Sunday, February 19, 2012

རྗེའུ་ཧྥུ་དང་མཉམ་དུ་དགོང་ཟས་ཟོས་པའི་ཉིན་མོ།

ཨ་རིའི་ཤ་མེད་ཟ་ཁང་ཞིག་ནང་དུ་དགོང་ཟས་སྐབས་སུ།
ཞོགས་པ་ཆུ་ཚོད་བདུན་པའི་སྐབས་སུ་ལངས་ནས་ངོས་ཀྱི་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཚེ་ལས་འདས་མ་ཨ་ཕྱི་རྒན་མོ་དེ་ཉིད་ཀྱི་ཆེད་དུ་འོད་དཔག་མེད་ཀྱི་ཆོ་ག་ཚར་གསུམ་བཏོན་ནས་བསྔོ་སྨོན་སོགས་གང་དྲག་བྱས་ཤིང་འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་མདོར་བསྡུས་ལ་རོལ། དེ་ནས་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ངོས་ཀྱི་སྙིང་ནས་གཅེས་པའི་ཉི་ཧོང་ཨ་མ་རྒན་མོ་སུ་སིན་ནམ་ཆོས་མིང་དུ་ཀུན་བཟང་དབང་མོ་རེད་འདུག་མོ་རང་གི་བུ་ཁྱིམ་དུ་གཞིས་སྐོར་དུ་སླེབས་ནས་དེ་རིང་ཉིན་ཐ་མ་ཡིན་སྟབས་སུ་སིན་ནས་བུ་ད་ལྟ་ནང་ལ་འགྲོ་ཆེས་བྱེད་ཀྱི་འདུག་ཟེར་བ་དང་མཉམ་དུ་བུ་ནས་ཁ་པར་བླངས་ཤིང་ཁོང་ནས་གསུངས་ན་དེ་རིང་ཁོ་རང་ནང་དུ་ལོགས་དགོས་ཡོད་ལས་ཀའི་གུང་སང་ཉིན་གཉིས་ལས་མ་གཏོགས་མེད་ཁྱོད་རང་ཡག་པོ་བཞུགས་ཟེར་བས་ངོས་ཀྱི་བསྡད་སར་སུ་སིན་གི་ནང་ལ་སྐར་མ་གསུམ་ལས་མི་དགོས་སྟབས་ང་ད་ལྟ་ཁྱེད་རང་ལ་ཐུག་འཕྲད་ལ་ཡོང་གི་ཡིན་ཟེར་ནས་དེ་མ་ཐག་ཏུ་ཁྱིམ་མཚེས་སུ་སིན་གི་ནང་དུ་སོང་ནས་བོད་ཀྱི་ལུགས་སྲོལ་ལྟར་དུ་སྐེ་ལ་ཁ་གཏགས་ཞིག་བཀོན་ལག་ཏུ་ཁོ་རང་ནས་དད་མོས་བྱེད་ས་༧ གོང་ས་མཆོག་གི་སྐུ་པར་ཞིག་དང་ཉེ་ཆར་འབྲུག་ནས་གཏང་བའི་སྤོས་ཆག་ཞིག་བཅས་སྤྲད་པས་ཁོ་རང་ཧ་ཅང་དགའ་བོ་བྱུང་སོང་། དེ་ནས་ཁོང་མ་བུ་གསུམ་དང་སྐད་ཆ་རྒྱུན་རིང་བྱས་ནས་མཐར་ཁོ་རང་ཕེབས་སྐྱེལ་དུ་ཡུལ་ལུང་འདི་ཡི་ལུགས་སྲོལ་ལྟར་དུ་འཐམ་འཁྱུད་དང་ལག་གཡུགས་སོགས་ཅི་རིགས་བསྐྱེལ་བྱས་ཁོ་རང་ཡང་ལོ་གཅིག་ནང་ནས་མ་དང་སྤུན་མཆེད་ལ་འཕྲད་པ་ཐེངས་གཅིག་ཙམ་ཡིན་སྟབས་མ་ལ་བརྩེ་བའི་རྣམ་འགྱུར་གྱིས་འབྲལ་མི་ཕོད་པ་ལྟ་བུར་བྱེད་ཀྱི་འདུག སུ་སིན་ནི་ཕ་ཡུལ་ཉི་ཧོང་ནས་ཡིན་པའི་བུད་མེད་ཧ་ཅང་བསམ་བཟང་དང་མ་ཟད་ཆོས་ལ་དད་འདུན་ཆེན་པོ་ཡོད་མཁན་ཞིག་དང་ཁྱད་པར་དུ་ངོས་ལ་ར་གན་གསེར་རློམ་གྱི་འདུ་ཤེས་ཀྱིས་དད་ལྡན་ཆོས་མ་རྣམ་དག་ཞིག་ཡིན། མོ་རང་ཨ་རིར་སླེབས་ནས་ཕལ་ཆེར་མི་ལོ་ཧྲིལ་པོ་ལྔ་བཅུ་ཙམ་འགྲོ་སྐད་འདུག མོ་རང་ཆོ་ག་དེ་ཕ་ཡུལ་ཇོར་མན་ནས་ཡིན་པ་རེད་འདུག ཆོ་ག་གྲོང་ནས་ལོ་གྲངས་བཅུ་གསུམ་ཙམ་ཡིན་སྐད་འདུག མོ་རང་ལ་བུ་གཉིས་ཡོད་པ་བུ་ཆེ་བ་མོ་རང་མཉམ་དུ་བསྡད་ཡོད་པ་དང་ བུ་ཆུང་བ་ས་གནས་འདིར་རླངས་འཁོར་ཆུ་ཚོད་གསུམ་ཙམ་གྱི་སར་ཡོད་པ་རེད། སུ་སིན་མོ་རང་ད་ལོར་ལོ་གྲངས་བརྒྱད་བཅུ་གྱ་གཉིས་ཡིན་ཀྱང་ཕར་ལྟས་ཚོད་ལ་གོས་རྣམས་ཉིན་ལྟར་དུ་གཙང་མ་གྱོན་ཅིང་གཟུགས་པོའི་གཟོ་ལྟ་ལེགས་ཤིང་མོ་ལོ་དྲུག་བཅུ་ཙམ་གྱི་ལས་ཕྱིན་མེད་པ་འདྲ་བོ་ཞིག་ཡོད་པ་མ་ཟད་མོ་རང་རྒན་ཡོལ་ཞུས་ནས་ལོ་གྲངས་ཁ་ཤས་སུ་སོང་བས་ངོས་ས་གནས་གང་དུ་འགྲོ་དགོས་ཀྱང་རླངས་འཁོར་ཁ་ལོ་བ་ཡིན་པ་མ་ཟད་ང་ཚོའི་ཆོས་ཚོགས་ཀྱི་གཟའ་ཟླ་བའི་འཆར་ཅན་བདེ་ཆེན་ཞིང་སྒྲུབས་ཀྱི་མཆོད་དཔོན་ཀྱང་ཡིན། དེ་ནས་ཉིན་རྒྱབ་ཆུ་ཚོད་ལྔ་པའི་སྐབས་སུ་ངོས་ཀྱི་དགེ་ཕྲུག་རྗེ་ཧྥུ་ནས་སྔར་ཉིན་ནས་དགོང་ཟས་སུ་ཤ་མེད་ཨ་རིའི་ཟ་ཁང་ཞིག་ནང་འགྲོ་རྒྱུ་བྱས་ཡོད་སྟབས་སུ་སིན་ངེད་གཉིས་དེར་སོང་བས་ཟ་ཁང་ནང་ནས་གང་འདོད་ཟ་ཆོག་པའི་ཟས་རིགས་མང་པོའི་ནང་ནས་སོ་སོར་གང་དགའ་བདམས་ནས་དགོང་ཟས་འགྲང་ཚད་ཅིག་ཟོས་ནས་ནང་དུ་འབྱོར་ཞིང་འཛམ་གླིང་གི་སྒེའུ་ཁུངས་ནང་ནས་རྒྱངས་ལྟ་ཞིག་བྱས་པས་དེ་ནི་དེང་སང་བོད་འགུ་ལོག་གཙོར་བྱས་པའི་ས་གནས་མང་པོ་ཞིག་ནས་གྲྭ་བཙུན་མང་པོ་ཞིག་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་གཟུགས་པོ་མེ་མཆོད་དུ་ཕུལ་བ་དེ་ལ་རྒྱ་གར་བོད་ཀྱི་གཞོན་ནུ་ཚོགས་པ་ནས་ལོ་སར་དུས་ཆེན་སྐབས་ནས་བཟུང་སྟེ་བོད་རང་བཙན་མ་ཐོབ་ཀྱི་བར་དུ་རྒྱ་ནག་དམར་པོའི་སྐར་ལྔའི་དར་ཆ་ཉིད་མེ་ལ་བསྲེགས་རྒྱུའི་ལས་འགུལ་སྤེལ་རྒྱུའི་གསར་བསྒྲགས་དེ་མཐོང་བ་དང་མཉམ་དུ་ངོས་ཀྱི་སེམས་ལ་མ་བདེ་བ་ཞིག་བྱུང་། གང་ཡིན་ཟེར་ན་གཅིག་ནི་ང་ཚོའི་དབུ་ཁྲིད་གོང་ས་མཆོག་གཙོར་བྱས་པའི་བོད་རིགས་ཡོངས་ནས་འཚེ་མེད་ཞི་བའི་ལས་འགུལ་ལ་འགྲོ་བཞིན་པ་རེད་ཐབས་ལམ་དེ་ཉིད་ཀྱིས་རྒྱུད་ནས་རྒྱལ་ཕྱི་ནང་མང་པོ་ཞིག་ནས་རྒྱབ་སྐྱོར་ཚད་ཇེ་མཐོར་འགྲོ་ཞིང་། མ་ཟད་རྒྱ་ནག་ནང་ཁུལ་རྒྱ་རིགས་ཤེས་ཡོན་ཅན་དང་རྒྱུ་རྩལ་བ་སོགས་མང་པོ་ཞིག་ཀྱང་ཉིན་རེ་བཞིན་དུ་བློ་སེམས་འགྱུར་བ་འགྲོ་ནས་བོད་ལ་རྒྱབ་སྐྱོར་བྱེད་བཞིན་པ་འདིའང་དེ་ཡི་བཀའ་དྲིན་ཉག་གཅིག་ཡིན་པ་རེད། གཉིས་སུ་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་བའི་ལས་འགུལ་སྤེལ་ན་ད་ལྟ་ང་ཚོ་ལ་རྒྱབ་སྐྱོར་ཡོད་བཞིན་པ་དང་ཉིན་རེ་ནས་ཇེ་མང་དུ་འགྲོ་བཞིན་པའི་རྒྱ་རིགས་སྤུན་ཟླ་རྣམ་པའི་སེམས་ཁུངས་སུ་ཆུ་གྲངས་བླུགས་པ་ལྟ་བུའི་ན་ཟུག་འཕར་མ་ཞིག་སྤྲད་པ་རེད། རྒྱལ་དར་ནི་རྒྱལ་ཁབ་དང་མི་མང་མཚོན་བྱེད་ལས་རྒྱལ་ཁབ་ཀྱི་སྲིད་གཞུང་གཅིག་པུའི་མཚོན་དོན་ཞིག་གཏན་ནས་མིན། ང་ཚོའི་དགྲ་ཁ་གཏད་དེ་ད་ལྟའི་གུང་ཕྲན་སྲིད་གཞུང་དམར་ཤོག་ཚོགས་པའི་རྒྱ་རྒན་ཁ་ཤས་ལས་རྒྱ་ནག་མི་མང་གཏན་ནས་མིན་པ་ནི་ལོང་བས་ལྟས་ཀྱང་རྒྱལ་ཁམས་ཡུལ་གསལ་ཞེས་པ་ལྟར་དུ་རེད། ང་ཚོའི་འཐབ་རྩོད་འདི་ལ་རྒྱབ་གཉེར་མེད་དུ་མི་རུང་བ་དེ་རྒྱ་ནག་མི་མང་རེད། དེ་ལ་དགོངས་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་འཛམ་གླིང་གང་སར་༼བོད་རྒྱ་མཛའ་འབྲེལ་ཚོགས་པ༽ཞེས་པ་མང་པོ་ཞིག་གསར་འཛུག་གནང་ཞིང་དེའི་བརྒྱུད་ནས་བོད་དོན་ལ་དོ་སྣང་བྱེད་མཁན་ཉིན་རེ་བཞིན་དུ་ཇེ་མང་ལ་འགྲོ་བཞིན་ཡོད། ངོས་དབང་མེད་དེ་ཁ་མང་། གཡོག་ངན་དེ་ལྟོ་ཆེ་ཞེས་པའི་གཏམ་དཔེ་ལས་མ་འདས་ཀྱང་གཞོན་ནུ་ཚོགས་པས་བོད་བསྟན་སྲིད་ཀྱི་དོན་དུ་ལས་འགུལ་སྤེལ་བར་ཧ་ཅང་དགེ་མཚན་ཆེ་ཡང་ལས་འགུལ་སྤེལ་སྟངས་མ་ཤེས་ན་ཕན་ལས་གནོད་ཆེ་བས་ད་རེས་ཧ་ཅང་ཐུགས་བསམ་ནན་པོ་གཏོང་དགོས་འདུག་སྙམ། དེ་ནས་དེ་རིང་གི་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

No comments:

Post a Comment