Friday, February 24, 2012

བདེན་པ་བཞི་ཡི་ཆོས་བཤད་བྱས་པའི་ཉིན་མོ།

མཉམ་མེད་ཤཀྱའི་རྒྱལ་པོ་ཟས་གཙང་སྲས།
ད་ནུབ་གཉིད་གཏན་ནས་ཁུག་མ་སོང་གང་ཡིན་ཞེ་ན། ཉིན་གཉིས་སྔོན་ལོ་གསར་སྐབས་སུ་མི་མང་ནས་ཟས་རིགས་མི་འདྲ་བ་མང་པོ་ཞིག་ཁུར་འདུག་སྟབས་ངོས་ནས་ཕྲན་ཙམ་ཟོས་པས་ཟས་དུག་གྱུར་ནས་ཁ་སང་བྲོད་ཁོག་བདེ་བོ་གཏན་ནས་མི་འདུག་འོན་ཀྱང་སྣང་ཆུང་བྱས་ནས་ཆུ་ཚ་བོ་འདྲ་འཐུང་བ་ལས་དམིགས་བསལ་སྨན་སོགས་གང་ཡང་ཐབས་ཤེས་མ་བྱས་སྟབས་ད་ནུབ་ཆུ་ཚོད་དང་པོའི་སྐབས་སུ་ནས་ངོས་ཀྱི་བྲོད་གོག་ནང་ནས་འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཁྲུགས་འདྲ་བྱས་ནས་གོག་གོག་དང་རྡིང་རྡིང་གི་སྒྲ་རྒྱུན་མི་ཆད་པ་ཞིག་བྱས་ནས་མཐར་ཆབ་ཁང་ནང་དུ་ཐེངས་མ་ལྔ་ཙམ་འགྲོ་དགོས་བྱུང་སོང་། ཆབ་ཁང་ནང་ལ་སོང་ཚར་བའི་སྐབས་སུ་བྲོད་གོག་ནང་ནས་ན་ཟུག་ཧ་ཅང་ཆེན་པོ་གཏོང་གི་འདུག ད་ནང་ཞོགས་པ་ཆུ་ཚོད་བཞི་པའི་སྐབས་སུ་ལངས་ནས་ཆུ་ཚ་བོ་ཞིག་བཀོལ་ནས་འཐུང་ཞིང་ན་སྲན་འདྲ་བྱས་ནས་ནམ་མ་ལངས་བར་སྒུག་བསྡད་པ་ཡིན། ནམ་ལངས་པ་དང་མཉམ་དུ་ངོས་ཀྱི་དགེ་ཕྲུག་ཆོས་མིང་དུ་རིན་ཆེན་ཆོས་སྒྲོན་ནམ། ཡུལ་མིང་དུ་ཀིམ་ལ་སྨན་སློང་བས་སྨན་ནག་པོ་ཆག་པ་ཞིག་སྤྲད་བྱུང་ཞིང་ཆུ་ཚ་བོའི་ལྷན་དུ་ཟོས་པས་ཅུང་ཕན་པོ་བྱུང་། དེ་རིང་ངོས་ལ་སེམས་ཁྲལ་ཞིག་ཡོད་པ་དེ་ནི་ཟླ་གཅིག་སྔོན་ནས་གསར་ཤོག་སོགས་མང་པོའི་བརྒྱུད་ནས་ཁྱབ་བསྒྲགས་ཤུགས་ཆེར་བྱས་པའི་བདེན་པ་བཞི་ཡི་ཆོས་བཤད་རྒྱུ་ཞིག་ཡོད་པ་དེ་ཡིན། ད་ནུབ་བྲོད་གོག་གཤལ་ཐེངས་མང་དྲག་ནས་ཟས་རོ་དང་མ་ཟད་མཐར་ཁྲག་དང་བཅས་པ་གཤལ་ནས་ངོས་ཀྱི་བྲོད་གོག་ནང་དུ་ཟས་ཀྱི་དྲི་ཙམ་ཡང་མེད་པར་གྱུར་ནས་བྲོད་གོག་སྟོང་ལྷབ་བེ་འདྲ་ཞིག་རེད་འདུག དེ་ནས་ཨ་མ་ཀུན་བཟང་དབང་མོའམ་སུ་སིན་ལ་ཁ་པར་ཞིག་གཏང་ནས་འབྲས་ཐུག་བཀོལ་རོགས་ཟེར་བས་སུ་སིན་ནས་འབྲས་ཐུག་ཞིམ་པོ་བཀོལ་བྱུང་བས་དེ་འཐུང་ནས་ཀིམ་ནས་སྤྲད་པའི་སྨན་དེ་གང་མང་ཞིག་ཟོས་ནས་གཉིད་དུ་ཡུར་བས་ཅུང་ཕན་པོ་འདྲ་ཞིག་རེད་འདུག དེ་ནས་ཉིན་རྒྱབ་ཆུ་ཚོད་བཞི་པའི་སྐབས་སུ་ངོས་ཀྱི་སློབ་མ་ཆོས་མིང་དུ་ཀརྨ་བློ་བཟང་ངམ། ཡུལ་མིང་དུ་ཌོག་གེ་སླེབས་ནས་ཁོ་རང་ནས་ཀྱང་སྨན་དམིགས་བསལ་ཞིག་སྤྲད་བྱུང་བས་སྨན་ཟོས་ནས་ཆོས་བཤད་ས་རུ་སོང་བས་དེ་རིང་ནི་མི་མང་གིས་ཚོགས་ཁང་ཡོངས་སུ་ཁེངས་ནས་རྗེས་ནས་སླེབས་མཁན་རྣམས་ལ་རྐུབ་སྟེགས་མ་ཐོབ་པའི་དཀའ་ངལ་འདུག མི་གྲངས་དྲུག་བཅུ་ཙམ་གྱིས་ཚོགས་ཁང་ཡོངས་སུ་ཁེངས་སོང་། མི་མང་ཤོས་ནི་གསར་པ་ཤ་སྟག་རེད་འདུག དེ་རིང་ཆོས་ཐུན་བརྗོད་བྱ་བདེན་པ་བཞིའི་སྐོར་ཡིན་པས་སྔོན་འགྲོ་ཀུན་སློང་བཅོས་སྟངས་ནས་དངོས་བཞི་བདེན་པ་བཞི་བཅས་སྐད་བསྒྱུར་བརྒྱུད་ནས་འགྲེལ་བཤད་བྱས་པས་མི་མང་ནས་དགའ་བོ་བྱས་སོང་། དེ་ནས་དྲི་བ་དྲི་ལན་སོགས་སྐར་མ་ཁ་ཤས་བྱས་ནས་བསྔོ་བ་སྨོན་ལམ་སོགས་ཀྱིས་མཐའ་རྒྱན་ནས་དེ་རིང་གི་ཆོས་ཐུན་དེ་གནས་སྐབས་བཀྲ་ཤིས་བདེ་ལེགས་ཀྱིས་མཐའ་གྲུབ་སོང་། དགེ་སློབ་ཡོངས་དང་ལྷན་འདྲ་པར་སོགས་མཉམ་དུ་སྐྱོན་ནས་ཟུར་གཅར་སོགས་ལ་སྐད་ཆ་དང་ངོ་སྤྲོད་སོགས་བྱས་ནས་མཐར་ཕན་ཚུན་གྱེས་བྲལ་གྱིས་ཕྱག་རྒྱ་དང་། ལག་གཡུགས་སོགས་ཅི་རིགས་བྱས་ཤིང་ངོས་ཀྱང་ནང་དུ་འབྱོར་ནས་དེ་རིང་ཟིན་བྲིས་མདོར་བསྡུས་ཞིག་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

No comments:

Post a Comment