན་པོ་ནས། 
ཞེས་བྲིས་འདུག་སྟབས་ངོས་ཀྱང་བཙོན་པ་དེ་རྣམས་ལ་བསམ་ནས་ཧ་ཅང་སྙིང་རྗེ་བྱུང་། དེ་ནས་དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Wednesday, December 21, 2011

ཨ་རིའི་རྫོགས་ཆེན་པ་ཞིག་དང་འཕྲད་པའི་ཉིན་མོ།

དུང་གི་ཀ་བ་གྱེན་དུ་བསླངས་འདྲའི་ཀི་ལི་ཧྥོ་ཉའི་བྲག་རིའི་ཟུར་ཞིག
ཞོགས་པ་འཆར་ཅན་སོ་གདོང་སོགས་བཀྲུས་ནས་ངོས་ཀྱི་ནང་ལས་Dharma home work.ཁ་འདོན་རྣམས་ཚར་བར་བྱས་ནས། ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། དེ་ནས་དེ་རིང་ངོས་ཀྱི་ལས་ཀ་གཙོ་བོ་ནི་ཉིན་གུང་རྒྱབ་ཏུ་མི་ཞིག་དང་འཕྲད་དགོས་པ་དེ་ཡིན། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་པོར་ལེན་ནས་ཤེས་རབ་སྐལ་ལྡན་ལགས་རེད་འདུག ཁོང་ནས་དུས་ཚོད་ཡོད་ན་གནམ་སྐར་རམ་ Skype ནང་དུ་ཕེབས་རོགས་ངོས་ནས་ཆོས་ཀྱི་སྐོར་དྲི་བ་འགའ་ཡོད་ཅེས་གསུངས་བྱུང་། ངོས་ནས་དེ་བཞིན་དང་ལེན་བྱས་ནས་གནམ་སྐར་སྒེའུ་ཁུང་ནང་ནས་ཕན་ཚུན་གཅིག་གིས་གཅིག་གསལ་པོར་མཐོང་ཐོས་བྱུང་། ཁོང་ནི་ཟླ་བ་རྗེས་མར་སླེབས་ལ་ཉེ་བའི་རྡོ་རྗེ་གདན་དུས་འཁོར་དབང་ཆེན་ལ་འགྲོ་མཁན་ཞིག་ཡིན་སྟབས་དུས་འཁོར་དབང་ཆེན་ཚར་བའི་སྐབས་སུ་རྡོ་རྗེ་གདན་ལ་ཕྱག་འབུམ་ཞིག་གི་དབུ་བཟུང་ནས་མཐའ་དེ་ཨ་རི་ལ་ཡོང་ནས་བསྐྱལ་འདོད་ཡོད་གསུངས་བྱུང་། ཁོང་གི་དྲི་བ་དེ་ཐུན་བཟུང་སྟངས་སྐོར་དང་། གནམ་ཆོས་འོད་དཔག་གི་ཆོ་ག་འདིའི་ནང་དུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་གང་འདྲ་བྱས་ནས་ཚང་གི་ཡོད་མེད་སྐོར་དྲི་བ་རེད་འདུག ངས་ཀྱང་དེའི་སྐོར་གང་ཤེས་སྐར་མ་སུམ་བཅུ་ཙམ་ལ་ལན་རྒྱབ་པས་ཁོ་རང་དགའ་བོ་བྱུང་སོང་། ཁོང་ནི་ཆོས་པ་ཡག་པོ་ཞིག་དང་མ་ཟད། ངོས་ལ་ར་གན་གསེར་རློམ་གྱི་འདུ་ཤེས་བཟུང་ནས་དད་པ་དང་ཡིད་ཆེས་བྱེད་མཁན་ཞིག་རེད། དེ་ནས་ངེད་གཉིས་ནས་དེང་དུས་ཚན་རིག་འདི་རྣམས་ཧ་ཅང་དཀའ་དྲིན་ཆེན་པོ་རེད་འདུག་ཞེས་གཉིས་ཀས་མོས་མཐུན་གྱིས་སྐད་ཆ་བྱས། དེང་སང་ཚན་རིག་སོགས་ཡར་རྒྱས་སོང་བའི་དོན་གོ་རུ་བླ་མ་ལ་ཕེབས་བསུ་གྲ་སྒྲིག་ལག་ཏུ་ཁ་གཏགས་སོགས་གང་ཡང་མ་དགོས་པར། སློབ་མ་རྣམས་སོ་སོའི་ཉལ་སར་དྲོད་མོར་བསྡད་བཞིན་དུ་རྩིས་འཁོར་མདུན་དུ་བཞག་ནས་གནམ་སྐར་ནང་ནས་མཛུབ་མོ་མནན་ཙམ་གྱིས་བླ་མ་སྐར་ཆ་ཁ་ཤས་མཚམས་དེར་ཕེབས་ནས་བླ་མའི་ཞལ་གྱི་དཀྱིལ་འཁོར་མཇལ། གསུང་གི་དམ་ཆོས་གང་འདོད་ཉན་ཆོག་པ་གནམ་སྐར་རམ་ Skype འདིའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་གི་སྤྲུལ་པ་ཡིན་ནམ་ཞེས་རྩེད་མོ་དང་སྦྲག་ནས་སྐད་ཆ་འགའ་བྱས་ནས། ངོས་ཀྱི་ལས་བྲེལ་ཞིག་གིས་གནས་སྐབས་མཚམས་བཞག་དགོས་བྱུང་།  ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་སུ་སིན་ནམ་ཆོས་མིང་དུ་ཨ་མ་ཀུན་བཟང་དབང་མོ་རེད། མོ་རང་ནས་གསུངས་ན་ཉིན་གུང་རྒྱབ་ཏུ་ཨ་རིའི་ཉི་ཡོག་ནས་ཡིན་པའི་མི་ཞིག་ལ་ཁ་སང་ནས་དུས་ཆད་བྱས་པ་ལྟར་ཁོ་རང་ཐུག་རྒྱུ་དེ་མ་བརྗེད་རོགས། མོ་རང་ཆུ་ཚོད་གཉིས་པའི་སྐབས་སུ་ང་ལེན་ལ་ཡོང་གི་ཡིན་གསུངས་སོང་། དེ་ནས་ངེད་གཉིས་ཨ་རིའི་མི་དེའི་སར་སྐར་མ་སུམ་བཅུ་ཙམ་གྱི་སར་འགྲོ་དགོས་པས་ཁོང་སར་སོང་བ་ཡིན། ཁོ་རང་གི་གྲོགས་པོ་ཞིག་གི་ནང་ནས་སྒུགས་འདུག ཕན་ཚུན་ལུགས་སྲོལ་དང་མཐུན་པར་ལག་འཇུ་དང་། ངོ་སྤྲོད་སོགས་བྱས་ནས་གདན་དུ་བསྡད་པས། མི་དེ་ལ་ལྟས་ཚོད་དུ་བོད་ཆོས་ཉམས་ལེན་བྱེད་མཁན་འདྲ་ཞིག་འདུག ལག་པའི་འཁྲིག་མ་རུ་རག་ཤའི་ཕྲེང་བ་སྦོམ་པོ་ཞིག་དང་། སྐེ་རུ་ཕྲེང་བ་ཆུ་ལུང་ཙམ་ཞིག་གྱོན་འདུག ཁོ་རང་ནས་ལམ་སང་ང་ཡི་སྐོར་སྐད་ཆ་འདྲི་གིན་འདུག་པས་ངོས་ནས་ཀྱང་དབྱིན་ཇི་གོབ་ཏོ་དེ་རྒྱབ་ནས་ང་རང་གི་ལོ་རྒྱུས་དང་ཆོས་ལུགས་ཕ་ཡུལ་སོགས་ཚང་མ་ངོ་སྤྲོད་བྱས་པ་ཡིན། ཁོ་རང་ནས་ཁྱོད་རང་བཀའ་བརྒྱུད་པ་རེད་བཞག ང་ཡང་སྔོན་མ་བཀའ་བརྒྱུད་པ་ཡིན། ད་ལྟ་ང་རྙིང་མ་དང་མ་ཟད་རྫོགས་ཆེན་པ་ཡིན་ཞེས་ཁ་ཕོ་ཆེན་པོའི་རྫིག་ཉམས་འདྲ་བྱེད་ནས་བཤད་ཀྱི་འདུག  ངས་ཀྱང་ཁོ་རང་ལ་མཚར་རྩེད་ཀྱི་ཚུལ་དུ། ག་རེ་བྱས་ནས་ཁྱོད་རང་རྙིང་མ་ལ་འགྱུར་བ་རེད། why you Become nyingma?  ཞེས་གད་མོ་དང་བཅས་པས་ཞུས་པས་ཁོང་ནས་ལུང་པ་འདི་ཡི་ལུགས་སྲོལ་ལྟར་དུ་ལག་པ་གཉིས་གྱེན་ལ་བཀན་ཙམ་བྱེད་ཀྱི་འདུག དེ་ནི་ངས་ཧ་གོ་མ་སོང་ཞེས་པའི་བརྡ་རེད། དེ་ནས་ངོས་གཉིས་སྐད་ཆ་འགའ་བྱས་དུས་ཁོ་རང་ནས་གསུངས་ན་ཁོང་ནས་རྫོགས་ཆེན་ཉམས་ལེན་བྱེད་ཀྱི་ཡོད། ང་ཡི་བླ་མ་དེས་ང་ལ། ༼རང་བྱུང་ཡེ་ཤེས་རྒྱལ་པོ་༽ཞེས་པའི་མིང་ཞིག་གནང་བྱུང་། ལོ་རྗེས་མར་ང་ལ་གོ་ས་ཞིག་སྤྲད་ཀྱི་ཡིན་གསུངས་བྱུང་བས་ངས་དེ་སྒུག་ཐུབ་ས་མ་རེད་ཅེས་ཟེར། 
i can't wait it.ཞེས་ཟེར། དེ་ནས་ཁོང་གི་རྒྱབ་ཁུག་ནང་ནས་ཕུར་པ་ཞིག་དང་ཁ་འདོན་གྱི་དཔེ་ཆ་འགའ་དང་ཁོང་གི་བླ་མ་དེའི་པར་བཅས་བསྟེན་བྱུང་བས་བླ་མ་དེ་ངས་མཇལ་མྱོང་བ་ཅན་འདྲ་ཞིག་འདུག དེ་ནས་ངེད་གཉིས་སྐད་ཆ་ཐུང་ཙམ་གྱིས་མཐའ་བསྡུས་ནས་ཕན་ཚུན་ལག་འཆང་དང་། ཕྱག་རྒྱ་སོགས་བྱས་ནས་རང་ཁྱིམ་དུ་འབྱོར་ནས་དེ་རིང་ཨ་རིའི་རྫོགས་ཆེན་པའི་སྐོར་ལ་འདིང་ཞིག་རྒྱབ་པ་ཡིན། ད་ནི་ཤར་ནུབ་ས་ཆ་གང་དུ་ཕྱིན་ཀྱང་དེང་དུས་བོད་ཆོས་ཞེས་འཛམ་བུ་གླིང་གི་མི་རྣམས་ཀྱིས་ཆེས་དགའ་ཤོས་བྱེད་སའི་རིན་ཐང་ཅན་གྱི་རིག་གཞུང་ཟབ་མོ་དང་། ལྷག་པར་དུ་གསང་སྔགས་ཟབ་མོའི་ཆོས་འཕྲད་ཚད་གྲོལ་བ་བཞི་ལྡན་གྱི་སྒོ་ནས་ཕུང་པོ་ལྷག་མེད་དང་། ལུས་རྡུལ་ཕྲན་དུ་དེང་བའི་ཟབ་ཆོས་བླ་ན་མེད་པ་འདི་ཉིད། དེང་སང་མི་ཡི་གཟུགས་ལ་སྤྲེའུ་ཀླད་པ་ཅན་གྱི་མི་འདི་རྣམས་ཀྱིས་སོ་སོའི་ལྟོ་གོས་དང་ཐོབ་མངའ་ཐང་གི་ཆེད་དུ་བེད་སྤྱོད་བྱེད་པའི་དུས་ཚོད་འདིར་བསམ་ནས་སེམས་སྐྱོ་བ་ཞིག་བྱུང་། ལར་ནི་སྤྱི་ལོ་བརྒྱ་ཕྲག་དྲུག་བཅུ་དང་བདུན་བཅུའི་སྐབས་སུ་ཕྱི་རྒྱལ་ལ་ཕེབས་སྔ་བའི་བླ་མ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་ཡང་མེད་སར་བསྟན་རྩ་གཙུགས་ནས་དེང་སང་ནུབ་ཕྱོགས་པའི་ཡུལ་གྲུའི་ནང་དུ་བོད་བསྟན་ལ་ཉིན་རེ་བཞིན་དད་གུས་བྱེད་མཁན་ཇེ་མང་ལ་འགྲོ་བ་འདི་ཁོང་རྣམ་པའི་སྐུ་དྲིན་ཉག་གཅིག་ཡིན། འོན་ཀྱང་གང་དུ་བཀྲ་ཤིས་མ་ཡོད་ས་དེར་སྣ་ནག་མ་ཡང་མཉམ་དུ་ཡོད་པ་ནི་ཆོས་ཉིད་ལྟར་བོད་པའི་བླ་གཟུགས་ཟོལ་སྐྱལ་འགའ་ཡིས་སྐབས་དེ་དུས་ནས་སངས་རྒྱས་བཀའ་དྲིན་ཅན་གྱི་བསྟན་པ་འདི་ལ་རང་བཟོ་དང་། ཕོ་ཚོད། རས་ཆོད་དང་། གཟུ་ལུམ་སོགས་སྦྱིན་བདག་ངོ་སྲུང་དང་། དཔལ་འབྱོར་གསོག་བསྡུའི་ཆེད་སྐྱག་ལང་དུ་གཏང་ཚར་འདུག་པས། ཉམ་ཆུང་ནུས་མེད་ང་འདྲ་བ་ཞིག་ནས་དོན་མེད་སེམས་ལས་བྱས་ན། སོ་སོར་སྲོག་རླུང་གི་ན་ཚས་ཟིན་པ་ལས་ཅི་ཕན། གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་འདིའི་སྐོར་ལ་གསུངས་སྐད་ཤོར་བ་ནི་ཐེངས་གཅིག་ཙམ་ག་ལ་ཡིན། དེ་ནས་དགོང་ཟས་སུ་མོག་མོག་ཞིག་ཟོས་ནས་དེ་རིང་ཟིན་བྲིས་རྣམས་ཚར་བར་བྱས། 
དེང་སང་ངོས་ལ་སེམས་ཁྲལ་འཕར་མ་ཞིག་ཡོད་པ་ནི། ལོ་གྲངས་བརྒྱད་བཅུ་གྱ་བརྒྱད་ཅན་གྱི་ངོས་ཀྱི་ཨ་ཕྱི་རྒན་མོའི་མིད་པའི་ཀན་སེལ་གྱི་ན་ཚ་དེ་ཡིན་པས། མགྱོགས་པོ་ནང་ཆེན་ལ་ཡོད་པའི་ངོས་ཀྱི་གཅུང་མོ་ལ་ཁ་པར་ཞིག་གཏང་བས། མོ་རང་ནས་དེ་རིང་ཨ་མ་ཅུང་ཙམ་དྲག་འདུག འཆི་ཁའི་མལ་གསོ་ཡིན་ནའང་ཐང་ཡིན་ནའང་སྐད་གསལ་པོ་མི་འདུག་ཀྱང་། ཁྱོད་རང་ལ་སྐད་ཆ་བཤད་མོས་བྱེད་ཀྱི་འདུག་ཟེར། ངོས་ནས་ཀྱང་སྔ་ས་ནས་གྲ་སྒྲིག་བྱས་ཟིན་པའི་ནང་ཆེན་པའི་ཡུལ་སྐད་དེ་སྐྱོན་ནས་མ་ཐུག་ནས་མི་ལོ་བཅུ་བཞི་ཏག་ཏག་སོང་བའི་ཨ་ཕྱི་རྒན་མོ་དེ་དང་མཉམ་དུ་སྐད་ཆ་བཤད་གང་ཐུབ་བྱས། ནམ་རྒྱུན་ངས་བོད་ལ་ཁ་པར་གཏོང་སྐབས་སུ་ང་ལ་དཀའ་ངལ་ཡོད་པ་ཞིག་ནི། ངོས་རང་རྒྱ་གར་བལ་ཡུལ་སོགས་ལ་ཁྱི་སྡོམ་བཞིན་དུ་འཁྱམས་ནས་མི་ལོ་བཅུ་བཞིའི་རིང་དེང་སང་རྒྱ་གར་བལ་ཡུལ་སོགས་དབུས་གཙང་བའི་ཡུལ་སྐད་འདྲ་དེ་ཁོར་ཡུག་གི་རྐྱེན་པས་བེད་སྤྱོད་མ་བྱས་རང་བྱས་ཡིན་སྟབས་ག་དུས་བོད་ལ་ཁ་པར་གཏང་ཀྱང་ཁོང་ཚོའི་ང་ལ་ཁྱོད་རང་ནས་ཕ་སྐད་རྗེད་འདུག་ཞེས་སྡིག་དམོད་བྱེད་ཀྱང་བྱེད་པ་དེ་རེད། ཨ་ཕྱི་ལོ་རྒན་པ་དང་ཡུན་རིང་གི་ནད་པར་སོང་ནས་གྲེ་སྐད་གསལ་ལ་མི་གསལ་བ་ཞིག་གིས་མང་པོ་ཞིག་བཤད་ཀྱི་འདུག་ཀྱང་ངས་གོ་བ་ཞིག་ལ། ཨ་ཉོག་ཁྱོད་རང་ད་ལྟ་གང་དུ་ཡོད། ཁྱིམ་ལ་ག་དུས་ཡོང་གི་ཡིན་ཟེར་བ་ཞིག་གོ་བྱུང་། ༼ཨ་ཉོག་ཞེས་པ་དེ་ནི་མ་ཡིས་བུ་ལ་འབོད་པའི་གཅེས་མིང་ཞིག་རེད་༽གཞན་སྐད་ཆ་རྣམས་ཡག་པོ་ཞིག་གོ་ཐུབ་ཀྱི་མི་འདུག ངས་ཀྱང་སྐད་ཤུགས་ཆེ་ཙམ་བྱས་ནས། ཨ་ཕྱི། ཁྱེད་རང་སེམས་ཁྲལ་མ་གནང་དང་། ཁྱོ་རང་ཤི་གསོན་གང་འདྲ་བྱུང་ནའང་ང་ཡི་སྙིང་གི་དཀྱིལ་དུ་ཡོད། དུས་ནམ་ཡང་ངས་ཁྱོད་རང་རྗེད་ཀྱི་མེད། ང་ལའང་སེམས་ཁྲལ་མི་དགོས་སོགས་མང་དག་ཞིག་བཤད་ཀྱང་གོ་ཡོད་མེད་ཧ་གོ་མ་སོང་། དེ་ནས་ངོས་ཀྱི་གཅུང་མོ་ནས་ཨ་རྦོ་ཨ་མས་མིག་ནས་མཆི་མ་གཏོང་གི་འདུག་ཟེར་ནས་མོ་རང་ཡང་ངུས་སོང་བས་ང་ཡང་མི་ལོ་བཅུ་བཞིའི་རིང་དགོན་པ་གྲྭ་ཚང་དང་། ནང་མི་ཡུལ་ལུང་སོགས་མི་འདོད་བཞིན་དུ་ཁ་བྲལ་ཅིང་། ཡུར་གྱར་བྱས་ནས་བསྡད་དགོས་པའི་ལས་ངན་དེ་བསམ་ནས་མིག་ནས་རང་དབང་མེད་པར་མཆི་མ་ཤོར་སོང་། ༼ཨ་རྦོ་ཞེས་པ་ནི་སྲིང་མོའི་མིང་པོར་འབོད་པའི་གཅེས་མིང་ཞིག་རེད་༽ ངོས་ཀྱི་སྲིང་མོ་ནི་སེམས་ཆུང་ཡ་རབ་ཅན་ཞིག་ཡིན་སྟབས་ཆུང་ཆུང་སྐབས་སུ་རྟ་རྦང་ངམ་རྟ་ལུད་འཐུ་ཞིང་རྒྱ་མི་ལ་གཙོང་ནས་དེའི་དངུལ་གྱིས་བྱེ་རིལ་དང་། ཀ་ར་སོགས་ཉོ་ནས་ངོས་ལ་སྤྲད་པ་སོགས་ཡང་ཡང་དྲན་གྱི་འདུག  དེ་ནས་ངོས་ཀྱི་སྲིང་མོའི་ངུ་མཚམས་གཏན་ནས་མི་བཞག་སྟབས་ངས་ཁྱེད་རང་མ་ངུ་མ་གཏོགས་རྗེས་ནས་ངས་ཀྱང་ཁ་པར་གཏོང་རྒྱུ་ཉུང་དུ་གཏང་གི་ཡིན་ཞེས་སྡིག་མོ་འདྲ་བྱས་པས་ཅུང་དྲག་སོང་། སྲིང་མོ་ལ་ཆུ་ཚོད་གཉིས་ཙམ་རིང་སྐད་ཆ་མང་པོ་བཤད་ནས་མཐར་རྣ་བ་གཉིས་ཀ་ནས་ཚ་ཟེར་ཟེར་འདྲ་རེད་བྱུང་བས་དེ་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Tuesday, December 20, 2011

དགའ་ལྡན་ལྔ་མཆོད་ཉིན་མོ།

ཞོ་གསར་ཆུ་འཛིན་སྤུང་འདྲའི་རྩེ་རུ་རྗེ་ཡབ་སྲས་གསུམ།
ཞོགས་པ་འཆར་ཅན་ལྟར་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས། ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ལ་རོལ་ནས་ཐོག་ཁར་ཡོང་ནས་དེ་རིང་ངོས་ཀྱི་ལས་འཆར་ཁག་ལ་འདིང་ཞིག་རྒྱབ། དེ་རིང་ནི་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་ལ་ཁེལ་འདུག དགའ་ལྡན་ལྔ་མཆོད་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོ་དགོངས་རྫོགས་ཀྱི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང༌། དེའང་རབ་བྱུང་བདུན་པའི་ས་ཕག་ཕྱི་ལོ་༡༤༡༩ ལོའི་སྟོན་དུས་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང༌། འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་ཆོས་མང་དུ་གསུངས་ཤིང༌། དེ་རྗེས་དགའ་ལྡན་དུ་ཕྱིར་ཕེབས་ཀྱིས་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་བ་སྨོན་ལམ་རྒྱ་ཆེར་མཛད། སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་ནས་བོད་ཟླ་༡༠ ཚེས་༢༥ ཉིན་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས་པའི་ཚུལ་བསྟན་པ་ནས། ལོ་ལྟར་དུས་ཆེན་དེ་ཉིད་རྩི་སྲུང་ཞུ་བཞིན་ཡོད། ལྷག་པར་དུ་དབུས་ཀྱི་གདན་ས་ཆེན་མོ་གསུམ་དང་། བྱང་གི་དགོན་ཆེན་བཞིའི་གཙོར་བྱས་པའི་རི་བོ་དགེ་ལུགས་པའི་ཆོས་ལུགས་པའི་རྗེས་འཛིན་སེར་སྐྱ་ཡོང་ནས་དུས་ཆེན་འདི་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད། དགོན་པ་ཁག་ནས་མཆོད་སྤྲིན་རྒྱ་ཚར་སྟོང་ཚར་འབུལ་བ་དང་། མི་མང་རྣམས་ཀྱང་རང་འཁོས་འབྱོར་ཚོད་དང་བསྟུན་ནས་ཉིན་མོ་གསང་གསོལ་དང་། མཚན་མོ་མཆོད་མེ་སྦར་བ་སོགས་བྱེད་ནས་སོ་སོའི་ཁང་པའི་ཐོག་ཁར་ཁྲ་ཆིལ་ཆིལ་བྱེད་ཀྱི་ཡོད། ངག་ནས་ཀྱང་རྗེ་རིན་པོ་ཆེར་དད་པ་རྩེ་གཅིག་གིས་དམིགས་བརྩེ་མ་སོགས་དབྱངས་རྟ་ལ་སྐྱོར་ནས་འདོན་གྱི་ཡོད། མ་ཟད་འདི་ཡི་ནུབ་མོར་དབུས་གཙང་ཕྱོགས་ནས་རྗེ་རིན་པོ་ཆེ་ཞིང་ལ་ཕེབས་པའི་མྱ་ངན་རྗེས་དྲན་གྱི་ཆེད་དུ་། ༼མྱང་ཐུག་༽ཅེས་བག་ཐུག་ཞིག་ངེས་པར་འཐུང་སྲོལ་ཡོད། ཉིན་མོ་འདིར་ནས་བཟུང་སྟེ་དགུན་ཁའི་ཉིན་མོར་རྩིས་ནས་བོད་པའི་སྐུ་དྲག་རྣམས་ཀྱིས་དགུན་ཆས་གྱོན་པའི་ལུགས་སྲོལ་ཞིག་ཀྱང་ཡོད་སྐད་འདུག ངོས་ནས་ཀྱང་ཁ་འདོན་ནང་དུ་སྔ་ནས་ཡོད་པའི་ལམ་གཙོ་རྣམ་གསུམ་དེ་རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་མཛད་པ་དང་མ་ཟད་ཁོང་གི་མཁྱེན་པའི་ཡོན་ཏན་རྣམས་བློ་ངོར་དྲན་བཞིན་ལྷོད་ལྷོད་བྱས་ནས་ཚར་གཅིག་བཏོན་པས་སེམས་ལ་ཕན་པོ་བྱུང་། དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Monday, December 19, 2011

འདི་ལོའི་བདེ་ཆེན་ཞིང་སྒྲུབ་ཉིན་ཐ་མ།

མཐོང་གྲོལ་སྣང་མཐའི་ཞལ་ཐང་།
ཞོག་པ་ཆུ་ཚོད་བདུན་པར་ལངས་ནས་ངོས་ཀྱི་འཆར་ཅན་ཁ་འདོན་རྣམས་ཚར་བར་བྱས་ཤིང་། འདི་ཉིན་མོར་ངོས་ལའང་ཆམ་རིམས་འདྲ་ཞིག་ན་འདུག་སྟབས་ཐབ་ཚང་ནང་ནས་ཆུ་ཚ་བོའི་ནང་དུ་ལེ་མོན་ཁུ་བ་ཞིག་རྩིར་ནས་ཧུབ་འཐུང་བྱས་པས་ཅུང་ཙམ་ཕན་པོ་བྱུང་། ནམ་ཟླའི་འཁོར་འགྲོས་འདྲ་གང་ཡིན་མིན་མ་ཤེས་པར་དེང་སང་མི་མང་པོ་ཞིག་ལ་ཆམ་རིམ་འདྲས་རྐྱེན་ནས་ནད་པ་ཆགས་འདུག དེ་རིང་གི་ཉིན་མོ་འདི་ནི་འཆར་ཅན་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དེ་ཡིན་ཀྱང་ཁ་སང་དེ་རིང་ངོས་ཀྱི་དགེ་ཕྲུག་རྣམས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཁ་པར་ཡོང་སྟངས་ལ་ལྟས ན། ང་ན། ཁོ་ཚ། ཞེས་པའི་སྐད་ངན་རྐྱང་རྐྱང་རེད་འདུག སྟབས་ཕལ་ཆེར་དེ་རིང་གི་ཞིང་སྒྲུབ་འདི་ལ་མི་ག་ཚད་འཛོམས་མིན་གསལ་པོ་ཧ་གོ་མ་སོང་།  ཡིན་ནའང་དེ་རིང་གི་བདེ་ཆེན་ཞིང་སྒྲུབ་འདི་ནི་ཕྱི་ལུགས་ལྟར་དུ་བྱས་ན་ཉིས་སྟོང་བཅུ་གཅིག་ལོའི་བདེ་ཞིང་སྒྲུབ་ཐ་མ་དེ་ཡིན་སྟབས་ངོས་ནི་ལས་ཅི་ལ་ཐུག་ཀྱང་བསོད་ནམས་ཅན་གྱི་བགྱི་བྱ་དེ་ཆམ་རིམ་ཙམ་གྱིས་དུས་ནམ་ཡང་ཕྱི་གཤོལ་མི་བྱེད་པའི་དམ་བཅའ་དང་བཅས། ཆུ་ཚོད་དྲུག་པའི་སྐབས་སུ་སིན་སླེབ་བྱུང་བས་རླངས་འཁོར་ཁ་ཆོས་ཚོགས་སུ་བསྒྱུར་ནས་སོང་བས་མི་རྣམས་གཅིག་འབྱོར་གཉིས་འབྱོར་གྱིས་སླེབས་བྱུང་། མི་མང་ཤོས་དེ་གསར་པ་ཤ་སྟག་རེད་འདུག ཕལ་ཆེར་མི་ཉི་ཤུ་ཙམ་ཞིག་སླེབས་ནས་ཚོགས་ཁང་ཕྱེད་ཀ་ཁེངས་འདུག དེ་ནས་དེ་རིང་གི་བརྗོད་བྱ་འདི་དང་འབྲེལ་བ་ཡོད་པའི་ཁམས་འདྲི་དང་སྦྲག་ངོས་ཀྱི་དབྱིན་སྐད་གོབ་ཏོ་དེ་སྐྱོན་ནས་སྤྱི་གཏོལ་བསྐྱེད་ནས་སྐར་མ་ཁ་ཤས་ཞིག་ལ་བཤད། དེ་ནས་རྒྱ་མཚོ་གློ་ལ་བཞག ཀོ་གྱོང་མཆིལ་མས་བརླན་ཞེས་པའི་དཔེ་ལྟར་དུ། སློབ་སྦྱོང་དང་། ཉམས་མྱོང་། མི་གཞི་སོགས་གང་ཐད་ནས་སྐད་གྲགས་ཡོད་པའི་སྐད་བསྒྱུར་ཞིག་ཟུར་ལ་བཞག་ནས་ངོས་ཀྱི་དབྱིན་ཇི་གོབ་ཏོ་དེ་བེད་སྤྱོད་མ་གཏང་ནས་སྐད་བསྒྱུར་བརྒྱུད་ནས་ཆོས་བཤད་འདི་ལྟར་བྱས། ༼ཡ་ད་དེ་རིང་ངས་ཚང་མ་ལ་ཡོང་རྒྱུའི་གནམ་ལོ་གསར་པ་དང་མ་ཟད་སྟོན་པ་བླ་ན་མེད་པ་ཡེ་ཤུའི་འཁྲུང་སྐར་བཅས་ལ་གུས་འདུད་དང་བཅས་པའི་སྒོ་ནས་བཀྲ་ཤིས་བདེ་ལེགས་དང་ཆབས་གཅིག་ཏུ། Merry Christmas! and Happy new year! ད་དེ་རིང་ང་ཚོ་ལོ་གཅིག་གི་ནང་བདེ་ཆེན་ཞིང་སྒྲུབ་ཉིན་ཐ་མ་དེ་རེད། དུས་ཚོད་དེ་ཧ་ཅང་མགྱོགས་པོ་འདུག་ག སྔར་ལོ་ང་འདིར་ཡོད་པ་རེད། ད་དེ་རིང་ལོ་གཅིག་ཏག་ཏག་འགྲོ་ཚར་འདུག ལོ་གཅིག་གི་ནང་ནས་དུས་ཚོད་དེ་དགེ་བའི་ཕྱོགས་ལ་འགྲོ་ཐུབ་ཡོད་དམ་མེད་གཞི་ནས་བསམ་བློ་གཏོང་དགོས་རེད་། གསེར་ལྟ་བུའི་དུས་ཚོད་རིན་ཐང་ཅན་དེ་དོན་མེད་ཆུད་ཟོས་དང་མ་ཟད་བྱ་བ་ངན་པའམ་སྡིག་པའི་ཕྱོགས་སུ་གཏང་ན་ཧ་ཅང་བླུན་པོའི་ལས་ཀ་རེད། དེ་ཡང་ནྰ་ག་རྗུ་ནས་གསུངས་ཡོད་པ་རེད། གང་ཞིག་གསེར་སྣོད་རིན་ཆེན་སྤྲད་པ་ལས། ངན་སྐྱུགས་འཕྱགས་པར་བགྱིད་པ་གང་ཡིན་པ །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། ཞེས་གསུངས་པ་ལྟར་དུ་རེད། ད་ང་ཚོ་བདེ་ཆེན་ཞིང་སྒྲུབ་ལོ་གཅིག་གི་ནང་ཚར་ག་ཚད་འགྲུབ་འདུག་གྲངས་ཀ་བགྲང་དགོས་རེད། དཔེར་ན་ང་ཚོ་འཆར་ཅན་བདུན་ཕྲག་རེའི་ནང་ཚར་རེ་འདོན་གྱི་ཡོད་རེད། ཟླ་བ་གཅིག་ནང་ལ་བདུན་ཕྲག་བཞི་ཡོད་པ་རེད། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ནང་ནས་མ་ཆད་པ་བྱུང་ཡོད་ན་ག་ཚད་རེད་འདུག ང་ཚོ་མང་དུས་མི་གྲངས་བརྒྱད་བཅུ་དང་དགུ་བཅུ་ཉུང་དུས་མི་བཞི་དང་ལྔ་སོགས་རེད་གང་ལྟར་ང་ཚོའི་བདེ་ཆེན་ཞིང་སྒྲུབས་དཔེར་ན་དེ་རིང་འདིར་མི་ཉི་ཤུ་འདུག་ཆོ་ག་ཚར་ཉི་ཤུ་ཐམ་པ་འགྲོ་གི་རེད་། མི་རེ་རེའི་རྒྱུད་ལ་ཆོ་ག་ཚར་ཉི་ཤུའི་ཕན་ཡོན་ཡོད་རེད། ང་ཚོ་ཚང་མས་ཡི་རངས་བྱེད་དགོས་པ་རེད། ཡི་རངས་བྱས་ན་ཆོ་ག་མ་བཏོན་ཀྱང་ཕན་ཡོན་ཆ་ཚང་མཉམ་དུ་ཡོད་གསུངས་ཡོད་རེད། ཡིན་ནའང་བསྙེན་པ་དང་ལྷ་སྒྲུབས་པའི་སྐབས་སུ དུས། གྲངས། རྟག་གསུམ་གསུངས་ཡོད་པ་རེད། གཙོ་བོ་ལྷ་འགྲུབ་རྟག་ལ་གྲངས་དང་དུས་མ་རེད། གཙོ་བོ་དེ་རྟག་རེད། རྟག་ལའང་ལྷ་ཡི་ཞལ་མཇལ་བ་དང་གསུང་ཐོས་པ་སོགས་ཀྱང་གཙོ་བོ་ཡིན་རྒྱུ་མ་རེད། རྟག་ལ་གཙོ་བོ་རང་གི་སེམས་འདུལ་རྒྱུ་དེ་རེད། ལྷ་སྒོམ། བསྙེན་པ་མང་པོ་བཏོན་ཀྱང་རང་རྒྱུད་ལ་གང་ཡང་མ་ཕན་ནས་ང་རྒྱལ་ཆེ་རུ་སོང་། འདོད་ཆགས་ཆེ་རུ་སོང་། གཏི་མུག་ཆེ་རུ་སོང་བ་སོགས་བྱུང་ན་དེ་ཡག་རྟག་ཞིག་མ་རེད་། ལྷ་བདུད་དུ་བབས་ཟེར་བ་དེ་རེད། དེ་འདྲ་ཡིན་པར་སོང་ཙང་བཀའ་གདམས་པའི་བླ་མ་རྣམས་ཀྱིས། ཉོན་མོངས་པའི་གཉེན་པོར་སོང་ན་ཆོས་ཡིན། ཉོན་མོངས་པའི་གཉེན་པོར་མ་སོང་ན་ཆོས་མིན་ཞེས་གསུངས་འདུག བདེ་ཆེན་ཞིང་སྒྲུབ་བཏོན་ཚར་བའི་སྐབས་སུ་ལག་རྗེས་སུ་གཞན་ལ་སྙིང་རྗེ་ཚད་མེད་སྐྱེས་པ་དང་། མཆོག་གསུམ་སོགས་བླ་མ་ལ་དད་པ་ཆེ་རུ་ཕྱིན་པ། རང་རྒྱུད་ཀྱི་ཉོན་མོང་དུག་གསུམ་ཆུང་དུ་ཕྱིན་པ་སོགས་བྱུང་ཡོད་ན་བདེ་ཆེན་ཞིང་སྒྲུབ་བསྒྲུབས་པའི་འགྲུབ་རྟག་ངོ་མ་དེ་རེད། ད་ང་ལ་ལྟོས་ནའང་ང་རྒྱལ་མིན་ཏེ་མཚམས་མཚམས་ལ་ང་ཧ་ཅང་བསོད་ནམས་ཆེན་པོ་ཞིག་ཡིན་དྲན་གྱི་འདུག གང་ཡིན་ཞེ་ན། དེང་སང་བདེ་ཆེན་ཞིང་སྒྲུབས་འདི་མ་ཆག་པར་ཉམས་ལེན་བྱེད་མཁན་རྒྱ་གར་ལྷོ་ཕྱོགས་དང་། མ་ལེ་ཤ། ནིའུ་ཇར་སེའི། པོར་ལེན། ཀི་ལི་ཧྥོ་ཉ་སོགས་མང་པོ་ཡོད་རེད། དེའི་སྣ་འདྲེན་དེ་ངས་བྱེད་ཀྱི་ཡོད་རེད། བསམ་བློ་ཡག་པོ་ཞིག་གཏོང་ཤེས་ན་ང་ཚོའི་ལག་པར་ནོར་བུ་ཡོད་པ་རེད་ཉམས་ལེན་ཡག་པོ་བྱས་ན་བརྒྱུད་འདེབས་ནང་ནས་གསུང་པ་ལྟར་དུ། གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། ཞེས་པའི་ཚིག་འདིའི་ནང་བཞིན་མ་འོང་པར་ཡོང་ཐུབ་ཀྱི་རེད་བསམ་གྱི་ཡོད། ད་བདེ་ཆེན་ཞིང་ཁམས་སྒྲུབས་པའི་སྐབས་སུ་ངེས་པར་དུ་ཧ་གོ་དགོས་རྒྱུ་དེ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་དང་པོ། རྟེན་ཚོགས་ཞིང་གསལ་འདེབས། རྒྱུ་ཚོགས་བསག་སྒྲིབ་སྦྱང་། གྲོགས་བྱང་ཆུབ་སེམས་བསྐྱེད། རྐྱེན་སྨོན་ལམ་རྣམ་དག དེ་རྣམས་རིམ་པར་ཤེས་ནས་གཞི་ནས་བང་རིམ་མ་ནོར་བར་འདོན་སྒོམ་སྦྲག་ནས་བཏོན་པ་ཡིན་ན་ཡག་པོ་རེད། ཚང་མས་ཀུན་སློང་བཅོས་ནས་ཡག་པོ་བྱེད་ནས་གསུང་ཤོག་ཨ།༽ ཞེས་ཆོས་བཤད་བྱས་ནས་སྐབས་སུ་བབས་པའི་བདེ་ཆེན་ཞིང་སྒྲུབ་ཉིད་དབྱིན་ཇིའི་ཐོག་ནས་བོད་ཀྱི་གདངས་ནང་བཞིན་བྱས་ནས་བཏོན་པས་ཚང་མ་དགའ་བོ་བྱུང་སོང་། ལར་ནི་ལོ་གཉིས་ཀྱི་ཡར་སྔོན་ཞིག་ཏུ་ངོས་རང་བྷོ་སི་ཊོན་ལ་ཡོད་པའི་སྐབས་སུ་དབྱིན་ཇི་མི་སུམ་བཅུ་ཙམ་ཞིག་ལ་བདེ་ཆེན་ཞིང་སྒྲུབས་སྐོར་ཆོས་བཤད་བྱས་པ་ཡིན་སྐབས་དེ་དུས་དབྱིན་ཇི་ཞིག་ནས་ལྐོག་ནས་དེ་རིང་གི་བོད་པའི་གྲྭ་པ་དེ་སྨྱོན་པ་རེད་འདུག་ཟེར་གྱི་འདུག་ཟེར། this monk is crazy.  ང་ཡི་སློབ་མ་ཞིག་ནས་རྒྱུ་མཚན་དྲི་བ་བཀོད་པའི་སྐབས་སུ་འོད་ཆོག་ནང་གི་འོད་ཟེར་བདག་མདུན་འོད་ཟེར་སྤྲོ་བསྡུ་ལས། ༼རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ལས༔ ཧྲྰིཿ ཡིག་དམར་པོ་བྱེ་རུའི་ཕྲེང་བ་ལྟར༔ ཞལ་ནས་ཐོན་ཅིང་མདུན་བསྐྱེད་ཞལ་དུ་ཞུགས༔ ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་ཐུགས་རྒྱུད་བསྐུལ༔༽ ཞེས་པའི་ཟབ་གནད་ཁྱད་པར་ཅན་འདི་ཡི་གས་མ་འཆུས་ནས་ཁོ་རང་ནས་དེ་ཁྱད་མཚར་བོ་འདི་འདྲ་ཞིག་བསམ་ཡོད་པ་འདྲ། ང་རང་གི་ཁ་ནང་ནས་འོད་འདྲ་ཞིག་སོང་ནས་ཡ་ཀི་མདུན་དུ་ཡོད་པའི་འོད་དཔག་མེད་ཀྱི་ཁ་ནང་དུ་སོང་། དེ་ནས་རིམ་པར་ཁོག་པར་བརྒྱུད་ནས་འོད་དཔག་མེད་ཀྱི་ལྟེ་བ་ནས་ཐོན་ཏེ་རང་གི་ལྟེ་བ་ལ་ཞུགས་པའི་ཟབ་གནད་འདི་ལ་ཁོ་རང་ནས་བསམ་བློ་གཏང་སྟངས་དེ་ནི་སྨྱོན་པའི་བསམ་བློ་གཏང་སྟངས་ཞིག་ཏུ་མཐོང་ཡོད་པ་འདྲ། སྤྱིར་གཏང་ཕྱི་རྒྱལ་བ་འདི་རྣམས་ལ་ནང་ཆོས་བཤད་པའི་སྐབས་སུ་བླ་མེད་རྒྱུད་སྡེ་ཆེན་པོ་འདི་རྣམས་ཀྱི་ཟབ་གནད་དང་པོ་ནས་མ་བཤད་ནས་དལ་འབྱོར་རྙེད་དཀའ་སོགས་ནས་རིམ་བཞིན་སྐྱེ་བུ་ཆུང་འབྲིང་སོགས་ཀྱི་ལམ་ལ་དཀྲི་དགོས་ཀྱང་། མགོ་སེར་འདི་རྣམས་ཡ་མཚན་དགོས་པ་ཞིག་ལ་དཔེར་ན་ང་ཚོ་བོད་པས་ནང་ཆོས་དགའ་ཤོས་བྱེད་ས་འཆི་བ་མི་རྟག་པའི་སྐོར་བཤད་ན་ཁོང་ཚོ་གཏན་ནས་མི་དགའ། སྔར་ལོར་ངོས་ནས་ཀི་ལི་ཧྥོ་ཉ་རུ་དབྱིན་ཇི་འགའ་ལ་ཆོས་བཤད་བྱས་ནས་ཚེ་མི་རྟག་པའི་སྐོར་བཤད་དུས། ཁོང་ཚོའི་ང་ལ་ཁྱེད་རང་གིས་དེ་རིང་ང་ལ་ཞེད་སྣང་བསྐུལ་སོང་ཞེས་ལབ་བྱུང་། ད་ནི་ཧ་གོ་མ་སོང་། ལུང་པ་འདི་ཡི་མི་རྣམས་ལ་གསང་སྔགས་སོགས་ཟབ་པའི་ཆོས་ཞིག་བཤད་ན་བློ་ལ་མི་འཆུན། སླ་བའི་ཆོས་ཞིག་བཤད་ན་ཁོང་ཚོའི་མི་ཉན། ད་གང་འདྲ་བྱེད་དགོས་མིན་ཧ་གོ་མ་སོང་། དེ་རིང་སྤྱི་ཚེས་བཅུ་དགུ་ནས་རྩིས་པའི་བདུན་ཕྲག་རྗེས་མའི་སྤྱི་ཚེས་ཉེར་ལྔ་འདི་འཇིག་རྟེན་བཀོད་པ་པོ་འདོད་མཁན་སྟོན་པ་བླ་ན་མེད་པ་ཡེ་ཤུའི་མ་ཤི་ཀའི་འཁྲུངས་སྐར་དུས་ཆེན་ཁྱད་པར་དུ་འཕགས་པ་དེ་ཡིན་པ་དང་མ་ཟད་ལོ་གསར་ཀྱང་གང་མགྱོགས་སུ་ཁེལ་བས་ཚང་མར་ཆབས་ཅིག་ཏུ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་སོགས་བྱས་ཞིང་ནང་དུ་འབྱོར་ནས་ཟིན་བྲིས་མདོར་བསྡུས་ཞིག་མགྱོགས་པོར་གཏང་ནས་ངོས་ཀྱི་གཅུང་མོ་ལ་ཁ་སང་དུས་ཆད་བྱས་པ་ལྟར་ཁ་པར་གཏང་བས་ཨ་མ་ད་ལྟ་གཉིད་ཁུག་འདུག་པས་ཁ་པར་སང་ཉིན་ཡང་སྐྱར་གཏོང་ཤོག་ཟེར། དེ་ནས་ངོས་ཀྱི་གཅུང་མོ་དང་ལྷན་སྐད་ཆ་ཐུང་ཙམ་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Sunday, December 18, 2011

ཨ་མ་དྲན་པའི་ཉིན་མོ།

དུས་བཞིའི་འགྱུར་བ་མེད་པའི་ཀི་ལི་ཧྥོ་ཉའི་མེ་ཏོག
ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ཡར་ལངས་ནས་སོ་གདོང་སོགས་གཙང་མ་བྱས་ཤིང་འཆར་ཅན་གྱི་ཁ་འདོན་རྣམས་ཚར་བར་བྱས་ནས། ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ། དེ་ནས་ཐོག་ཁར་ཡོང་ནས་རྩིས་འཁོར་གོབ་ཏོ་བཀའ་དྲིན་ཅན་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས། ཉིས་སྟོང་བཞི་ལོར་རྙིང་མའི་སྤྲུལ་སྐུ་ཆོས་འཕེལ་དང་ལྷན་བདུན་ཕྲག་གཉིས་རིང་ལ་འགྲོ་མྱོང་ཡོད་པའི་ཕི་ལི་པིན་གྱི་ལུང་པ་དེར་ཆུ་ལོགས་ཀྱི་གནོད་སྐྱོན་ཆེན་པོའི་མི་གྲངས་བརྒྱ་མ་ཟིན་ཙམ་ཞིག་ལ་སྲོག་སྐྱོན་བྱུང་ཡོད་པའི་གནས་ཚུལ་དེ་རེད། ད་ནི་འཛམ་བུ་གླིང་ཕྱི་ནང་སྣོད་བཅུད་ཡོངས་རྫོགས་ལ་བློ་འགེལ་ས་ཞིག་གཏན་ནས་མེད་པ་འདྲ། དེ་ལས་ཀྱང་ང་ཚོའི་གསང་སྔགས་ཟབ་མོའི་ཆོས་འདི་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ནས་བཟུང་སྟེ་མཆོག་གླིང་གཏེར་མ་བསམ་པ་ལྷུན་འགྲུབ་མའི་ནང་གི་གུ་རུ་འབྱུང་བཞིའི་དབང་རྒྱལ་གྱི་ལེའུ་ཚན་ལས།
ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ 
སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ 
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ 
ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔
འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཞེས་པ་འདི་ལ་མིག་བཙུམ་ནས་གཞུང་ནས་གསུང་པ་ནང་བཞིན་ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་བཏབས་ན་བསླུ་བ་མེད་པའི་གྲོགས་ནི་འདི་གཅིག་པུར་ཡིན་པ་འདྲའོ། དེ་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་བོད་ནས་ངོས་ཀྱི་གཅུང་མོ་དེ་རེད་འདུག མོ་རང་ནས་གསུངས་ན་གཅེན་པོ་ད་ལྟ་རང་མགྱོགས་པོ་ཁ་པར་ཞིག་གཏང་རོགས་ཨ་མ་ལ་མ་བདེ་བ་ཞིག་འདུག་ཟེར་བས་ངོས་ནས་ཀྱང་དེ་མ་ཐག་ཏུ་ཁ་པར་གཏོང་བྱེད་ཀའི་ཊི་ཞིག་ཡོད་པ་དེ་སེན་བྲད་བྱས་ནས་ལམ་སེང་བོད་ལ་ཁ་པར་གཏང་བས་ངོས་ཀྱི་ཨ་ཕྱི་རྒན་མོ་ལོ་གྲངས་བརྒྱད་བཅུ་གྱ་བརྒྱད་ཅན་དེ་ཉལ་སར་ལྷུང་ནས་ཉིན་ལྔ་ཙམ་རེད་སོང་ཟེར། ངོས་ཀྱི་ཨ་མ་ནི་༡༩༦༥ ལོར་བོད་ལ་རིག་གནས་གསར་རྗེ་ཆེན་མོ་ལས་འགུལ་ཞེས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་ནང་ནད་མུག་མཚོན་གསུམ་གྱི་ཁྲོད་ནས་ངོས་སྐྱེས་ནས་ཟླ་བ་གསུམ་བཞིའི་མཚམས་ནས་གྲོང་ཚར་ནས་མི་འདུག དེ་ནས་ཡུན་རིང་པོར་ངོས་ཀྱང་མ་མེད་ཀྱི་དྭ་ཕྲུག་བདག་མེད་ཞིག་ཏུ་གྱུར། རང་ལོ་བཅུ་གཉིས་སྐབས་སུ་ནང་ཆེན་རྫོང་ཐོག་ཏུ་ངོས་ལ་ཨ་ཕྱི་ཞིག་ཡོད་པ་དེར་གཉེན་འཕྲད་དུ་སོང་བས་མ་རྒན་གཟུགས་པོ་ཆུང་ཞིང་། ཁ་མང་བ། ཤེས་རྒྱ་ཆེ་བ། སྐྲ་གཡས་གཡོན་དུ་སླས་ནས་རྒྱབ་ཏུ་འཕངས་ཞིང་། གཟུགས་པོར་ཡོན་རྒྱ་ནག་པོ་ཞིག་གྱོན་པ་ཡོད་པ་དེ་རེད། ངོས་ནས་ཀྱང་སྐབས་སྐབས་སུ་ངོས་ཀྱི་ཨ་མ་དྲིན་ཆེན་རྒན་མོ་དེ་ད་ལྟ་དངོས་སུ་ཡོད་ན་འདི་འདྲ་ཞིག་ལུས་ཡོད་བསམ་གྱི་འདུག དེ་ནས་ངོས་ཀྱི་སྲིང་མོ་ཆུང་བ་དེ་ལ་སྐད་ཆ་བྱས་དུས་མ་རྒན་ལ་ཕོ་ནད་བད་ཀན་མིད་ཆུ་ཕོག་ནས་ཟས་ཁ་ནང་ནས་མར་སྐྱུག་གི་འདུག་ཉིན་མ་རེར་ཕྱེ་ཐུག་སླ་མོ་ཕོར་པ་གང་རེ་ལས་མ་གཏོགས་ཟས་གཅིག་ཀྱང་མིད་པ་ནས་འགྲོ་གི་མི་འདུག་ཟེར། ཁ་སང་མགར་བླ་མ་མི་འགྱུར་རིན་པོ་ཆེ་གདན་དྲངས་ནས་སྨན་བླའི་དབང་བརྒྱ་ཞིག་ཞུས་པ་ཡིན་ཀྱང་དེ་རིང་གཅིག་པ་རེད་ཅེས་ངུ་སྐད་དང་སྦྲག་ནས་གསུངས་ཀྱི་འདུག དེ་རིང་གོ་ཆེ་དགོན་པའི་མཁན་པོ་བསྟན་རབས་ལགས་གདན་འདྲེན་ཞུས་ནས་སེམས་ཁྲིད་དང་བར་དོའི་སྐོར་ཞུས་པ་ཡིན་ཟེར་ཞིང་ད་ཨ་མ་མེད་ན་ངས་གང་འདྲ་བྱེད་དགོས་རེད་ཟེར་སྐད་ཤུགས་ཇེ་ཆུང་ལ་སོང་ནས་ངུས་སོང་། ངོས་ལ་ཚེ་འདིར་གཅེས་པའི་དྲིན་གྱིས་བསྐྱངས་བའི་དྲིན་ཅན་གྱི་ཨ་མ་མེད་ཀྱང་། ཨ་ཕྱི་རྒན་མོ་ལ་མ་ཐུག་ནས་མི་ལོ་ཧྲིལ་པོ་བཅུ་བཞི་ཏག་ཏག་སོང་བའི་ཆོས་དོན་ནོར་གྱིས་དབུལ་བའི་ས་མཐའི་ཁེར་རྐྱང་ང་རང་ཡང་ཧ་ཅང་སེམས་པ་སྐྱོ་བྱུང་། ངོས་ནས་ཀྱང་གཅུང་མོ་ལ་གང་ཤེས་སེམས་གསོ་འདྲ་བྱས་ནས་སང་ཉིན་ཨ་ཕྱི་རྒན་མོ་ལ་ངས་སྐད་ཆ་ཚིག་གསུམ་བཤད་ཀྱི་ཡིན་ག་དུས་ཡར་ཅུང་ཙམ་དྲག་བྱུང་ནའང་ང་ལ་ཁ་པར་གཏོང་ཤོག་ལབ་པ་ཡིན། 
དེ་ནས་དགོང་མོའི་ཟ་མ་རུ་མོག་ཐུག་ཞིམ་པོ་ཞིག་ཟོས་ནས་ཉལ་སར་སོང་ནས་ཨ་ཕྱི་རྒན་མོ་དེ་ཡིད་ལ་འཁོར་བཞིན་གཉིད་དུ་ཡུར།

Saturday, December 17, 2011

དམིགས་བསལ་ལས་ཀ་གང་ཡང་མེད་པའི་ཉིན་མོ།

སངས་རྒྱས་འོད་དཔག་མེད་ཀྱི་སྐུ།
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་འཆར་ཅན་ལྟར་ལངས་ནས་ཞོགས་
འདོན་རྣམས་ཚར་བར་བྱས་ཤིང་། 
ཐབ་ཚང་དུ་སོང་ནས་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་ད་
ནང་གི་རྨི་ལམ་དེ་རྣམས་ཡིད་ལ་འཁོར་བྱུང་། 
ད་ནུབ་རྨི་ལམ་ཞིག་ཏུ་ངོས་ནི་བོད་ཀྱི་འབྲོག་པའི་ས་ཆ་ཞིག་ཏུ་སླེབས་འདུག ཐང་ཆེན་པོ་ཞིག་གི་དཀྱིལ་དུ་མི་མང་སྟོང་ཕྲག་མང་པོ་འཁྲུགས་འཛིང་འདྲ་བྱེད་ཀྱི་འདུག ངས་བསམ་པར་བོད་རིགས་སྤུན་ཟླ་གཅིག་པ་ནང་འཁྲུགས་བྱེད་ནས་ཧ་ཅང་ཐབས་སྡུག་རེད་བསམ་ནས་ཟུར་ནས་མི་ཞིག་ལ་ག་རེ་བྱས་ནས་ཁོང་ཚོ་འཁྲུགས་པ་ཤོར་བ་རེད། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་གཅིག་པ་མ་རེད་པས་ཟེར་དུས། ཁོང་ནས་ཁྱོད་རང་མིག་གིས་ཅེ་རེ་བལྟ་བཞིན་དུ་ག་རེ་ཟེར་གྱི་ཡོད། འཁྲུགས་པ་ཤོར་ས་འདི་རྣམས་བོད་རིགས་མ་རེད་རྒྱ་རིགས་རེད་ཟེར། ངས་ཡང་ལྟ་ཞིག་བྱས་དུས་དེ་ནི་ངོ་མ་རྒྱ་དང་བོད་གཉིས་རེད་འདུག ངས་བསམ་པར་དེ་རིང་གཡུལ་ས་འདི་ཡི་ནང་དུ་ཤི་ནའང་འགྱོད་པ་མེད་བསམ་ནས་ལག་ཏུ་མཚོན་ཆ་སོགས་གང་ཡང་མེད་ཀྱང་ཁུ་ཚུར་དམ་བཅངས་བྱས་ནས་མི་མང་ཁྲོད་དུ་མཆོང་གི་འདུག་པས་གློ་བུར་དུ་ཟུར་ནས་མི་ཞིག་གིས་ངོས་ཀྱི་རྒྱབ་ལ་གྲི་བཙུགས་བྱུང་བས་དེའི་སྔངས་སྐྲག་གིས་རྐྱེན་ནས་གཉིད་སད་བྱུང་། དེ་ནི་བག་ཆགས་སད་སྟོབས་རྐྱེན་པའི་དབང་གིས་ལུས་ཡིན་བསམ་བྱུང་། གང་ཡིན་ཞེ་ན་ཁར་ནུབ་མ་གཉིད་པའི་སྔོན་ནས་དྲ་རྒྱའི་བརྒྱུད་ལམ་ཁག་ནང་ཟི་ཁྲོམ་ཞིང་ཆེན་ལྕགས་ལམ་བཟོ་སྐྲུན་གྱི་སར་རྒྱ་རིགས་སློབ་མ་སྟོང་ཕྲག་ཁ་ཤས་ནས་བོད་རིགས་སློབ་མ་སུམ་བརྒྱ་ཙམ་ལ་རུབ་རྒྱབ་ནས་གཅར་རྡུང་བྱས་པའི་གནས་ཚུལ་དེ་ལྟས་ཚར་མ་ཐག་གཉིད་ཁུག་པ་དེས་རེད། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ངོས་ཀྱི་སློབ་མ་ལིའི་སྰེ་རེད་འདུག མོ་རང་ནས་གསུངས་ན་དེ་རིང་དགོང་མོ་དུས་ཚོད་ཡོད་ན་ཟ་མ་མཉམ་དུ་བཟའ་དགོས་ཟེར། ང་ནི་ཟ་མ་ལྟོ་འབྲང་ཞིག་གི་ཆེད་དུ་ཐག་རིང་པོ་ཞིག་ཏུ་ཁུར་འགྲོ་བ་དེ་ལས་སུན་སྣང་ཆེ་བ་ཞིག་མི་འདུག་སྟབས་དེ་རིང་ངོས་ཅུང་ཙམ་དཀའ་ལས་ཁག་གི་འདུག བདུན་ཕྲག་རྗེས་མར་ག་འདྲ་འདུག་ཞེས་ལབ་པས་མོ་རང་ནས་མོས་མཐུན་བྱུང་། དེ་ནས་ཐོག་ཁར་ཡོང་ཞིང་ཉོས་ནས་ལོ་བརྒྱད་སོང་བའི་ལག་ཁྱེར་རྩིས་འཁོར་རྙིང་པ་གོབ་ཏོ་དེ་ཁ་བྱེས་ནས་དྲ་རྒྱ་ཁག་ནང་འཛུལ་ཞུགས་བྱས་པས། གནས་ཚུལ་གསར་པ་ཞིག་ལ་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་བོད་རིགས་བུ་མོ་གསུམ་དང་། བུ་བཅུ་གཅིག་སྡོམ་པས་མི་གྲངས་བཅུ་བཞི་རྒྱ་ནག་གི་ས་མཚམས་གཡུ་སར་ཞེས་པའི་ས་ཆ་རུ་མཚན་མོ་ཆུ་ཚོད་བཅུ་གཉིས་སྐབས་སུ་རྒྱ་མིའི་ས་སྲུང་དམག་མི་ཡིས་འཛིན་བཟུང་བྱས་ཞེས་རྒྱངས་བསྲིང་བྱེད་ཀྱི་འདུག ས་མཚམས་སུ་བོད་རིགས་རྒྱ་མིའི་འཛིན་བཟུང་དང་དཀའ་ངལ་ཞེས་གླེང་དུས་ངོས་ཀྱི་སྙིང་ལ་སོས་མེད་ཀྱི་རྨ་ཁ་གསར་པ་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ངོས་ཀྱང་༡༩༩༧་ལོའི་ནང་མི་གྲངས་ཞི་བཅུ་ཞེ་གཉིས་དང་ལྷན་དུ། སྤྲིན་དཀར་པོ་དེ་ཐོད་ལ་བཅིངས། ས་ནག་པོ་དེ་འདོམ་ལ་འཇལ་ནས་བསམ་རྒྱུ་དྲན་རྒྱུ་ལ་སྐྱབས་མགོན་ཡིད་བཞིན་ནོར་བུ་ལས་མེད་པར་བསམ་ནས་ཡོང་བའི་སྐབས་སུ། བལ་པོའི་ས་མཚམས་ཊམ་ཟེ་ཞེས་པ་དེ་ནས་བལ་པོའི་མཐའ་སྲུང་དམག་མིས་བཙོན་ཁང་དུ་བཅུག་ནས། ཁ་ཡི་གྲོ་ཆད། རྐང་གི་ལྷྭམ་བུག ལུས་ལ་ནད་ཀྱིས་མནར་བ་སོགས་དཀའ་ངལ་འཕྲད་པ་དེ་རྣམས་ད་ལྟ་དྲན་ཐེངས་རེར་སྙིང་དམར་པོ་འདི་ལ་སྦར་ཤད་རེ་བྱེད་ཀྱི་ཡོད།  དེ་ནས་དགོང་ཟས་སུ་ཐུག་པ་ཞིག་འཐུང་ནས་དེ་རིང་ཟིན་བྲིས་མདོར་བསྡུས་ཞིག་གཏང་ཞིང་ཉལ་སར་སོང་ནས་གཉིད་དུ་ཡུར།  

Friday, December 16, 2011

ཨེ་ཧྥུ་ནང་མི་དང་ལྷན་དགོང་ཟས་ཟོས་པའི་ཉིན་མོ།

དགོང་ཟས་ལ་རོལ་བའི་ཉིན་མོ།
ཞོགས་པ་ལངས་ནས་ཁྲུས་ཁང་ནང་དུ་སོང་ཞིང་སོ་གདོང་སོགས་གཙང་མ་བྱས་ནས་ཁ་འདོན་བྱེད་བཞིན་པའི་སྐབས་སུ་མིང་མི་གསལ་བའི་ཁ་པར་ཞིག་སླེབས་བྱུང་དེ་ནི་ངོས་ཀྱི་ཚ་མོ་ཆེ་བ་ཆོས་དབྱངས་དབང་མོ་རེད་འདུག མོ་རང་དེང་སང་སློབ་གྲྭའི་གུང་སང་དང་བསྟུན་ནས་རྡ་རམ་སར་ཨ་ཞང་ཉི་མ་ཚེ་རིང་གི་ནང་དུ་ཡོད་པ་དེ་རེད། མོ་རང་ནས་ཨ་ཞང་གིས་ཁྱོད་རང་ལ་སྐད་ཆ་བཤད་དགོས་ཡོད་གསུང་བྱུང་བས་ཁ་པར་ཨ་ཞང་ལ་སྤྲད་ཀྱི་ཡིན་གསུང་སོང་། ཁོང་ནི་རྒྱ་གར་མ་ཌི་པ་ཏིའི་གཞིས་ཆགས་ནས་རེད། ཁོ་རང་གི་ཨ་མ་དེ་ནང་ཆེན་ཁུས་ཁྲེང་ཚང་གི་བུ་མོ་རེད་འདུག་༡༩༥༩ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་བ་ཞིག་རེད་བུ་ཉི་མ་ཚེ་རིང་ཁོ་རང་དང་པོ་དམག་མིར་སོང་ཞིང་དེ་ནས་རིམ་གྱིས་བོད་གཞུང་ལས་བྱེད་དང་ད་ལྟ་་བོད་གཞུང་བདེ་སྲུང་ལས་ཁུང་ནང་ལས་བྱེད་ཆེ་གྲས་ཞིག་རེད་འདུག ངོས་ཀྱི་ཚ་མོ་རྣམས་ཀྱི་ཨ་མ་དེ་ཁུས་ཁྲེང་ཚང་གི་བུ་མོ་ཡིན་སྟབས་ཁོ་རང་ཚོ་སྤུན་མཆེད་ཧ་ཅང་ཐག་ཉེ་བོ་རེད་འདུག ཉི་མ་ཚེ་རིང་ལགས་ནི་མི་གཞི་བཟང་ཞིང་གཞུང་དྲངས་བ། འདྲིས་ན་མ་གཏོགས་དོན་མེད་ཁ་ཉུང་ཞིང་བལྟས་ཚོད་ལ་ཧ་ཅང་ཕོ་ཚུགས་དོད་པོ་ཞིག་ཡིན། ངེད་གཉིས་ག་དུས་སྐད་ཆ་བྱས་ཀྱང་ཁོ་རང་གི་མོས་པ་ལྟར་སྒྲ་དག་ན་མ་དག་པའི་ནང་ཆེན་ཡུལ་སྐད་ཁ་ཤས་དགད་མོ་ཤོར་དགོས་པ་དེ་འདྲ་དཔེར་ན། དུག་ཟོས་དུག་འཐུང་ཞེས་པ་ལྟར་བེད་སྤྱོད་བྱེད་ནས་མཚར་རྩེད་དང་སྦྲག་སྐད་ཆ་བཤད་ཀྱི་ཡོད། ཁོང་ནས་ཀྱང་ངོས་ལ་ལུགས་གཉིས་གང་གི་ཐད་ནས་ཀྱང་ཡིད་ཆེས་ཆེན་པོ་ཡོད་མཁན་ཞིག་རེད། གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་གཞོན་ནུའི་ཚོགས་གཞོན་ངོས་ཀྱི་གྲོགས་པོ་མགོན་པོ་ལགས་རེད་འདུག ཁོ་རང་ནས་དེ་རིང་ཉེ་ཆར་བོད་ནས་གྲྭ་བཙུན་མང་པོས་སྐུ་ལུས་མེ་ལ་ཕུལ་བ་དེ་ལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་ཚབ་ཁང་དུ་སྐད་འབོད་བྱེད་ཀྱི་ཡོད་ཟེར། ངས་ཀྱང་ཧ་ཅང་ཡག་པོ་རེད་ས་གནས་འདིར་བོད་པ་གསུམ་ལས་མ་གཏོགས་མེད་ཀྱང་ངེད་གསུམ་ནས་ཡང་སྐྱར་ལས་འགུལ་ཞིག་སྤེལ་འཆར་ཡོད་ཞེས་བཤད་པ་ཡིན། ཉིན་གུང་ཟ་མ་རུ་སུ་སིན་ནས་མོག་མོག་ཞིག་དང་ཚལ་སོགས་མང་པོ་ཁུར་སོང་བས་དེ་ཟོས་ནས་ངོས་ཀྱི་དགེ་ཕྲུག་ཨོའུ་ཤིང་ནད་པ་ཡིན་སྟབས་ཐུག་ཕྲད་ལ་སོང་བ་ཡིན། ཨོའུ་ཤིང་ནས་ཉེ་ཆར་གསར་དུ་བཟོས་པའི་ངོས་ཀྱི་འོད་སྡེར་འཁོར་ལོ་དེ་ལ་ཧ་ཅང་དགའ་བོ་བྱེད་ཀྱི་འདུག ཁོ་རང་ནས་ཉིན་ལྟར་མ་ཆག་པར་ཉན་གྱི་ཡོད་ཟེར། དེ་ནས་གློ་ཁུག་ནང་གི་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་དགེ་ཕྲུག་ཀིའི་ཐི་རེད་འདུག ཁོང་ནས་གསུངས་ན་ཉིན་མ་གཉིས་སྔོན་ནས་དུས་ཆད་བྱས་པའི་དགོང་ཟས་དེ་རེད། ཆུ་ཚོད་དྲུག་དང་ཕྱེད་ཀའི་སྐབས་སུ་ང་སར་ཡོང་གི་ཡིན་པས་འགྲོ་ཆེས་གྲ་སྒྲིག་གནང་རོགས་ཟེར། ཀིའི་ཐི་དང་ཨ་ཧྥེ་གཉིས་གྲོགས་པོ་རེད་ཨ་ཧྥེ་དང་ངོས་ཀྱི་སྦྱིན་བདག་ཀིམ་གཉིས་འཆམས་པོ་དེ་ཙམ་མེད་སྟབས་ཨེ་ཧྥེ་ནས་ཀིའི་ཐི་གཏང་ཡོད་པ་འདྲ། གང་ལྟར་ངོས་ལ་ཚང་མ་སློབ་མ་ཡིན་པ་གཅིག་པ་ཡིན་སྟབས་གང་ལ་ཤོག་ཟེར་ནའང་འགྲོ་རྐྱང་བྱེད་ཀྱི་ཡོད། ནམ་རྒྱུན་ངོས་ཀྱི་སློབ་མ་ཞིག་ཡིན་ནས་བཟུང་སྟེ་སྐྱབས་སྡོམ་སྐབས་སུ་གནང་བའི་ཆོས་མིང་རེ་མེད་མཁན་སུ་ཡང་མེད་སྟབས་ནམ་རྒྱུན་ངས་དེ་བེད་སྤྱོད་བྱེད་ཀྱི་ཡོད། ཀིའི་ཐི་ཆོས་མིང་ལ་ཀརྨ་དགེ་ལེགས་དང་། ཨེ་ཧྥེའི་ཆོས་མིང་ལ་ཡེ་ཤེས་ཆོས་སྒྲོན། ཌོའི་གེའི་ཆོས་མིང་ལ་ཀརྨ་བློ་བཟང་། ཀིམ་གྱི་མིང་ལ་རིན་ཆེན་བཟང་མོ་སོགས་རེད། ཆུ་ཚོད་དྲུག་དང་ཕྱེད་ཀའི་སྐབས་སུ་ཀིའི་ཐི་སླེབས་སོང་བས་ངོས་གཉིས་ཤར་རྒྱག་ཨེ་ཧྥུའི་ནང་ལ་སོང་བས་ཨེ་ཧྥེ་དང་ཌོའི་གེ་གཉིས་ནས་ཁ་ལག་མང་པོ་ཞིག་བཟོས་ནས་ནང་དུ་གློག་དང་ཡང་ལ་སོགས་སྤར་ནས་ཁང་པའི་སྦུབས་དེར་ཤིང་མེ་དམར་ལྷབ་ལྷབ་ཏུ་འབར་བཞིན་ཁྱིམ་ཚང་ཚ་དྲོད་ཆི་ལེར་བག་དྲོ་མདོག་ངང་ནས་བསྡད་འདུག དེ་ནས་ཕན་ཚུན། ལག་འཆང་དང་། ཕྱག་རྒྱ། འཐམས་འཁྱུད་སོགས་ཅི་རིགས་བྱས་ནས་ཁ་བརྡའི་མགོ་འཛུགས་བྱས་ཤིང་དགོང་ཟས་ལ་རོལ། ངོས་ནི་ཆུ་ཚོད་དགུ་པ་ཏག་ཏག་སྐབས་སུ་མ་ལེ་ཤ་ངོས་ཀྱི་སློབ་མ་ཞིག་དང་མཉམ་དུ་གནམ་སྐར་ནང་ནས་སྐད་ཆ་བཤད་རྒྱུ་བྱས་པ་དེ་ཡིན་པས་དགོང་ཟས་མདོར་བསྡུས་ཞིག་ཟོས་ནས་ལམ་སེང་ནང་དུ་ཡོང་ནས་གནམ་སྐར་སྒེའུ་ཁུང་ནང་ནས་མ་ལེ་ཤ་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་མཉམ་དུ་སྐད་ཆ་ཡུན་རིང་བྱས། དེ་ནི་ངོས་ཀྱི་ཆོས་གྲོགས་འཕགས་སྐྱབས་རིན་པོ་ཆེ་ཁོང་མ་ལེ་ཤ་རུ་ཕེབས་དགོས་ཡོད་སྟབས་དེའི་སྐོར་མཛད་རིམ་སོགས་རེད། འཛམ་གླིང་གི་སྒེའུ་ཁུང་ནང་ནས་ཁྱུག་ཙམ་རྒྱངས་ལྟ་བྱས་པས་གནས་ཚུལ་ཐབས་སྡུག་ཞིག་ལ་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནས་ནས་རྒྱ་རིགས་སློབ་ཕྲུག་སུམ་སྟོང་ཙམ་ནས་བོད་རིགས་སློབ་ཕྲུག་སུམ་བརྒྱ་ཙམ་ལ་རུབ་རྒྱབ་ནས་གཅར་བརྡུང་དང་མ་ཟད་སྒོ་དང་སྒེའུ་ཁུང་ཚང་མ་བཅག་བཀྲུག་བྱས་པའི་དོན་རྐྱེན་དེ་རེད། དེ་ནི་ཧ་ཅང་ཡ་ང་བའི་གནས་ཚུལ་ཆེས་ཐབས་སྡུག་ཞིག་རེད། ང་ཚོའི་བོད་རིགས་ཀྱི་འཐབ་རྩོད་འདི་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མ་གཏོགས་རྒྱ་མི་རིགས་ལ་གཏན་ནས་མིན་པ་མ་ཟད་རྒྱ་ནག་མི་མང་ལའང་འགྲོ་བ་མི་ཡི་ཐོབ་ཐང་མེད་པ་གསལ་པོ་རེད། དེར་རྟེན་དེང་སང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་བོད་གཞུང་ནས་ཀྱང་གལ་ཆེན་དོན་ཆེན་དུ་འཛིན་ནས་ད་ལྟ་འཛམ་གླིང་གང་སར་༼བོད་རྒྱ་མཛའ་འབྲེལ་ཚོགས་པ༽་བཙུགས་དང་འཛུགས་བཞིན་པ་འདི་རེད། གཟབ་གཟབ་མ་བྱས་ན་རྒྱ་ནག་གཞུང་ནས་བོད་ཀྱི་ཆབ་སྲིད་འདི་རྒྱ་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་ངོ་བོར་མི་བསྒྱུར་བའི་ཉེན་ཁ་མི་འདུག་སྙམ། དེ་ནས་ཉལ་སར་སོང་ཞིང་གཉིད་དུ་ཡུར།

Thursday, December 15, 2011

ཁ་འདོན་དགེ་སྦྱོར་བྱས་པའི་ཉིན་མོ་ཡིན།

འབྲལ་མེད་དུ་འཆང་བའི་ཁ་འདོན་གྱི་བེའུ་བུམ།
ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ལངས་ནས་ཁྲུས་ཁང་ནང་དུ་སོང་ནས་སོ་གདོང་སོགས་གཙང་མ་བྱས་ཤིང་། ཐབ་ཚང་ནང་དུ་སོང་ནས་རྩམ་པ་ཞིག་དང་མཉམ་དུ་སྒོང་ང་བཅས་ཞོགས་ཟས་མདོར་བསྡུས་ཞིག་ལ་རོལ། ཁང་པའི་སྒེའུ་ཁུང་ནས་ཕར་ཅིག་བལྟས་དུས་དེང་སང་གནམ་གཤིས་དེ་ལའང་ཅི་ཞིག་གིས་མ་འགྲིག་པ་ཡིན་ནའང་ནམ་མཁའ་ལ་ཨ་ཁུ་གཤིན་རྗེའི་ཞལ་རས་ལྟ་བུ་སྤྲིན་ནག་ལྷོག་ལྷོག་ཏུ་འཕྱུར་འདུག དེ་རིང་རྐྱེན་ངན་གྲོགས་སུ་ཤར་ནས་ཕྱི་ལོགས་སུ་འཁྱམས་རྒྱུའི་གོ་སྐབས་མི་འདུག་དེ་ལས་དེ་རིང་ཁ་འདོན་ཡག་པོ་ཞིག་བྱེད་ནས་འདུག་རྒྱུའི་དམ་བཅའ་བྱས་ཤིང་ཁ་པར་དེ་ཉིད་ཀྱང་སྒྲ་མེད་ཐོག་ silent ཏུ་བཞག་ནས་འཆར་ཅན་ཞོགས་འདོན་རྒྱས་པ་ངག་བྱིན་རླབས་ནས་བཟུང་སྟེ། ཐུན་བཞི་བླ་མའི་རྣལ་འབྱོར་དང་ངོས་ནས་བྲིས་པའི་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་བླ་སྒྲུབ་བྱིན་རླབས་ཆར་འབེབས་དང་། གོང་ས་སྐྱབས་མགོན་ཆེན་པོའི་གསོལ་འདེབས་དང་མཚན་སྔགས་སོགས་ཆ་ཚང་མཇུག་ཏུ་ཐུགས་སྒྲུབ་རྣམ་གཉིས་ཀྱི་ལས་བྱང་རྒྱས་པ་ཆ་ཚང་བཏོན་ནས་རྩ་གསུམ་གྱི་བསྙེན་པར་ཐུན་བཟུང་ཞིང་རང་འཁོས་གང་ཤེས་བསྐྱེད་རྫོགས་ལ་བརྩོན་ཁུལ་བྱས་པས་སེམས་པ་ཧ་ཅང་སྐྱིད་པོ་ཞིག་བྱུང་། གང་ཡིན་ཞེ་ན་རང་གི་ཁ་འདོན་དགེ་སྦྱོར་དེ་རྣམས་སོ་སོའི་འདོད་བློ་ལྟར་དུ་ཡག་པོ་ཞིག་བྱུང་ན་དེའི་ཉིན་མོ་བློ་བདེ་བོ་དང་སེམས་པ་ཧ་ཅང་སྐྱིད་པོ་འདུག དེ་ལས་ལྡོག་ཏེ་ཁ་འདོན་རྣམས་ཆད་ཤོར་ན་སེམས་ལ་མ་བདེ་བ་མ་ཟད་གཉིད་ལ་ལའང་གནོད་ཀྱི་འདུག ཉིན་གུང་ཟ་མ་རུ་ཐུག་པ་སྟབས་བདེ་ཞིག་འཐུང་ནས་ཡང་སྐྱར་རྩ་གསུམ་གྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་མཉམ་དུ་རང་ལུགས་ཀང་ཚང་མ་མགོན་གཉིས་འཁོར་ལྔ་རྗེས་འབྲངས་དང་བཅས་པའི་གསོལ་བསྡུས་ཞིག་ཀྱང་བཏོན། མ་ཟད་ཡུན་རིང་འདྲིས་པའི་ངོས་ཀྱི་སྐྱེས་ལྷ་ཡུལ་སྐྱོང་ཟོ་དོར་ཆེན་པོ་བཙན་རྒོད་མདོ་ཁམས་སྐུ་རྒྱལ་ལའང་འཕྲིན་བཅོལ་ཞིག་བྱས། ཡུལ་ལྷ་འདི་ནི་ཁམས་ནང་ཆེན་བའི་མི་ལ་མགོན་སྐྱབས་ཆེན་པོ་ཡོད་པ་མ་ཟད་མདོ་ཁམས་གཞུང་ནས་ཡིན་པའི་མི་ཞིག་ཡིན་ནས་བཟུང་སྟེ་དེ་ལ་དམིགས་བསལ་ཕྲིན་ལས་ཀྱི་རྣོ་མྱུར་ཧ་ཅང་ཆེ་ཞེས་གླེང་སྲོལ་ཡོད། ངོས་ནི་མདོ་ཁམས་གཞུང་ཙམ་མ་ཟད་ཡུལ་སྐྱོང་ཆེན་པོ་དེའི་གཤམ་དུ་འགྲིག་ལ་ཞེས་པའི་གྲོང་པ་ཆུང་ཆུང་ཞིག་ཡོད་པས་དེའི་ནང་དུ་སྐྱེས་པས་ཡུལ་ལྷ་དེ་ཡི་བུ་ཡིན་ཟེར་ཀྱང་མི་འགྲིག་རྒྱུ་གང་ཡང་མེད་སྙམ། དེ་ནས་བསྔོ་སྨོན་སོགས་གང་ལེགས་ཀྱིས་ཁ་འདོན་དེ་ཉིད་མཇུག་ཡོངས་སུ་གྲུབ་པའི་སྐབས་སུ་དགོང་མོ་ཆུ་ཚོད་ལྔ་པ་ཏག་ཏག་རེད་འདུག ཕྱི་ལོགས་ནས་སྒོ་བརྡུང་བྱུང་བས་སྒོ་ཕྱེས་དུས་ངོས་ཀྱི་སློབ་མ་ཀིམ་སེས་རེད་འདུག མོ་རང་ནས་ངས་ཁ་པར་མང་པོ་གཏང་བ་ཡིན་ཏེ་ཁ་པར་ལེན་གྱི་མི་འདུག ཁྱེད་རང་བདེ་བོ་ཡིན་པས། དེ་རིང་ངོས་ཀྱི་བུ་རྣམས་དང་ལྷན་ཟ་མ་ཞིག་མཉམ་དུ་ཟ་བསམ་བྱུང་དུས་ཚོད་ཡོད་དམ་ཟེར། ངོས་ནས་ང་བདེ་བོ་ཡིན། དེ་རིང་ངས་ཁ་འདོན་འདྲ་བྱས་ནང་དུ་ལྷོད་ལྷོད་བྱས་ནས་བསྡད་པ་ཡིན་ཁ་པར་སྒོ་རྒྱབ་པ་ཡིན་དགོང་དག་ཟེར་བ་ཡིན། དེ་ནས་མ་རྒན་གྱིས་ངན་ལམ་དུ་གཏང་བའི་བུ་གསུམ་དང་ངེད་མི་ལྔ་རླངས་འཁོར་གཅིག་གི་ནང་དུ་བསྡད་ནས་ག་ཤེད་ཅིག་ལ་ཁུར་ནས་འགྲོ་སོང་། རླངས་འཁོར་གྱི་ནང་ནས་བུ་གསུམ་གྱི་འུར་སྒྲ་དང་མཉམ་དུ་དེང་དུས་ཀྱི་Music Rescue མོའུ་ཟིག་གི་འུར་སྒྲ་དང་རྡིང་སྒྲ་དེ་ཉིད་ནི་ང་དང་ང་འདྲ་བའི་དེང་རབས་ཚན་རྩལ་སོགས་དབང་པོ་སྒོ་ལྔས་འདོད་ཡོན་གསར་པར་ལོངས་སུ་སྤྱོད་མ་ཐུབ་པའི་ལུང་ཁུག་གི་འབྲོག་རྒན་རྣམས་ལ་མི་སྙན་རྣ་བའི་འཛེར་མ་དེ་ཉིད་སྐད་ཆེན་པོར་གཏང་བྱུང་བས་རྣ་བ་དེ་ཉིད་ཀྱང་དུམ་བུ་ཁ་ཤས་སུ་འགས་གྲབ་འདྲ་བྱས་སོང་། ཨ་མ་དེས་སྐད་ཆུང་དུ་གཏོང་ཞེས་འགའ་བཤད་ཀྱང་རྣ་རྒྱབ་ནས་རླུང་བུ་ལྟར་དུ་སྣང་མེད་ངང་འཕུར་མ་ལྡིང་གིས་ཆུ་ཚོད་གཅིག་ཙམ་ལམ་དུ་ཁྲིད་སོང་། ངོས་ནི་ནམ་རྒྱུན་ཕྱི་རྒྱལ་བའི་མཉམ་དུ་ཟ་ཁང་ལ་འགྲོ་རྒྱུ་ལ་ཉོབ་སྣང་ཞིག་ཡོད་པ་ནི། ཟ་མ་དང་། ཟ་ཁང་། རིན་གོང་སོགས་གཅིག་པ་ཡིན་ཀྱང་ཟས་ལྟོ་རྒྱག་ཞིག་གི་ཆེད་དུ་ས་ཐག་རིང་ཞིག་ལ་ཁྲིད་འགྲོ་བ་དེ་ཡིན། བུ་བྱེ་རེའི་མགོ་འདྲ་བ་དེས་རླངས་འཁོར་ནང་དུ་ཡར་ཁུར་མར་ཁུར་ཆུ་ཚོད་གཅིག་ལྷག་ཙམ་ནང་མཐར་ཞེ་སྐྱུགས་མེར་ཕ་ལེ་བྱས་ནས་ཁོ་རང་ཚོའི་འདོད་པ་ནང་བཞིན་ཉི་ཧོང་གི་ཟ་ཁང་ཞིག་ནང་ལ་སླེབས་སོང་། ཨ་མ་དེས་ང་ལ་དགོང་འགལ་གཏན་ནས་མེད་པར་ཞུ། དོ་ནུབ་བུ་དེ་རྣམས་ཀྱིས་ཐག་རིང་ཞིག་ལ་ཁྲིད་སོང་བས་ཟ་མ་ཕྱི་བོ་ཆགས་སོང་བྲོད་གོག་ལྟོགས་སོང་བས་ཟེར། ངས་ཀྱང་ལྟོགས་མ་སོང་ཁྱད་པར་ཡོད་མ་རེད། ཁྱེད་རང་གི་བུ་རྣམས་གུང་སང་རེད་བ་ཞེས་ཟེར་བ་ཡིན། དེ་ནས་སོ་སོའི་ཟ་མའི་ཐོ་གཞུང་ལྟར་གང་འདོད་མངག་བྱུང་བས་ངས་ཀྱང་གླང་ཤའི་ཐུག་པ་ཁུ་བ་ཡོད་པ་ཞིག་མངག་པ་ཡིན། དེ་ནས་ཟ་མ་ཟོས་ཚར་བ་དང་མཉམ་དུ་དིང་སྒྲ་གོག་སྒྲ་ཅན་གྱི་གཞས་དེ་སྐད་མཐོན་པོར་གཏང་ནས་རྣ་བ་བཀས་གྲབ་བྱེད་བཞིན་ཁ་སྐྱུག་མེར་ཕ་ལེ་ང་བསྡད་སའི་སྒོ་ནང་ལ་འཕངས་སོང་། ངས་ནི་ཐུགས་རྗེ་ཆེ་ཡང་ཟེར་ནུས་ཀྱི་མི་འདུག་རླངས་འཁོར་གྱི་མགྱོགས་ཚད་དང་མུའི་ཟིག་གི་སྒྲ་དེས་མགོ་ནག་ཐོམ་ཐོམ་འདྲ་ཞིག་རེད་འདུག ག་ལེ་ཕེབས་པའི་བརྡ་རུ་ལག་པ་གཡུགས་ཙམ་བྱས་པས་མགྱོགས་པོ་སྐར་མདའ་ཆད་པ་ནང་བཞིན་འགྲོ་སོང་། ངོས་ནི་མགྱོགས་པོ་ཐབ་ཚང་ནང་ལ་སོང་ནས་ཆུ་ཚ་བོའི་ནང་དུ་ལེའུ་མོན་བླུགས་ནས་འཐུང་པས་གཞི་ནས་སྣང་བ་འདྲ་དངས་སོང་། དེ་ནས་ཉལ་སར་བསྡད་ནས་ཨ་རིའི་མི་ཚང་སྐོར་ལ་བསམ་བློ་ཞིག་གཏང་བ་ཡིན། ཨ་རིའི་ལུང་པ་འདི་ནི་དམངས་གཙོའི་ལུང་པ་རེད་ཟེར་ནས་ལུང་པའི་དམངས་གཙོའི་དབང་ཚད་རྒྱལ་ཁབ་དང་མ་ཟད་ཁྱིམ་ཚང་ནང་ཕན་ཚུན་སླེབས་ནས་མགོ་འཇུག་དང་སྒྲིག་གཞི་གང་ཡང་མེད་པར་ཆགས་འདུག ལྷག་པར་དུ་ཨ་རིའི་མི་ཚང་རྣམས་བུ་རྒྱུད་ངན་ལང་དུ་གཏང་ནས་གཟུགས་པོ་འཚར་སློང་བྱུང་ཀྱང་སེམས་འཚར་སློང་བྱུང་མ་ཐུབ་པ་མང་པོ་འདུག གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེས་འདི་འདྲ་གསུངས་པ་ཞིག་གོ་བྱུང་། ཨ་རིའི་ཕ་མ་རྣམས་ཀྱིས་རང་གི་གཅེས་འོས་པའི་བུ་བརྒྱུད་དེ་ཁྱི་ནང་བཞིན་བྱས། ཁྱི་དེ་བུ་རྒྱུད་ནང་བཞིན་བྱེད་ཀྱི་རེད་མཚར་རྩེད་ཀྱི་ཚུལ་དུ་གསུངས་པ་རེད་ཟེར་དེ་ངོ་མ་དོན་དང་ལྡན་པ་རང་རེད་འདུག ཨ་རིའི་ནང་མི་ཚེའི་འཚོ་བ་བསྐྱེལ་སྟངས་གི་ན་ཚ་དེ་དེང་སང་ཨེ་ཤ་ཡའི་རྒྱལ་ཁབ་ཉི་ཧོང་སོགས་མང་པོ་ཞིག་ནང་དུ་ཁྱབ་བརྡལ་དུ་སོང་ནས་རྒན་གཞོན་བར་གྱི་ལྟ་བ་མི་མཐུན་པ་དང་། སོ་སོའི་རིག་གཞུང་སོགས་དང་འགལ་བའི་རྙོག་དྲ་མང་པོ་ཞིག་ཡོང་གི་ཡོད། དེར་རྟེན་རྒྱ་ནག་གིས་ཀྱང་སྔ་ལོར་ཨ་རིའི་ལུང་པའི་དམངས་གཙོ་དེ་ང་ཚོའི་ལུང་པར་མི་དགོས་ཞེས་བཤད་མྱོང་ཡོད། དེ་རིང་གི་ཟིན་བྲིས་ཚར་བར་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Wednesday, December 14, 2011

ཨོ་གཤང་མཉམ་དུ་ཉིན་གུང་ཟ་མ་ཟོས་པའི་ཉིན་མོ།

ཨོ་གཤང་དང་ལྷན་རྒྱ་ནག་ཟ་ཁང་ཞིག་ནང་། 
ཁ་སང་ཆམས་ངན་དེས་རྐྱེན་ནས་ད་དགོང་ལུས་ལ་ཚ་བ་འབར་ཞིང་ཁ་སྐོམ་པ་སོགས་བྱུང་ནས་གཉིད་ཡག་པོ་ཁུག་མ་སོང་། དེས་རྐྱེན་ད་ནང་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ནས་གཞི་ནས་མལ་ལས་ལངས་ཡང་ལུས་ལྕི་ལ་ཉོབ་པ་ཁ་ཆུ་སྣ་ཆུ་འཛད་མེད་ནར་ནར་དུ་འཛག་པ་སོགས་རེད་འདུག་ཀྱང་ཁྲུས་ཁང་ནང་དུ་སོང་ནས་སོ་བཀྲུ་གདོང་བཤལ་སོགས་བྱས་ནས་འཆར་ཅན་གྱི་ཁ་འདོན་ཐུན་བཞི་བླ་མའི་རྣལ་འབྱོར་ནས་བཟུང་ཏེ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས། གཏེར་གསར་སྔོན་འགྲོ། ཐུགས་སྒྲུབས་ཕྲིན་ལས་སྙིང་པོ་སོགས་རིམ་བཞིན་འདོན་སྒོམ་དང་སྦྲག་ནས་ཆུ་ཚོད་གཅིག་ནང་ཚར་བར་བྱས་ཤིང་། འོག་ཤོད་ཐབ་ཚང་ནང་ནས་ཞོགས་ཟས་མདོར་བསྡུས་ཞིག་བཟའ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཨ་ཧྥི་རི་ཁ་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་ཀརྨ་རྒྱ་མཚོ། ཡུལ་མིང་དུ་ཨོ་ཤང་རེད་འདུག ཁོང་གི་སྐད་གདངས་དམའ་ལ་སྐྱོ་བའི་ཉམས་ཀྱིས་ངང་ནས་འདི་ལྟར་ཟེར། ༼ང་ཉལ་སར་ལུས་ནས་ཉིན་གཉིས་ཡིན། ང་ཡི་ཆོས་གྲོགས་དང་ང་ཡི་བླ་མ་རྣམས་ཀྱིས་ང་ལ་ཁ་པར་ཙམ་ཡང་གཏོང་གི་མི་འདུག་༽ཞེས་ངུ་ངག་དང་བཅས་བཤད་ཀྱི་འདུག ངས་ཁྱོད་རང་སེམས་ཁྲལ་མ་གནང་དང་ཉིན་གུང་རྒྱབ་ལོགས་སུ་ང་ཁྱེད་རང་ས་ལ་ཡོང་གི་ཡིན་ཟ་མ་ག་རེ་ཁུར་ཡོང་དགོས་ཟེར་བས་ཁོང་ནས་ཟ་མ་གང་ཡང་མི་དགོས་ཁྱོད་རང་ཡོང་ན་དེ་བས་འགྲིག་གི་འདུག་ཟེར། ངོས་ཀྱང་ཉིན་གཉིས་སྔོན་ནས་ཚ་འཆམས་ཞིག་གི་རྐྱེན་གཟུགས་པོ་བདེ་བོ་དེ་ཙམ་མེད་ན་ཡང་ཁོ་རང་སར་འགྲོ་རྒྱུར་ཐག་བཅད། ཉིན་གུང་རྒྱབ་ཆུ་ཚོད་དང་པོའི་སྐབས་ཕ་ཡུལ་ཉི་ཧོང་ནས་ཡིན་པའི་ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཆོས་མིང་དུ་ཀུན་བཟང་དབང་མོ། ཡུལ་མིང་དུ་ཨ་མ་སུ་སིན་ནས་མོག་མོག་ཞིག་དང་། ཐུག་པ། ཤིང་ཐོག་སོགས་ཟས་རིགས་འདྲ་མིན་བཟོས་ནས་ཁུར་འདུག་སྟབས། འདི་ནས་སྐར་མ་ལྔ་ལས་མེད་པའི་མོའུ་རི་ཎའི་རྒྱ་མཚོའི་འགྲམ་ལ་སོང་བས་དེ་རིང་གི་གནམ་གཤིས་དེ་ནམ་མཁའ་གཡའ་དག་ཅིང་ཉི་འོད་རྒྱ་མཚོར་ཁྱབ་ནས་རྒྱ་མཚོའི་རྦ་རླབས་རྣམས་མཁའ་རུ་རྩེན་ཅིང་བྱེ་མའི་དཀྱིལ་ནས་མི་རྣམས་ཁྱུ་ཁྱུ་བྱས་ནས་རྩེད་མོ་ལ་རོལ་ཅིང་འདུག ངེད་གཉིས་ཀྱང་ཕྱོགས་གཅིག་ཏུ་བསྡད་ནས་དེ་རིང་གི་གནམ་གཤིས་དེ་ལ་ཡིད་སྨོན་བྱེད་བཞིན་མིག་གིས་མི་ཚོགས་ཀྱི་ལྟད་མོ་ལ་བལྟ་བཞིན་མོག་མོག་དེ་ཟོས། དེ་ནས་ཅུང་མ་འགོར་བར་རླངས་འཁོར་ཁ་ལོ་ཨོ་ཤང་ཕྱོགས་སུ་བསྒྱུར་ནས་སོང་བས་ལམ་ཕྱེད་ནས་ཁ་པར་ཞིག་སླེབས་སོང་བས་ཁོང་རྒྱ་མིའི་ཟ་ཁང་ཞིག་ནང་ཡོད་པས་དེར་ཤོག་ཟེར་བས་དེར་ཤར་རྒྱགས་སོང་།  ཁོང་གི་གདོང་པར་སྐྱོ་ཉམས་དང་བཅས་ཟ་ཁང་དེའི་ནང་ནས་སྒུག་འདུག་ཁོ་རང་གི་འདོད་པ་ནི་ང་ཚོ་མཉམ་དུ་དགོང་ཟས་ཟ་རྒྱུ་དེ་ཡིན་ཀྱང་། ངོས་ནས་མོག་མོག་སྡེར་མ་གཉིས་བྲོད་གོག་ནང་དུ་བླུགས་ཚར་མ་ཐག་ཡིན་སྟབས་ཁོང་ནས་ཐུག་པ་ཕོར་པ་གང་མངགས་སོང་། ཁོང་ནི་ལུང་པ་ཨ་ཧྥི་རི་ཀ་ནས་ཡིན་ཅིང་ཨ་རིར་སླེབས་ནས་ལོ་ཉི་ཤུ་ལྷག་ཙམ་འགྲོ་གི་ཡོད། ཁོང་ནི་མི་ཡ་རབ་ཞིག་དང་མ་ཟད་ཁོ་རང་གི་འཚོ་ཐབས་ནི་གློག་བརྙན་པར་རྒྱག་པ་དང་གཞས་དང་འདོན་པ་སོགས་སྒྲ་འཇུག་བྱེད་མཁན་ལ་ཧ་ཅང་བྱང་ཆུབ་པ་ཞིག་ཡིན་པས་འདས་པའི་ལོ་གཅིག་ནང་ཚུད་ནས་ངས་ཆོས་བཤད་ཚད་ཚང་མ་སྒྲ་འཇུག་བྱེད་པ་མ་ཟད་བརྙན་པར་སོགས་ལེན་ནས་འོད་སྡེར་འཁོར་ལོ་བཟོ་བ་སོགས་ཚང་མ་ཁོ་རང་ནས་བྱེད་ཀྱི་ཡོད། ངས་ཁོ་རང་ལ་བལ་ཡུལ་ནས་རང་གིས་ཆེད་དུ་བཟོས་པའི་གདུགས་དཀར་རལ་གྲི་མའི་འཁོར་ལོ་བྱིན་ལྡན་ཞིག་ཡོད་པ་དེ་སྤྲད་པས་ཁོང་ཧ་ཅང་དགའ་བོ་བྱུང་སོང་། དེ་ནས་སུ་སིན་ངེད་གཉིས་མོ་རི་ཎའི་ཕྱོགས་སུ་སྐར་མདའ་ཆད་པ་ནང་བཞིན་སོང་། གང་ཡིན་ཟེར་ན་ཆུ་ཚོད་ལྔ་པའི་སྐབས་སུ་སིན་ནས་ཨ་རིའི་དམག་མི་གཞོན་སྐྱེས་ཁ་ཤས་ཞིག་ལ་ཅིས་ཀོང་གི་ལུས་རྩལ་བསླབ་དགོས་པའི་དུས་ཆད་དེ་རེད། ངོས་ཀྱང་ནང་དུ་འབྱོར་བ་དང་ལྷན་དེ་རིང་ཉིན་ཐོའི་ཟིན་བྲིས་མ་ཆད་ཙམ་ཞིག་བྲིས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

Tuesday, December 13, 2011

མིག་ཤེལ་བཟོ་བཅོས་བྱེད་ལ་སོང་བའི་ཉིན་མོ།

མིག་ཤེལ་བཟོ་བཅོས་ཚར་བའི་སྐབས་སུ།
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ཁྲུས་ཁང་དུ་སོང་ནས་སོ་གདོང་སོགས་གཙང་མ་བྱས་ནས་ཐབ་ཚང་ནང་དུ་སོང་ནས་ཞོགས་ཇ་ཉུང་ཙམ་ལ་རོལ་ཞིང་ཁ་འདོན་ལ་བྲེལ། ཁ་འདོན་བྱེད་བཞིན་པའི་སྐབས་སུ་ངོས་ཀྱི་མིག་ཤེར་དེ་ཟུར་ཞིག་ལ་བཞག་ཡོད་སྟབས་གྲུ་མོས་མནན་ནས་མིག་ཤེལ་གཡས་པའི་ཤེལ་ཉིད་ཕྱི་རུ་ཐོན་འདུག མིག་ཤེལ་འདི་ནི་ལོ་སྔོན་མར་ངོས་ཀྱི་སྐྱེ་སྐར་ལ་སློབ་མ་ཞིག་ནས་མིག་ལ་བསྒྲིགས་ནས་ཉོས་བྱུང་བས་ལས་མེད་ས་མཐའི་གྲྭ་རྐྱང་ཞིག་ལ་ལྟོས་ན་གོང་ཚད་ཀྱང་ཧ་ཅང་ཆེན་པོ་རེད། དེར་རྟེན་མིག་ཤེལ་ཕྲོག་རླག་ཏུ་སོང་བ་ལ་ཧ་ཅང་འཕངས་སེམས་ཞིག་ཀྱང་སྐྱེ་སོང་བ་མ་ཟད་དམིགས་བསལ་གྱི་ཁྱད་ཆོས་ཞིག་ཡོད་པ་ནི་མིག་ཤེལ་སྟོད་ནས་ཐག་རིང་ས་དང་སྨད་ནས་ཐག་ཉེ་སར་ལྟ་ཆོག་པ་མ་ཟད་ཕྱི་ལོགས་ནས་རང་བཞིན་གྱིས་མདོག་འགྱུར་འགྲོ་བ་སོགས་ཡོད། དེ་ནས་སུ་སིན་ལ་ཁ་པར་ཞིག་གཏང་ནས་དེ་རིང་ལས་ཀ་ཙག་ཙིག་འགའ་ཆེད་དུ་ཕྱི་ལོགས་སུ་འགྲོ་དགོས་ཡོད་སྐོར་བརྗོད་པས་ཆུ་ཚོད་དང་པོར་ཡོང་རྒྱུ་བྱས། ཉིན་གུང་ཁ་ལག་ཉུང་ཙམ་ཟོས་ནས་ཆུ་ཚོད་དང་པོའི་སྐབས་སུ་དངུལ་ཁང་ནང་ལ་འགྲོ་ཞོར་སྔ་ལོར་མིག་ཤེལ་ཉོ་སའི་ཚོང་ཁང་ནང་དུ་སོང་། ཞབས་ཞུ་མ་མི་རིགས་ནག་པོའི་བུ་མོ་ཞིག་ཡོད་པ་དེས་ལམ་སེང་སྐར་མ་ལྔ་ཙམ་ནང་ངོས་ཀྱི་མིག་ཤེལ་དེ་རིན་མེད་ཐོག་ནས་སྔར་བཞིན་བཟོས་སོང་ཐུགས་རྗེ་ཆེ་ཞེས་བསྟོད་པའི་གཏང་རག་བཅས་ལམ་སང་རླངས་འཁོར་གྱི་ཁ་མོ་རི་ནའི་ཕྱོགས་སུ་བསྒྱུར་ནས་སྐར་མ་སུམ་བཅུ་ཙམ་ནས་ནང་དུ་འབྱོར། དེ་ནས་ལོ་བརྒྱད་ཙམ་སོང་བའི་བཀའ་དྲིན་ཅན་གྱི་རྩིས་འཁོར་གོབ་ཏོ་དེ་ཁ་ཕྱེས་ནས་འཛམ་གླིང་གི་སྒེའུ་ཁུང་ནས་རྒྱངས་ལྟ་བྱས་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཕེབས་ནས་ཡུལ་དེ་ཡི་སྲིད་འཛིན་དང་། ཡོའུ་རོབ་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་ནང་དུ་འགྲོ་བ་མི་ཐོབ་ཐང་མེད་པས་གཟིགས་སྐོར་དུ་ངེས་པར་ཕེབས་དགོས་སྐོར་ནན་པོར་གསུངས་འདུག་པ་མ་ཟད་ཡུལ་དེར་རྒྱ་གར་སོགས་འཛམ་བུ་གླིང་གི་གཞུང་ཚབ་རྣམས་ཟུར་བཅར་དང་། སློབ་གྲྭ་ཁག་དེ་བཞིན་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་མཇལ་བཅར་གྱི་འཚང་ཁ་ཤིག་ཤིག་རེད་སྟབས། ངོས་ནི་གོང་ས་མཆོག་གི་མཛད་རྗེས་ལ་བསམ་ནས་མིག་ཆུ་ཤོར་སོང་། ཕྱོགས་གཅིག་ནས་འདིང་ཞིག་རྒྱབ་དུས་དཔལ་འབྱོར་དང་དམག་དོན་སོགས་གང་གི་ཐད་ནས་ཀྱང་རྒྱ་ནག་འདི་འཛམ་བུའི་གླིང་སྒང་ནས་སུ་གང་ལ་ཡང་རེ་མ་དགོས་པར་སྟོབས་ཆེན་རྒྱལ་ཁབ་ཆེན་པོ་ཡིན་པའི་སྤོབས་པས་གླང་ཆེན་སྨྱོན་པ་བཞིན་དུ་འགྱིང་འགྲོས་བྱེད་ནས་ཁྱིམ་མཚེས་ཀྱི་རྒྱལ་ཁབ་རྣམས་ལ་བརྙས་བཅོས་ཀྱི་ཁ་ཆུ་གཏོར་ཞིང་མི་འཇིག་པའི་སྣ་གཉེར་བྱེད་བཞིན་པའི་སྐབས་སུ། ༧གོང་ས་སྐྱབས་མགོན་མགོན་ཆེན་པོ་མཆོག་ཕྱི་ཕྱོགས་སུ་ཕེབས་ཐེངས་གཅིག་གིས་དམར་ཤོག་གི་སྲིད་འཛིན་ཁ་ཤས་ཤིག་ལ་ཉིན་མོ་ཟས་ཆག་མཚན་མོ་གཉིད་ཆག་ནས་སྙིང་དམར་པོ་འདི་ཉིད་ལུ་གུ་འཕགས་པ་ནང་བཞིན་ཞེད་དངངས་བྱེད་དགོས་པ་འདི་གང་ཡིན་ན་བསམ་སོང་། ལར་ནི་བདེན་པ་ཟེར་བ་འདི་ལ་རྡུལ་ཕྲན་མཚོན་ཆ་སྟོང་ལས་ལྷག་པ་ཞིག་གི་ནུས་སྟོབས་ཡོད་པ་ནི་སྔོན་སོང་རྒྱ་གར་གྱི་མེས་པོ་དམ་པ་གྷན་ཌི་ཞེས་ལག་ཏུ་དབྱུགས་པ་ཙམ་ལས་མེད་པའི་འཚེ་མེད་ཞི་བའི་དཔའ་བོ་དེའི་མཛད་རྗེས་ལས་གསལ། གོང་ས་མཆོག་ནས་ཀྱང་དེ་བཞིན་དུ་ཕྱག་ཐལ་མོ་སྦྱར། ལུས་ལ་ཆོས་གོས་དང་མ་བྲལ་བར་ཞལ་རས་འཛུམ་པའི་མདངས་དང་ལྡན་པར་གནས་ལུགས་བདེན་པའི་ར་སྤྲོད་འདི་ནི་རྒྱ་ནག་དམར་པོའི་གཞུང་ལ་བདེན་པས་རྫུན་རྐུབ་རྡོལ་བ་ལ་རྡུལ་ཕྲན་མཚོན་ཆ་བརྒྱ་ལས་ཀྱང་ཐུ་བར་བསམ། དེ་ནས་དེ་རིང་ཉིན་མོ་འདིར་གནམ་གཤིས་ཀྱི་རྐྱེན་ནས་ངོས་ལ་སྣ་ཆམ་ཞིག་ཡོད་སྟབས་ཆུ་ཚ་བོའི་ནང་དུ་ཤིང་ཐོག་གི་ཁུ་བ་ཉུང་ཟད་བླུགས་ནས་འཐུང་ནས་ཉལ་སར་ཅུང་ཟད་གཉིད་དུ་ཡུར་བས་ཕན་པོར་བྱུང་། དེ་ནས་དགོང་མོར་ཐུག་པ་ཞིག་འཐུང་ནས་ཉར་སར་སོང་ནས་གཉིད་ཡུར། 

Monday, December 12, 2011

གཟའ་ཟླ་བའི་འོད་དཔག་ཉམས་ལེན།

སངས་རྒྱས་འོད་དཔག་མེད་ཀྱི་ཐང་ག
གཟའ་ཟླ་བའི་འཆར་ཅན་གྱི་ཉིན་མོ་འདི་ནི་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན་འོད་དཔག་གི་ཉམས་ལེན་བྱེད་རྒྱུའི་གོ་སྐབས་ཡོད་པ་འདི་ནི་ངོས་ལ་ལྟོས་ན་ཆེས་བསྐལ་པ་བཟང་པོའི་ཉིན་མོ་ཞིག་ཀྱང་ཡིན། ཞོགས་པ་ཆུ་ཚོད་དྲུག་པའི་སྐབས་སུ་ལངས་ནས་ཁ་འདོན་ལ་བྲེལ། འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་སྟབས་བདེ་ཞིག་ལ་རོལ་ནས། དེ་རིང་གཟའ་ཟླ་བའི་འོད་དཔག་མེད་ཉམས་ལེན་བྱེད་པའི་དུས་ཚིགས་ཁྱད་པར་ཅན་དེར་ལྷགས་སྐྱོབ་ཀྱི་ཆེད་དུ་བཞག་ནས་ཟླ་གཅིག་ལྷག་སོང་བའི་རིང་མིན་ཐུང་མིན་གྱི་སྐྲ་དེ་རྩ་བ་ནས་བཅད་ནས་ཁྲུས་ཁང་དུ་སོང་ནས་གཟུགས་པོ་བཀྲུས། ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་སྐད་བསྒྱུར་བྱམས་པ་མཐར་ཕྱིན་ལགས་རེད་འདུག ཁོང་ནས་སང་ཉིན་བདེ་ཆེན་ཞིང་སྒྲུབ་ལ་ཡོང་གི་ཡིན་གསུངས་སོང་། དེ་ནི་ངོས་ལ་ཟོས་ས་ནས་ཕྲུག་པའི་ཆེས་གཏམ་བཟང་ཞིག་ཡིན། གང་ཡིན་ཞེ་ན་ངོས་ཀྱི་སློབ་མ་རྣམས་ཀྱི་རེ་འདོད་ལྟར་བདེ་ཆེན་ཞིང་སྒྲུབ་མ་འཚོགས་པའི་སྔོན་ནས་ངོས་ཀྱི་དབྱིན་ཇིའི་གོབ་ཏོ་དེ་བེད་སྤྱོད་བྱེད་ནས་འཆར་ཅན་གྱི་ཀུན་སློང་བཅོས་སྟངས་སྐོར་བཤད་དགོས་པ་དེ་རེད། ཡང་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་པོར་ལེན་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་ཤེས་རབ་སྐལ་ལྡན་ཁོང་རེད། ཁོང་ནི་འདི་ལོར་རྡོར་གདན་དུས་འཁོར་དབང་ཆེན་ལ་འགྲོ་གི་ཡིན་ཟེར། དེ་དང་བསྟུན་ནས་དེ་སྔོན་ང་ས་ནས་སྔོན་འགྲོ་འབུམ་བཞིའི་གསུང་ཆོས་ལས་ཕྱག་སྐོར་ཚར་ཡོད་པའི་སྐད་ཆ་རེད་ད་རེས་ཁོང་ནས་རྡོ་རྗེ་གདན་དུ་ཕྱག་འབུམ་གཅིག་འཚལ་ཨི་ཐུབ་ལྟ་གི་ཡིན་གསུངས་སོང་། ངས་ཀྱང་དེ་ཧ་ཅང་ཡག་པོ་འདུག་ཞེས་ཡི་རངས་བྱས་པ་ཡིན། ཁོང་ནས་དེང་སང་ངོས་གྱི་ཉིན་ཐོ་བཀློག་གི་ཡོད་གསུང་བྱུང་། དེ་ནས་ངོས་ཀྱི་རླངས་འཁོར་གྱི་ཁ་ལོ་བ་སུ་སིན་ཆུ་ཚོད་དྲུག་པའི་སྐབས་སུ་འབྱོར་བྱུང་བས་ཤར་རྒྱག་བདེ་ཆེན་ཞིང་སྒྲུབ་འཚོགས་སར་སོང་། སུ་སིན་ནས་མོག་མོག་བཟོས་ནས་ཁུར་འདུག་སྟབས་རླངས་འཁོར་ནང་ནས་ཟ་བཞིན་པའི་སྐབས་སུ་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཉི་ཡོག་ལ་ཡོད་པའི་བལ་ཡུལ་ཚོང་པ་རྣམ་རྒྱལ་ལགས་རེད་འདུག ཁོང་ནི་འདི་ལོ་ངོས་ཀྱི་འོད་སྡེར་འཁོར་ཐག་བརྒྱ་ཐམ་པའི་སྦྱིན་བདག་གནང་བ་མ་ཟད། ལོ་རྗེས་མའི་ཉི་ཡོག་ས་གནས་སུ་བོད་པ་ལ་བདེ་ཆེན་ཞིང་སྒྲུབ་འཚོགས་པའི་སྐབས་སུ་སྦྱིན་བདག་ཀྱང་བྱེད་རྒྱུ་ཁས་ལེན་བྱས་ཚར། ཁོང་ནས་གསུངས་ན་ལོ་རྗེས་མའི་གསུང་ཆོས་སྐབས་སུ་འགྲོ་སོང་དང་ཁང་གླ་ཚང་མ་ཁོ་རང་ནས་སྦྱིན་བདག་བྱེད་ཀྱི་ཡིན་སེམས་ཁྲལ་གཏན་ནས་མི་དགོས་ཞེས་གསུངས་སོང་། དེ་ནས་འཚོགས་ཁང་ནང་དུ་འབྱོེར་བྱུང་བས་མི་བཅོ་ལྔ་ཙམ་གྱིས་སྒུག་འདུག དེ་ནས་ཕྱག་གསུམ་དང་ལྷན་གདན་དུ་འཁོད་ནས་ངོས་གནས་སྐབས་ཟླ་བ་གཉིས་ཙམ་ཉི་ཡོག་དང་། བྷོ་སི་ཊོན། ཀི་ནི་རི་ཀི་ཊ། པོར་ལེན་སོགས་ལ་སོང་བའི་ལོ་རྒྱུས་དབྱིན་ཇི་གོབ་ཏོ་དེ་སྐྱོན་ནས་སྐད་ཆ་མདོར་བསྡུས་ཞིག་བྱས་ནས། ཆོས་བཤད་ཀྱི་མགོ་འཛུགས་བྱས། དེ་རིང་གི་ཆོས་བཤད་རུ་ཆོས་ཀྱིས་རང་བརྒྱུད་འདུལ་དགོས་སྟངས་དང་རང་རྒྱུད་འདུལ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆགས་དགོས་སྐོར། གལ་སྲིད་དེ་འདྲ་ཞིག་མ་བྱུང་ནའང་ལུས་རྟེན་འདི་ཡི་ཐོག་ནས་སེམས་ཅན་གཞན་ལ་གནོད་པའི་ལས་མི་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་མདོར་བསྡུས་ཞིག་སྐད་བསྒྱུར་བརྒྱུད་ནས་བཤད། དེ་ནས་གནམ་ཆོས་འོད་དཔག་ཆོ་ག་ཉིད་འདུར་དབྱངས་ཀྱི་རྟ་ལ་སྐྱོན་ནས་ཆུ་ཚོད་གཅིག་ནང་ཚར་བར་བྱས། དེ་ནས་ཆོས་ཚོགས་ཀྱི་དངུལ་གཉེར་ཆོས་མིང་དུ་པདྨ་སྒྲོལ་མ། ཡུལ་མིང་དུ་སི་ཊ་ཧྥི་ནེས་ནས་ཟླ་བ་གཅིག་གི་ཚོགས་མི་རྣམས་ཀྱིས་ཟླ་རེར་ཨ་སྒོར་ཉི་ཤུ་རེ་བསྡུ་དགོས་པའི་དངུལ་རྣམས་དེ་རིང་བསྡུ་དགོས་སྐོར་གསུང་སོང་། ངོས་ཀྱི་སློབ་མ་རྣམས་ནས་ཆོས་བཤད་དང་ཚོགས་པ་ཚར་བའི་སྐབས་སུ་ལག་ཏུ་ཤོག་ཁུག་ནང་དུ་མང་ཉུང་ལ་མ་གཏོས་པར་དངུལ་དང་ཁ་གཏགས་བཅས་ཨེ་ཤའི་དད་ལྡན་རྣམས་ཀྱི་ལུགས་སྲོལ་ལྟར་བང་བསྒྲིག་པ་འདི་ངོས་རང་ལ་མ་བདེ་བ་ཞིག་འདུག གང་ཡིན་ཞེ་ན་བདུན་ཕྲག་རེ་རེའི་ནང་དུ་འཚོགས་པ་རེ་འཆར་ཅན་ལྟར་ཡོད་པས་རྟག་པར་དེ་འདྲ་བྱེད་འདུག་སྐབས་ངོས་ལ་འཚེར་སྣང་འདྲ་ཞིག་འདུག དེ་ནས་ཕན་ཚུན་གྱེས་བྲལ་གྱི་ལག་འཇུ་དང་འཐམས་འཁྱུད། ཕྱག་རྒྱ་སོགས་བྱེད་བཞིན་རང་རང་སོ་སོའི་གནས་སུ་བདེ་བར་སོང་། སུ་སིན་ངེད་གཉིས་ཀྱང་རླངས་འཁོར་ཁ་མོ་རི་ན་སོགས་སུ་བསྒྱུར་ནས་གློག་འཁྱུག་པ་བཞིན་དུ་ནང་དུ་འབྱོར། ཐོག་ཁར་ཡོངས་ནས་ཟིན་བྲིས་ཀྱི་ལས་ལ་ཞུགས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།