Friday, February 3, 2012

ཁྲིམས་རྩོད་པ་ལ་ཐུག་འཕྲད་ལ་སོང་བའི་ཉིན་མོ།

ཨ་རིའི་སྐད་གྲགས་ཅན་གྱི་ཨེ་ཤ་ཡའི་འགྲེམ་སྟོན་ཁང་།
ཞོགས་པ་སྔ་མོར་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ཉུང་ཙམ་ཟོས་ནས་ངོས་ཀྱི་རྒྱབ་ཁུག་དང་ཉེར་སྤྱད་རྣམས་གྲ་བསྒྲིགས་བྱས་ནས་བསྡད་པས་ཆོས་ཚོགས་ཀྱི་ཚོགས་གཙོ་ཧར་ཌེའི་དང་སུ་སིན་གཉིས་ཆུ་ཚོད་དགུ་པའི་སྐབས་སུ་སླེབས་བྱུང་བས་ང་ཚོ་གསུམ་རླངས་འཁོར་གཅིག་ནང་དུ་ཞུགས་ནས་ངོས་ཀྱི་ཁྲིམས་རྩོད་པ་རྗེ་ཧྥུ་སར་སོང་། རྗེ་ཧྥུ་ནི་འདི་ནས་ཆུ་ཚོད་གསུམ་ཙམ་གྱི་སར་ཆོད་པའི་ཀི་ལི་ཧྥོ་ཉའི་རྒྱལ་ས་རུ་ཡོད། དེ་རིང་ནི་ངོས་ཀྱི་ཨ་རིའི་ཡིག་ཆ་རྣམས་འགྲུབ་ནས་བདུན་ཕྲག་གཉིས་ཙམ་ཡིན་སྟབས་ངོས་ཀྱི་ཁྲིམས་རྩོད་པ་རྗེ་ཧྥུ་ལ་ཐུགས་རྗེའི་ལེགས་འབུལ་ལག་བཏགས་ཞིག་སྤྲད་རྒྱུ་ཡོད་པ་དེའི་ཞོར་དུ་བོད་པའི་ཟ་ཁང་ནང་ནས་རྩམ་པ་ཉོ་རྒྱུ་དེ་ཡིན། ཆུ་ཚོད་དང་པོའི་སྐབས་སུ་བོད་པའི་ཟ་ཁང་ཞིག་ནང་རྗེ་ཧྥུ་དང་དུས་ཆད་བྱས་པ་ནང་བཞིན་དེར་འཛོམས་བྱུང་བས་ང་ཚོ་ཚང་མས་ཉིན་གུང་ཟ་མ་བོད་ཟས་འདྲ་མིན་མངགས་ནས་ཕན་ཚུན་ཁ་བརྡ་སོགས་བྱས་མཐར་རྗེ་ཧྥུ་ལ་ལག་བཏགས་ཀྱི་ཆེད་དུ་གོང་ས་མཆོག་དང་ངོས་ཀྱི་པར་དང་རྗེ་ཧྥུ་ངེད་གཉིས་མཉམ་དུ་ཡོད་པའི་མཛེས་ཆོས་ཀྱིས་སྤྲད་པའི་པར་སྒྲོམ་སྤུས་ལེགས་ཞིག་དང་། དངུལ་ལས་བཟོས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་སྐེ་ལ་བཏགས་རྒྱུ་ཞིག་དང་། རྡོ་རྗེ་དྲིལ་བུ་ཆུང་ཆུང་སྤུས་ལེགས་ཞིག་དང་ཁ་གཏགས་བཅས་སྤྲད་པས་ཁོ་རང་ནས་ཧ་ཅང་དགའ་བོ་བྱས་སོང་། ཁོ་རང་ནས་གསུངས་ན་དེ་སྔ་ཕན་ཆོད་ངས་ཁྲིམས་རྩོད་པའི་ལས་ཀ་བྱས་ནས་བཟུང་སྟེ་མི་མང་པོ་ཞིག་ལ་ཨ་རིར་སྐྱབས་བཅོལ་གྱི་ཡིག་ཆ་ཐོབ་ཀྱང་ཁྱེད་རང་ཚོའི་ངོས་ལ་བྱས་པ་ནང་བཞིན་གཅིག་ཀྱང་མི་འདུག་ལར་ནི་བོད་མི་དང་མ་ཟད་དགེ་འདུན་པ་ཡིན་དུས་འདྲ་རྒྱུ་མི་འདུག་སོགས་ཟེར་ནས་ངོས་ལ་བསྟོད་ར་མང་པོ་བྱས་སོང་། དེ་ནས་གཅིག་གིས་གཅིག་ལ་ཡག་རབས་དང་བཟང་རབས་སོགས་ལུང་པ་གང་ཙམ་བཤད་རེས་བྱས་ནས་མཐར་ཕན་ཚུན་གྱེས་བྲལ་གྱི་འཐམས་འཁྱུད་དང་། ལག་འཇུ་སོགས་ཅི་རིགས་བྱས་ནས་རྗེ་ཧྥུ་ལ་ཕེབས་བསྐྱེལ་ཐུང་ཙམ་བྱས་ནས་ཟ་ཁང་ནང་ནས་ཨ་སྒོར་བརྒྱ་ཡིས་རྩམ་པ་མང་པོ་ཞིག་ཉོས་ནས་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ས་རུ་ཡོད་པའི་Asian Art Museum ཞེས་ཨེ་ཤའི་ཡའི་བཟོ་སྐྲུན་གྱི་འགྲེམས་སྟོན་ཁང་ཞིག་ཡོད་པ་དེའི་ནང་དུ་སོང་། འགྲེམ་སྟོན་ཁང་འདི་ནི་འཛམ་གླིང་ནང་དུ་སྐད་གྲགས་ཡོད་པའི་འགྲེམ་སྟོན་ཁང་རེད་ཟེར། ཁང་པའི་བཟོ་རྩལ་གྱི་རི་མོ་དང་དབྱིབས་སོགས་ལ་ཧ་ལས་པ་ཞིག་འདུག་ནང་དུ་ནང་པའི་ཆོས་ལུགས་ཀྱི་སྐུ་དང་ཐང་ག་རྙིང་པ་ཧ་ཅང་མང་པོ་འདུག ངོས་ནི་འགྲེམས་སྟོན་ཁང་འདི་སྔ་ནས་གོ་མྱོང་ཡོད་ཀྱང་འདིར་དངོས་སུ་སླེབས་པ་ཐེངས་དང་པོ་ཡིན། འགྲེམ་སྟོན་ཁང་ནང་ལོགས་ཀྱི་ཁང་པ་རྣམས་སྡེ་ཚན་དུ་ཕྱེས་ནས་རྒྱལ་ཁབ་འདྲ་མིན་དཔེར་ན་རྒྱ་ནག་དང། བོད། རྒྱ་གར། ཀོ་རི་ཡ། ཉི་ཧོང་། ཐེ་ལན་ཌི། ཀམ་བྷོ་ཌའི། སོགས་ཀྱི་ནང་པའི་ཆོས་ཀྱི་མཆོད་ཆས་དང་། སྐུ། ཐང་ག སོགས་ལོ་གཅིག་སྟོང་ལྔ་བརྒྱ་སོགས་ཀྱི་ཅ་དངོས་རིན་ཐང་དང་བྲལ་བ་མང་པོ་འདུག འགྲེམ་སྟོན་ཉིད་ཞིབ་མཇལ་བྱས་ཤིང་དེ་ནས་ཟུར་དུ་ཡོད་པའི་ཨ་རིའི་སྐད་གྲགས་ཅན་གྱི་ཁང་པ་ཞིག་ཡོད་པ་དེར་ལྟད་མོ་ལྟ་རུ་སོང་། དེ་ནས་རླངས་འཁོར་ཁ་མོན་ཊེ་རེའི་སོགས་ལ་བསྒྱུར་ནས་ཡོང་བས་དགོང་མོ་ཆུ་ཚོད་བཅུ་པའི་སྐབས་སུ་ནང་ལ་སླེབས་སོང་བས་དེ་རིང་གི་ཉིན་ཐོ་མ་ཆད་ཙམ་ཞིག་གཏང་ནས་སེ་ཁེབ་བམ་གནམ་སྐར་སྒེའུ་ཁུང་ནང་ནས་ལྟ་ཙམ་བྱས་པས་རྡ་སར་བཞུགས་པའི་བཀའ་བརྒྱུད་སྤྱི་འཐུས་སྐུ་ཞབས་བསྟན་པ་ཡར་འཕེལ་ལགས་དང་ལྷན་དུ་སྐད་ཆ་མང་པོ་ཞིག་བྱས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

No comments:

Post a Comment