Thursday, February 2, 2012

ཨ་རིའི་ལས་ཁུངས་ནང་དུ་སོང་བའི་ཉིན་མོ།

མཛེས་པའི་ཀི་ལི་ཧྥོ་ཉའི་མེ་ཏོག
ཞོགས་པ་ལངས་ནས་འཆར་ཅན་གྱི་ཁ་འདོན་རྣམས་ཚར་བར་བྱས་པ་མ་ཟད་ཨ་ཕྱི་རྒན་མོའི་དེ་ཉིད་ཚེ་ལས་འདས་ནས་བདུན་གཉིས་པར་ཁེལ་བས་སྦྱོར་དངོས་རྗེས་གསུམ་ཚང་བའི་འོད་དཔག་མེད་ཀྱི་ཆོ་ག་ཚར་གསུམ་དང་། སྤྱན་རས་གཟིགས་འཁོར་བ་དོངས་སྤྲུགས་ཀྱི་ཆོ་ག་ཚར་གཅིག་བཅས་དང་བསྔོ་སྨོན་སོགས་གང་དྲག་བྱས་ནས་འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོག་ཟས་མདོར་བསྡུས་ཞིག་ལ་རོལ། དེ་ནས་ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་ཆོས་ཚོགས་ཀྱི་ཚོགས་གཙོ་ཧེར་ཌའི་རེད་འདུག་མོ་རང་ནས་གསུངས་ན་སྐར་མ་སུམ་ཅུར་དེར་འབྱོར་གྱི་ཡོད་པས་ལས་ཁུངས་སུ་འགྲོ་ཆེས་གྲ་བསྒྲིགས་གྱིས་ཞེས་པའི་སྔོན་བརྡ་དེ་རེད། ངོས་ཀྱང་རྒྱབ་ཁུག་དང་ཡིག་ཆ་ཚང་མ་ཁུར་ནས་འགྲོ་ཆེས་གྲ་བསྒྲིགས་བྱས་པས་ཧེར་ཌའི་སླེབས་སོང་བས་ངོས་གཉིས་ས་གནས་འདིར་ཡོད་པའི་ཨ་རིའི་གཞུང་གི་social Security card འམ་བོད་སྐད་དུ༼སྤྱི་ཚོགས་སྲུང་སྐྱོབ་ཨང་གྲངས༽ཞེས་པའི་ལས་ཁུངས་སུ་སོང་བས་མི་རྣམས་བང་སྒྲིགས་ནས་འཚང་ཁ་ཤིག་ཤིག་བྱེད་ཀྱི་འདུག ངེད་གཉིས་ཀྱང་བང་བསྒྲིགས་ནས་ཨང་གྲངས་བླངས་ནས་བསྒུགས་བསྡད་པས་ངོས་ཀྱི་མིང་བོས་བྱུང་བས་སྒེའུ་ཁུང་ཨང་གྲངས་བརྒྱད་པའི་ནང་ནས་ཨ་རི་མི་དཀྱུས་མ་ལོ་ལོན་ཞིག་འདུག་པས་བསམ་ཡུལ་ལས་འདས་པ་ཞིག་ལ་ང་མཐོང་བ་དང་མཉམ་དུ་ཕྱག་རྒྱས་གུས་འདུད་བྱེད་ཀྱི་འདུག ངོས་ཀྱི་དབྱིན་ཇི་གོབ་ཏོ་དེ་སྐྱོན་ནས་ངེད་གཉིས་ཁ་བརྡ་བྱས་དུས་ཁོང་རང་ཐེག་དམན་གྱི་ནང་པ་ཞིག་རེད་འདུག ཁོང་གི་དགེ་རྒན་དེ་འབར་མའི་དགེ་སློང་ཞིག་ཡིན་ཟེར། ཁོང་ནས་ངོས་ཀྱི་གདོང་པར་བལྟ་བཞིན་དུ་ཁྱོད་རང་ལོ་སྔོན་མར་ངས་གསར་ཤོག་ནང་ནས་འཐོང་མྱོང་འདུག་ཟེར་བས་ངས་ཀྱང་ཏག་ཏག་རེད་བསམ་བྱུང་གང་ཡིན་ཞེ་ན་ལོ་སྔོན་མར་ངོས་ཀྱི་མཛད་རིམ་ཕལ་ཆེར་འདིར་ཕྱོགས་གསར་ཤོག་མང་པོ་ཞིག་ནང་དུ་བཀོད་འདུག ཁོང་ནས་ངོས་ལ་དམིགས་བསལ་གྱིས་རོགས་པ་བྱས་ནས་སང་ཉིན་ནས་ཁྱོད་རང་གི་༼སྤྱི་ཚོགས་སྲུང་སྐྱོབ་ཨང་གྲངས་༽ སླེབས་ཀྱི་རེད་ཟེར་བས་ངོས་ཀྱང་ཧ་ལས་སོང་། དེ་ནས་ཕན་ཚུན་སྐད་བརྡ་ཐུང་ཙམ་བྱས་ནས་ངོས་ཀྱི་ཆོས་ཚོགས་ཀྱི་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་ཚང་མ་སྤྲད་པས་ཁོ་རང་ངོས་ཀྱི་ཆོས་བཤད་སར་ཡོང་གི་ཡིན་ཟེར། དེ་ནས་ཧར་ཌེའི་ངེད་གཉིས་དེ་རིང་གི་གནས་ཚུལ་ལམ་འགྲོ་བྱུང་ཚུལ་དང་ཡག་རབས་བཅོ་བརྒྱད་བགྲངས་བཞིན་ནང་དུ་ལོགས། ངོས་ཀྱི་རླངས་འཁོར་ཁ་ལོ་བ་སུ་སིན་སླེབས་སོང་བས་ངེད་གཉིས་ནམ་རྒྱུན་ལྟར་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཀྱིས་ཆུ་ཚོད་གཅིག་ཙམ་སོང་ནས་ནང་དུ་འབྱོར་ཞིང་ཟྭ་ཚོད་ཀྱི་ཐུག་པ་ཞིག་བཀོལ་ནས་འཐུང་བས་དཔེ་མེད་ཞིམ་པོ་བྱུང་། དེ་ནས་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཞིག་བྱས་པས་འདི་ལོའི་དུས་འཁོར་དབང་ཆེན་ལ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་བོད་ལ་མར་ལོགས་པའི་སྐབས་མེ་འཁོར་འབབས་ཚུགས་ནས་རྒྱ་མིའི་བོད་མི་ཆོས་ཞུ་བ་མི་བརྒྱ་སྐོར་ཞིག་འཇུ་བཟུང་བྱས་ནས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད་པའི་གནས་ཚུལ་དེ་དང་ཨ་རིའི་འཛམ་གླིང་གི་བརྙན་འཕྲིན་གསར་འགྱུར་སྐད་གྲགས་ཅན་CNN ཞེས་པ་དེའི་གསར་འགོད་པ་བསམ་བཞིན་དུ་བོད་བྲག་མགོ་ལ་སོང་བའི་སྐབས་སུ་རྒྱ་ནག་གཞུང་ནས་ས་གནས་སུ་མ་གཏང་ནས་ཡར་སློག་ཡོད་པའི་སྐོར་རེད་འདུག དེ་ནས་དེ་རིང་གི་ཉིན་ཐོ་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment