Wednesday, February 22, 2012

བོད་ཆུ་འབྲུག་ལོའི་གནམ་ལོ་གསར་བཞད་ཉིན་མོ།

མྱ་ངན་གྱི་ལོ་གསར་ཉིན་མོ་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན།
ཞོགས་པ་སྔ་བོར་ལངས་ནས་སོ་གདོང་སོགས་བཀྲུ་གཤལ་གཙང་མ་བྱས་ནས་ཞོགས་འདོན་རྣམས་ཚར་བར་བྱས་ཤིང་འོག་ཤོད་ཐབ་ཚང་ནང་དུ་སོང་ནས་ཞོགས་ཟས་ལ་རོལ་བཞིན་པའི་སྐབས་སུ་སྔ་ན་མེད་པའི་དེ་རིང་ཁ་པར་གྱི་ཏིར་སྒྲ་རྒྱུན་ཆད་མེད་པ་ཞིག་ཡོད་པ་དེ་ནི་རྒྱ་གར་དང་། བལ་ཡུལ། བོད། དབྱིན་ལན་སོགས་འཛམ་གླིང་གང་སར་ངོས་ཀྱི་སྤུན་མཆེད་རྣམས་བྲམ་ཟེས་ཤ་ཁྲག་སྟོར་བ་ནང་བཞིན་གང་སར་ཁྱབ་ནས་ཡོད་པས་ཁོང་ཚོ་རེད་འདུག ཉིན་མོ་འདི་ནི་བོད་ཆུ་འབྲུག་ལོའི་གནམ་ལོ་གསར་བཞད་ཀྱི་ཉིན་མོ་ཞིག་ཡིན་སྟབས་ཁོང་ཚོའི་ང་ལ་ཁམས་འདྲི་དང་ལོ་གསར་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་སྨོན་ཚིག་དེ་རེད།  
ལར་ནི་སྐལ་པ་ཡ་ཐོག་གོང་མར་༡༩༥༩ ལོའི་ཡར་སྔོན་བོད་རིགས་རྣམས་ལ་ཕྱི་དངོས་པོའི་དཔལ་འབྱོར་དང་། ཚན་དཔལ་རིགས་གསུམ་གྱིས་ཧ་ཅང་ཕྱུགས་པོ་ཞིག་མ་ཡིན་ཀྱང་ཟླུམ་གཟུགས་གོ་ལའི་སྒང་ནས་སེམས་ཀྱི་ཞི་བདེའི་རྒྱ་མཚོ་འཁྱིལ་སའི་རྒྱལ་ཁབ་གཅིག་ཞེས་འབོད་ཆོག་པར་སྣང་། སྐབས་དེ་དུས་བོད་རིགས་རྣམས་ཀྱིས་ལོ་གསར་གྱི་དུས་ཆེན་འདི་ལ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ནས་སྲོལ་རྒྱུན་གྱི་ལུགས་སྲོལ་དང་མཐུན་པར་ཉིན་དང་པོར་སྔ་ནས་ལངས་ཞིང་ཕོ་མོའི་ཆས་གོས་དང་རྒྱན་ཆས་སོགས་འདོགས་ནས་ནང་མི་དང་ལྷན་དུ་དང་པོ་ཕྱེ་མར་དང་བཀྲ་ཤིས་པའི་འབྲས་སིལ་མར་ཁུའམ་གྲོ་མ་མར་ཁུ་སོགས་བཟའ་སྲོལ་ཡོད། དེ་ནས་རིམ་བཞིན་ནང་མི་རྣམས་ཀྱིས་རྒན་བཀུར་གཞོན་སྐྱོང་ངང་ནས་འཆམ་མཐུན་གྱིས་ནང་དུ་ཕན་ཚུན་གཏམ་གླེང་དང་ཤོ་རྒྱན་སོགས་བྱེད་ནས་ནང་དུ་འདུག་སྲོལ་ཡོད། ཉིན་གཉིས་པ་དང་གསུམ་པའི་སྐབས་སུ་རིམ་བཞིན་སོ་སོའི་ཉེ་འབྲེལ་དགའ་རོགས་སོགས་ལ་ལག་པ་སྟོང་པ་མ་ཡིན་པར་སོ་སོའི་འོས་ཚོད་དང་མཐུན་པར་མཚམས་གཏགས་སམ་རྔན་པ་ཁྱེར་ནས་ཕན་ཚུན་འགྲུལ་བཞུད་བྱེད་ཅིང་དགོན་པ་སོགས་ཀྱི་ནང་དུ་འགྲོ་ནས་ལྷ་གསང་གཏོང་བ་དང་རྟེན་ལ་མཆོད་པ་འབུལ་ཞིང་སོ་སོའི་རིགས་བདག་བླ་སྤྲུལ་རྣམས་ལ་ཁ་གཏགས་དང་འོས་བབས་དང་མཐུན་པའི་འབུལ་བ་བྱེད་ཅིང་། ལོ་གསར་གྱི་དུས་ཡུན་ཀྱང་ཡུལ་ལུང་སོ་སོའི་འགྲོས་དང་ཁོམ་ལོངས་དང་བསྟུན་ནས་མང་ན་ཉིན་ཞག་ཉི་ཤུ་ཙམ་དང་ཐ་ན་ཡང་ཉིན་གྲངས་གསུམ་ཙམ་རིང་ཡུལ་མི་གྲོང་ཁྱིམ་རྫོང་སྡེ་སོགས་ནས། རྟ་རྒྱུགས། བྲོ་རྡུང་། གླུ་ལེན། གར་འཁྲབ། མེ་འཕེན། ཤུགས་ངོམས། རྒྱུགས་ཤར། ཐག་འཐེན་སོགས་རྩེད་རིགས་མི་གཅིག་པ་སྣ་ཚོགས་ཀྱིས་གང་ལྟར་རྒན་པོ་ལོ་བརྒྱ་བཅུ་མན་ཆོད་དང་བྱིས་པ་ལོ་གསུམ་ཡན་ཆོད་ལ་ལོ་གསར་ཞེས་པའི་དུས་ཆེན་འདི་ཡི་སྐབས་སུ་ལྷ་ཡི་ཞིང་ཁམས་མི་ཡུལ་དུ་འཕོས་པ་ལྟ་བུའི་ཆེས་དགའ་སྐྱིད་ལྡན་པའི་ནམ་ཡང་བརྗེད་མེད་སྐྱིད་པའི་དུས་ཆེན་ཞིག་དང་མ་ཟད་བོད་ཀྱི་རིག་གཞུང་གི་ངོ་བོ་སྲུང་རྩི་བྱེད་པའི་དུས་སྟོན་ཀྱང་རྩ་ཆེ་ཤོས་ཞིག་ཀྱང་ཡིན། 
ཡིན་ནའང་བོད་མི་སྤྱི་མཐུན་གྱི་ལས་དང་བསོད་ནམས་སོགས་མར་ངོའི་ཟླ་བ་བཞིན་དུ་ཟད་པ་དང་། མ་ཟད་འབྱོར་བའི་ཐ་མ་རྒུད་ཞེས་པ་ལྟར་༡༩༥༩་ལོ་ནག་པོ་དེ་ནས་བཟུང་སྟེ་བོད་ས་ཡོངས་སུ་རྫོགས་པར་བསད་རྡུང་མནར་གཅོད་སོགས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་མར་མར་རིམ་བཞིན་ལོ་རེ་བཞིན་དུ་ད་བར་དུ་ཆེས་མྱ་ངན་དང་མུན་ནག་གི་ལོ་ཞིག་ཏུ་སྲུང་རྩི་བྱེད་དགོས་པ་བྱུང་ཡོད་པ་ནི་འདས་ཟིན་པའི་མི་ལོ་དྲུག་བཅུ་ལ་ཕྱི་མིག་ཞིག་བལྟས་ན་ད་གཟོད་གཞི་ནས་གསལ། ལྷག་པར་དུ་ཉིས་སྟོང་བརྒྱད་ལོའི་ས་བྱིའི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་སྟེ་ད་བར་འདས་པའི་མི་ལོ་བཞི་ལ་ལོ་གསར་ཞེས་སྐྱིད་པའི་དགའ་སྟོན་དེ་ཉིད་ཀྱང་སྡུག་བསྔལ་གྱི་ཉིན་མོ་དམིགས་བསལ་བ་ཞིག་ཏུ་འགྱུར་ནས་བོད་གཞི་བྱེས་གཉིས་ཀྱིས་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་གྱི་མཆོད་གསོལ་སྨོན་ལམ་ཙམ་ལས་གཞས་སྣ་འཁྲབ་སྟོན་ཕར་ཞོག ལྷག་པར་འདི་ལོར་ཁ་སང་བཞུགས་སྒར་རྡ་རམ་ས་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུར་བཞུགས་ཐོག་བོད་གཞུང་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བོད་གཞུང་དམངས་གཉིས་ནས་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གནང་བ་མ་ཟད་འཛམ་གླིང་གང་སར་བོད་རིགས་ཡུར་གྱར་བ་རྣམས་ནས༼མུན་ནག་གི་ལོ༽ཞེས་པ་དང་། ༼སྤུན་ཟླ་མེར་བསྲེགས་ཀྱི་ལོ་༽ ཞེས་པ་སོགས་སྒྱུ་རྩལ་རྣམ་པ་མི་འདྲ་བ་མང་པོའི་སྒོ་ནས་མྱ་ངན་གྱི་ལོ་གསར་ལ་སྲུང་རྩི་བྱས་ཡོད། 
ངོས་ནས་ཀྱང་གཟུགས་པོའི་ཚོད་དཀྱིལ་དཀྲུང་གི་དཔེ་ལྟར་སྔ་ནས་གྲ་བསྒྲིགས་བྱས་ཟིན་པ་ལྟར་ས་གནས་འདིར་བོད་རིགས་གསུམ་གཅིག་པུ་མ་གཏོགས་མེད་ཀྱང་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན་དུ་འཛོམས་ནས་མི་གྲངས་ཉིན་ཤུ་རྩ་གྲངས་ཞིག་འདུག་པས་དང་པོ་གོང་ས་མཆོག་སྐུ་པར་རིན་པོ་ཆེར་མཇལ་དར་ཕུལ། དེ་ནས་ཉེ་ཆར་བོད་ནས་མེ་བསྲེགས་གཏང་བའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་གི་ཆེད་དུ་ངག་བཅད་སྐར་མ་གཅིག་བྱས་ནས་མྱ་ངན་ཞུས་མཐར། ༼བདེན་ཚིག་སྨོན་ལམ་༽ཉིད་རྟ་དབྱངས་ཀྱིས་སྐྱོར། ངོས་ཀྱི་སྐད་བསྒྱུར་ནས་བདེན་ཚིག་སྨོན་ལམ་གྱི་ནང་དོན་འགྲེལ་བཤད་གནང་སོང་བས་མི་མང་པོ་ཞིག་ནས་མིག་ཆུ་གཏོང་བཞིན་འདུག དེ་ནས་ངོས་ཀྱི་དབྱིན་ཇི་གོབ་ཏོ་དེ་སྐྱོན་ནས་ངོ་ཚ་མེད་པར་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་འགྲེལ་བཤད་ཐུང་ཙམ་བྱས་ནས་ཉེ་ཆར་བོད་རིགས་ཉི་ཤུ་རྩ་ལྔས་སྐུ་ལུས་མེར་བསྲེགས་གཏང་བའི་ཕྱེད་པར་དང་། ལོ་གྲངས་མིང་དང་བཅས་པ་ཚང་མ་མཉམ་དུ་ཡོད་པའི་card འམ་བྱང་བུ་ཞིག་བཟོས་ཡོད་པས་ཚང་མར་འགྲེམས་སྤེལ་བྱས། དེ་ནས་མེར་བསྲེགས་ཀྱི་འོག་ཏུ་རྒྱལ་གཅེས་འདས་པོ་འདས་མོ་དེ་རྣམས་ཀྱི་ཆེད་དུ། བདེ་ཆེན་ཞིང་སྒྲུབ་བསྡུས་པ་ཞིག་བཏོན་ནས་བསྔོ་སྨོན་སོགས་ཀྱི་མཐའ་རྒྱན་ནས་ཟུར་དུ་སོ་སོའི་ནང་ནས་ཁུར་ཡོང་བའི་ཟས་རིགས་སོགས་ལ་མཉམ་རོལ་བྱས་ནས་ཆུ་ཚོད་བཞི་པའི་སྐབས་སུ་འདི་ལོའི་མྱ་ངན་གྱི་ལོ་གསར་དེ་གནས་སྐབས་མཇུག་བསྒྲིལ། 
ངོས་ཀྱི་སློབ་མ་རྗེ་ཧྥུའི་ངོ་ཆེན་ལྟར་དུ་དེ་རིང་ཆུ་ཚོད་བདུན་པའི་སྐབས་སུ་ངོ་ཤེས་རྙིང་པ་ལུས་སྦྱོང་ངམ་ཡོ་གའི་དགེ་རྒན་ལྟས་ཚོད་ལ་རྒྱ་གར་འདྲ་བོ་ཨ་རི་བ་མི་རྒན་ཁ་སྤུ་ཅན་ཞིག་ཡོད་པ་དེ་ཡི་ཡོ་གའི་ལུས་རྩལ་ཁང་ལ་འགྲོ་རྒྱུ་ཁས་ལེན་བྱས་ནས་དེར་སོང། ཁོ་རང་ཚོའི་འདོད་པ་ལ་དེ་རིང་ཡོ་གའི་ལུས་རྩལ་ཁང་ནང་དུ་ངོས་ལ་ཨ་མི་དྷེ་ཝའི་བསྙེན་དབྱངས་དགོས་པ་དེ་རེད་འདུག ངོས་ནས་ཀྱང་དབྱིན་ཇི་ཆག་རོ་དེ་སྐྱོན་ནས་ཚང་མར་ཁམས་འདྲི་དང་སྦྲགས་ནས་དེ་རིང་བོད་ཀྱི་ལོ་གསར་གྱི་འགྲེལ་བཤད་ཐུང་ཙམ་ཞོར་དུ་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་དང་ཆབས་གཅིག་ཏུ་འོད་དཔག་མེད་ཀྱི་ལོ་རྒྱུས་མདོར་བསྡུས་དང་ཕན་ཡོན་བཅས་མཐར་ཨ་མི་དྷེ་ཝའི་བསྙེན་དབྱངས་མེ་གོའི་མཛུབ་གནོན་སྒྲ་སྙན་ནམ་ piano གདངས་ཀྱི་རྟ་ལ་སྐྱོན་ནས་མཉམ་དུ་གཏང་བས་མི་མང་ཧ་ཅང་དགའ་བོ་བྱས་སོང་། དེ་ནས་ཕན་ཚུན་གྱེས་བྲལ་གྱི་འཐམ་འཁྱུད་དང་། ལག་འཆང་། ཕྱག་རྒྱ་སོགས་ཅི་རིགས་བྱས་ནས་སུ་སིན་ངེད་གཉིས་རླངས་འཁོར་གྱི་ཁ་མ་རི་ཎའི་ཕྱོགས་སུ་བསྒྱུར་ནས་རྩལ་ཆེན་གྱི་མདའ་འཕངས་པ་བཞིན་དུ་ནང་དུ་འབྱོར་བས་དེ་རིང་ལས་ཀ་མང་བའི་རྐྱེན་གྱིས་དཀའ་ལས་ཁ་ནས་ཤི་གྲབ་འདྲ་བྱེད་ཀྱི་འདུག་ཀྱང་ཨུ་ཚུགས་ཀྱིས་དེ་རིང་གི་ཉིན་ཐོ་དེ་མ་ཆད་ཙམ་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།  

1 comment:

  1. བོད་ཆུ་འབྲུགས་ལོའི་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ།

    ReplyDelete